fbpx

Tibetan Royal Year of 2150 | Year of the Water Rabbit

Uncategorized

རེས་གཟའ་ལྷག་པ། ༢༠༢༣།༠༢།༠༡

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་ལེན་བྱེད་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་གནང་བ། བོད་ནང་དྲ་རྒྱའི་ཆ་འཕྲིན་གྱི་དོ་དམ་ཁྲིམས་སྲོལ་ཟེར་བ་ལག་བསྟར་བརྒྱུད་དྲ་རྒྱའི་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རེད་འདུག བཀའ་སྤྱི་གཉིས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ Petr Pavel མཆོག་ལ་འཚམས་འདྲི་གནང་བ། བཞུགས་སྒར་དུ་པར་རིས་འགྲེམས་སྟོན་བརྒྱུད་ Thermo Fisher བཟོ་ཚོང་ཁང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་བཙོང་རྒྱུ་མཚམས་འཇོག་དགོས་པའི་ནན་སྐུལ་གནང་བ། འཕགས་བོད་ས་མཚམས་ཀྱི་ད་ལྟའི་གནས་བབ་སྐོར་ལ་དྭགས་འབྲོག་སར་གནས་བཞུགས་རིག་འཛིན་བསྟན་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བ། Wednesday 01/02/2023 Tibetan students protest against Thermo Fisher for mass DNA collection in Tibet China’s new cyber security law in Tibet to increase clampdown and online monitoring CTA congratulates Czech President Elect Petr Pavel Photo exhibition highlights China’s theft of Tibetan DNA In conversation with Demchok native on current India-China situation at the border    

བྱམས་སྙིང་རྗེ་ནི་སྤྱི་ཚོགས་གཞི་རྟེན་གྱི་རྨང་གཞི་ཡིན་པར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Indian Institute of Public Administration རྒྱ་གར་སྤྱི་དམངས་འཛིན་སྐྱོང་ལྟེ་གནས་ཁང་གིས་ TN Chaturvedi དྲན་རྟེན་ལེགས་སྦྱར་དབུ་འབྱེད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ཟླ་བ་ ༡ ཚེས་ ༢༡ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ ITO ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་སྤྱི་དམངས་འཛིན་སྐྱོང་ལྟེ་གནས་སུ་བྱམས་སྙིང་རྗེའི་ཐོག་ནས་སྲིད་དབང་སྐྱོང་ཚུལ་སྐོར་ལམ་སྟོན་བཀའ་སློབ་བཀྲིན་སྩལ་ཡོད།དྲན་རྟེན་ལེགས་སྦྱར་གྱི་མཛད་སྒོ་ཐོག་ TN Chaturvedi དམ་པ་ཁོང་གི་ནང་མིས་གཙོས་པའི་རྒྱ་གར་གྱི་འཛིན་སྐྱོང་དང་འབྲེལ་བའི་གནད་ཡོད་མི་སྣ་དང་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་མཁས་དབང་། འབྲེལ་ཡོད་ལས་བྱེད་སོགས་ཁྱོན་མི་གྲངས་ཉིས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་ཡོད་པ་རེད།སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་སྐུ་ན་གཞོན་དུས་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གཙོས་ཤེས་བྱ་ཁག་ལ་སློབ་གཉེར་མཛད་པ་དང་དེ་རྗེས་རྒྱ་གར་དུ་ཆིབས་བསྒྱུར་མཛད་ནས་བཙན་བྱོལ་བ་ཆགས་པ་ནས་བཟུང་ད་བར་རྒྱ་གར་གྱི་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་བཞུགས་ཞག་མཛད་མཛད་བཞིན་པ་ནི་ཤིན་ཏུ་ནས་དགའ་སྤོབས་འོས་པ་ཞིག་ཡིན་ཞེས་བཀའ་སྩལ་ཡོད།རྒྱ་གར་གྱི་རིག་པའི་གཞུང་ལུགས་དེ་ཚོ་ནི་ཤེས་ཡོན་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱིས་མི་ཚེའི་ནང་ཕན་ཐོགས་ཡོད་པ་ཞིག་དང་ལྷག་པར་དུ་མང་གཙོའི་རྒྱལ་ཁབ་འདིའི་ནང་རིས་སུ་མ་མཆིས་པའི་ཆོས་ལུགས་ཚང་མ་མཉམ་གནས་གནང་གི་ཡོད་པར་ཡི་རང་གནང་དགོས་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་མཆོག་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷཾདྷཱི་མཆོག་སྐུ་དངོས་སུ་མཇལ་འཕྲད་མཛད་མྱོང་མེད་ཀྱང་། ཕྱིས་སུ་སྲིད་བློན་ནེཧ་རུ་མཆོག་དང་ཨིནྡྲ་གྷཾདྷཱི་མཆོག།ལཱལ་བྷ་དུར་ཤཱསྟྲཱི་མཆོག་བཅས་དངོས་སུ་མཇལ་མོལ་མཛད་མྱོང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་དབུ་ཁྲིད་ཁོང་རྣམས་ཀྱི་དགོངས་པ་བཞེས་ཕྱོགས་ལ་ཡི་རང་བསྔགས་བརྗོད་གནང་འོས་པའི་ཐུགས་ཚོར་བྱུང་ཞེས་བཀའ་སྩལ་བ་དང་སྦྲགས། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་ནས་ཡོད་པའི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཉིས་ནི་འཛམ་གླིང་གི་འགྲོ་བ་ཀུན་ཙམ་མ་ཟད་སེམས་ཅན་ཐམས་ཅད་ལ་དགོས་མཁོ་ཡོད་པའི་ལྟ་གྲུབ་ཞིག་རེད་ཅེས་དང་། མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་ཧྲིལ་པོ་རྒྱ་གར་གནའ་བོའི་རིག་གཞུང་གི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་བཅས་གོང་འཕེལ་གཏོང་ཐབས་སུ་དགོངས་བཞེས་ཀྱིས་མཛད་པ་བསྐྱངས་དང་སྐྱོང་བཞིན་ཡོད་སྐོར་བཀའ་སྩལ་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་འགྲོ་བ་མིའི་རིགས་ཚང་མ་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས་རང་བྱུང་ཁམས་ཀྱི་ཆ་ནས་ཀྱང་བྱམས་སྙིང་རྗེ་ལྡན་པ་ཞིག་དང་། ལྷག་དོན་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་སྤྱི་ཚོགས་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ལ་དགོངས་བཞེས་གནང་གལ་ཡིན་པར་ལམ་སྟོན་མཛད་ཡོད།གཞི་རྩའི་ལེགས་སྦྱར་དེ་ནི་སྐུ་ཞབས་ TN Chaturvedi དམ་པ་མཆོག་གི་དྲན་རྟེན་ལེགས་སྦྱར་ཐོག་མ་དེ་ཡིན་པ་དང་དམ་པ་ཁོང་ནི་རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་ཚོགས་མི་ཞིག་ཡིན་པར་མ་ཟད། ཁོང་གི་དེ་སྔོན་རྒྱ་གར་དབུས་གཞུང་རྩིས་ཞིབ་ལས་ཁུངས་ཀྱི་སྤྱི་ཁྱབ་གནང་མྱོང་ཡོད་པ་དང་། ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་དང་ཀེ་ར་ལ་གཉིས་ཀྱི་མངའ་སྡེའི་སྤྱི་ཁྱབ་གནང་མྱོང་ཡོད་པ་དང་ལྷག་པར་དུ་ཁོང་ནི་བོད་དོན་ལ་ཞལ་ཞེ་གཉེས་མེད་ཐོག་ནས་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་གར་ཆབ་སྲིད་པའི་གྲས་ཤིག་ཡིན་པ་རེད།ཤེས་རྟོགས་བྱུང་བར་སང་ཉིན་མགོན་པོ་༸གང་ཉིད་མཆོག་ལ་ལྡི་ལི་ཁུལ་གྱི་གནད་ཡོད་ཀྱི་དཔོན་རིགས་ཁག་གཅིག་ནས་ཞལ་མཇལ་ཞུ་ཡི་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་ཧི་མཱ་ཅལ་མངའ་སྡེའི་དྷརྨ་སཱ་ལཱའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་པ་རེད།

བོད་ནང་གཉན་རིམས་འོག་བོད་མི་བགྲེས་སོང་ཉིས་འབུམ་ཉིས་ཁྲི་ཙམ་གྲོངས་སྲིད་པ།

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་ས་གནས་ས་ཐོག་ནས་བོད་མི་ཚོས་འགྲེལ་བརྗོད་གནང་བ་དང་ཉི་ཧོང་དང་བྷ་ཛིལ་ནང་གི་ཉམས་ཞིབ་སྡེ་ཁག་གིས་འདོན་སྤེལ་གནང་བའི་སྙན་ཐོ་ཁག་ཅིག་ལ་གཞིགས་ཏེ་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་གཞུང་གིས་ཉེ་ལམ་གློ་བུར་དུ་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཡོངས་རྫོགས་ཕྱིར་བསྡུ་བྱས་རྐྱེན་བོད་ནང་གཉན་རིམས་འོག་བོད་མི་བགྲེས་སོང་ཉིས་འབུམ་ཉིས་ཁྲི་ཙམ་གྲོངས་ སྲིད་པར་གསུངས་འདུག སྤྱིར་རྒྱ་ནག་ནང་གཉན་རིམས་ཁྲོད་གནས་སྟངས་ཇི་ཆགས་དང་འཆི་སྐྱོན་སོགས་ཀྱི་ཐོག་ལ་ཉམས་ཞིབ་གནང་བའི་སྙན་ཐོ་མང་དག་ཅིག་ཐོན་ཡོད་ཀྱང་བོད་ནང་གི་གཉན་རིམས་ཀྱི་གནས་སྟངས་དང་མི་གྲོངས་པ་བཅས་ཀྱི་སྐོར་སྙན་ཐོ་འདོན་སྤེལ་གནང་བ་ཆེས་ཐོག་མ་དེ་ཆགས་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ COVID And deaths in post Zero COVID Tibet ཞེས་ཤོག་གྲངས་ ༧ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་ལེན་བྱས་པའི་ཉི་ཧོང་གི་ཉམས་ཞིབ་ཁང་ཞིག་གིས་ཞིབ་འཇུག་སྙན་ཐོ་ལུང་འདྲེན་གནང་སྟེ། ལོ་ན་བརྒྱད་ཅུ་ཡན་གྱི་བགྲེས་སོང་རྣམས་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་པའི་འོག་འདས་གྲོངས་སུ་འགྱུར་ཉེན་ཆེན་པོ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་བྷ་ཛིལ་ཉམས་ཞིབ་ཁང་ཞིག་གིས་ལོ་ན་བགྲེས་སོང་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ ༢ བརྒྱབ་པ་དེས་ཕན་ནུས་ཆུང་བ་ཡོད་པར་མངོན་གསལ་དང་འབྲེལ། རྒྱ་གཞུང་གིས་སྔ་ལོར་བོད་ནང་དུ་སྨན་ཁབ་གསུམ་པ་བརྒྱབ་སྐབས་སུ་བགྲེས་སོང་རྣམས་ལ་དེ་ལྟར་མཐུན་རྐྱེན་བསྐྲུན་མེད་ཅེས་གསུངས་པ་དང་ཆབས་ཅིག བོད་ནང་གཉན་རིམས་ཁྲོད་ལོ་ན་ ༦༠ ཡན་གྱི་མི་ ༢༢༠༠༠༠ ཙམ་གྲོངས་སྲིད་པ་དང་དེའི་ཁོངས་ནས་ལོ་ན་ ༨༠ ཡན་གྱི་མི་ ༤༥༠༠༠ ལྷག་གྲོངས་སྲིད་པར་གསུངས་འདུག བོད་ནང་ནས་ཐོན་པའི་པར་དང་བརྙན། ས་གནས་བོད་མིས་འགྲེལ་བརྗོད་གནང་ཁག་ལ་གཞིགས་ན། བོད་ནང་གི་དུར་ས་ཁག་ཏུ་ཉིན་ལྟར་སྐུ་ཕུང་བརྒྱ་ཕྲག་ལྷག་ཞུགས་འབུལ་གནང་གི་ཡོད་པ་དང་མང་ཆེ་བ་ལོ་ན་བགྲེས་པ་ཤ་སྟག་ཆགས་ཡོད་སྐོར་གསལ་འདོན་དང་། རྒྱལ་ས་ལྷ་ས་ལྟ་བུར་མཚོན་ན་ལྷ་སའི་མང་ཚོགས་མང་ཆེ་བར་གཉན་རིམས་ཕོག་པའི་ཁར་ཉིན་ལྟར་གྲོངས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་དངོས་ར་འཕྲོད་ཡོད་སྐོར་བཀོད་འདུག རྩ་བའི་ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོར་གཞིགས་ཚེ་བོད་ནང་ལོ་ན་ ༦༠ ཡན་གྱི་བོད་མི་ ༦༩༣༠༠༠ ཙམ་ཞིག་དང་ལོ་ན་ ༨༠ ཡན་གྱི་མི་ ༨༢༠༠༠ ལྷག་ཙམ་གཉན་རིམས་ཁྲོད་ཉེན་འཚབ་ཆེ་བའི་གྲས་སུ་ཆགས་ཡོད་པ་རེད་འདུག བོད་ནང་ནས་ཕྱིར་འགྱར་བྱུང་བའི་སྒྲ་འཇུག་ཞིག་ཏུ་བོད་མི་ཞིག་གིས་ལྷ་སའི་ཉེ་འཁྲིས་ཀྱི་དུར་སར་སྐུ་ཕུང་ཧ་ཅང་མང་པོ་ཡོད་པ་དང་། ཕྱི་ཟླ་ ༡ ཚེས་ ༢ ཉིན་གཅིག་པོར་སྐུ་ཕུང་ ༡༠༠ ཙམ་སླེབས་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་བོད་མི་ཚོས་གཉན་རིམས་ལ་སྣང་ཆུང་གནང་རྒྱུ་མེད་པའི་གཞེན་བསྐུལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་ཟླ་ ༡ ཚེས་ ༡༤ ནས་གཉན་རིམས་དང་འབྲེལ་བའི་གྲངས་ཐོ་སོགས་ཀྱི་གནས་ཚུལ་སྤེལ་རྒྱུ་རྒྱུན་སྐྱོང་བྱས་པ་དང་འབྲེལ་ནས་རྒྱ་ནག་དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་འདས་པའི་ཟླ་བ་གཅིག་ནང་རྒྱལ་ནང་དུ་གཉན་རིམས་རྐྱེན་གྱིས་མི་ཁྲི་ ༦ ཙམ་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བཤད་ཡོད་ཀྱང་། གྲངས་ཐོར་སྨན་ཁང་དུ་གྲོངས་པ་གཅིག་པོ་ལས་རང་ཁྱིམ་སོགས་སུ་གྲོངས་པ་རྣམས་ཚུད་ཀྱི་མེད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ཁུལ་དུ་མི་གྲོངས་པ་རྣམས་ཀྱི་གྲངས་ཐོ་དེར་བཀོད་མེད་པ་མངོན་གསལ་གནང་ཡོད། རྒྱ་གཞུང་གིས་གློ་བུར་དུ་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཕྱིར་བསྡུ་བྱས་པ་ཙམ་ལས་བོད་ནང་དུ་ངལ་བ་ཆེས་ཆེར་འཕྲད་པའི་གན་སྟངས་རྣམས་ལ་དམ་བསྒྲགས་དང་བོད་མིའི་ཐོག་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་རྐྱེན་ས་གནས་ཀྱི་གནས་སྟངས་དངོས་རྒྱུས་ལོན་གནང་ཐབས་བྲལ་ཡོད་སྟབས། རྒྱ་ནག་གི་སྨན་ཁབ་ཀྱི་ཕན་ནུས་བཅས་ཀྱི་སྐོར་ལ་རང་དབང་ལྡན་པའི་ཐོག་ནས་ས་གནས་རང་གི་གནས་སྟངས་རྒྱུས་ལོན་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་མ་ཐུབ་པ་བར་དུ་ད་ལྟའི་ཆར་བྷ་ཛིལ་ཉམས་ཞིབ་ཁང་གིས་སྤེལ་བའི་སྙན་ཐོར་ཚོད་དཔག་རན་ཤོས་ཆགས་ཀྱི་ཡོད་སྐོར་གསུངས་ཡོད།

རེས་གཟའ་ཟླ་བ། ༢༠༢༣།༠༡།༡༦

ཉན་པ།: Listen ཕབ་ལེན། Download བལ་གཞུང་ནས་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་ལ་ཨ་རིས་དོ་ཁུར་གནང་བཞིན་པ། ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་བླངས་པའི་པར་ཁག་གཅིག་འགྲེམས་སྟོན། ཟླ་བ་གཅིག་ནང་རྒྱ་ནག་ཏུ་གཉན་རིམས་ཕོག་རྐྱེན་མི་ཁྲི་དྲུག་ཙམ་འདས་གྲོངས་སུ་ཕྱིན་པར་མངོན་གསལ། སུད་སི་དང་ལིག་ཏེན་སིཊཡན་བོད་སློབ་དབར་བོད་ཀྱི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ཅན་ངོ་སྤྲོད། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ། Monday 16/01/2023 US keenly watching Nepal’s initiatives in resolving Tibetan refugee issues Truth about Tibet: Chinese engineer’s pictures on 2008 Tibet uprising on display in Washington DC China finally releases Covid data but citizens don’t believe it’s just 60,000 deaths Swiss and Liechtenstein Tibetan holds Cultural competition Introduction to Tibetan Historical figures:  Tsipön Lungshar Dorje Tsegyal,trusted aide of the 13th Dalai Lama      

རེས་གཟའ་སྤེན་པ། ༢༠༢༣།༠༡།༡༤

ཉན་པ།: Listen ཕབ་ལེན། Download བློ་གསར་གཞོན་ནུ། བོད་དོན་དང་འབྲེལ་ལས་འགུལ་སྤེལ་ཕྱོགས། Saturday 14/01/2023 Young Minds: The state of Tibetan youth activism

༸གོང་ས་མཆོག་གི་ཐུགས་རེའི་བརྡ་ལན་ཞིག་འདོན་སྤེལ་དང་བསྟུན་ཕྱི་ལོ་ ༢༠༢༣ ལོའི་ CIRCA ལས་གཞི་དབུ་འབྱེད།

དབྱིན་ཡུལ་ནང་གི་ CIRCA ཞེས་རིག་གཞུང་དང་དེང་དུས་སྒྱུ་རྩལ་གྱི་ལྟེ་གནས་ཁང་གིས་དེ་རིང་ཕྱི་དྲོ་རྒྱལ་ཁབ་དྲུག་ནང་གི་མང་ཚོགས་འདུ་འཛོམས་ཆེ་བའི་གྲོང་ཁྱེར་དྲུག་ནང་གི་བརྡ་ཁྱབ་བྱང་བུ་འདྲ་མིན་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཐུགས་རེའི་བརྡ་ལན་ཞིག་འདོན་སྤེལ་དང་སྦྲགས་ཏེ་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་ལས་གཞི་དབུ་འབྱེད་གནང་རྒྱུ་རེད་འདུག The Cultural Institute of  Radical Contemporary Arts  འམ་ CIRCA ཞེས་པའི་ལྟེ་གནས་ཁང་དེས་ཕྱི་ལོ་ ༢༠༢༠ ལོར་དབྱིན་ཡུལ་གྱི་རྒྱལ་ས་ London ནང་གི་ Piccadilly lights ཞེས་པའི་ཆེས་སྙན་གྲགས་ཆེ་བའི་ས་ཚིགས་ནས་དབུ་འཛུགས་གནང་སྟེ་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་གྲས་དུ་མར་ཉིན་ལྟར་ཕྱི་དྲོ་ཚོུད་ ༨༌༢༣ ཐོག་བྱང་བུའི་སྟེང་གི་ཁྱབ་བསྒྲགས་ཇི་ཡོད་སྐར་མ་གསུམ་རིང་བཀག་ནས་དེའི་ཐོག སྤྱི་ཚོགས་ལ་སྨན་པའི་བརྗོད་གཞི་སྣ་མང་ལྡན་པའི་འབྲེལ་ཡོད་བརྡ་ཁྱབ་སོགས་ཁྱབ་སྤེལ་ དབུ་འཛུགས་གནང་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ལྟེ་གནས་ཁང་དེས་ Tibet Hope Centre དང་མཉམ་འབྲེལ་ཐོག་དེ་རིང་དབྱིན་ཡུལ་ནང་གི་ཕྱི་དྲོ་ཚོུད་ ༨༌༢༣ ཐོག ༸གོང་ས་~སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཁྱོན་ལ་ཐུགས་རེ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་བཞེས་དགོས་གལ་གྱི་ལམ་སྟོན་སྩལ་བའི་ Art of Hope ཞེས་པའི་སྐར་མ་གསུམ་ཅན་གྱི་འགུལ་རིས་བརྙན་ཐུང་གསར་བསྐྲུན་ཞུས་པ་ཞིག་འདོན་སྤེལ་གནང་གི་ཡོད་པ་དང་། དེའང་ཟླ་བ་གཅིག་རིང་ཨ་རིའི་ Los Angeles དང་འཇར་མ་ནིའི་རྒྱལ་ས་ Berlin དེ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Melbourne  གཞན་ཡང་ཨི་ཊ་ལིའི་མི་ལཱན་གྲོང་ཁྱེར། ཀོ་རི་ཡའི་རྒྱལ་ས་ Seoul བཅས་སུ་ཉིན་བརྒྱ་དུས་གཅིག་ལ་གཟིགས་འབུལ་གནང་གི་འདུག མགོན་པོ་༸གང་ཉིད་མཆོག་གིས་ཐུགས་རེའི་བརྡ་ལན་དེ་དང་བསྟུན་གསུང་འཕྲིན་ཞིག་སྩལ་བའི་ནང་འགྲོ་བ་མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་པ་ཡིད་ལ་དྲན་པའི་ཐོག་ནས་ཚང་མས་མུ་མཐུད་དེ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་བཞེས་དགོས་གལ་ཡིན་པར་མ་ཟད་ལྷག་དོན་ང་ཚོ་དཀའ་ངལ་དང་ཛ་དྲག་གང་འདྲ་ཞིག་གི་ནང་དུ་ལྷུང་ཡང་བསམ་བློ་རྒྱ་ཆེ་ས་ནས་བཏང་ནས་རང་ཉིད་ལ་གདེང་སྤོབས་ཆེན་པོས་དུས་ནམ་ཡང་རེ་བ་བརླག་རྒྱུ་མེད་ཅེས་སོགས་ལམ་སྟོན་མཛད་འདུག CIRCA ལྟེ་གནས་ཁང་གི་སྒྱུ་རྩལ་འགན་འཛིན་སྐུ་ཞབས་ Josef O'Connor ལགས་ཀྱིས་ལྟེ་གནས་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་དེ་འབྲེལ་ལས་གཞི་དབུ་འབྱེད་གནང་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་དང་ལྟེ་གནས་ཁང་གི་ངོས་ནས་འདི་ལོ་རང་ཉིད་ཀྱི་དམིགས་ཡུལ་ལྟར་རེ་བའི་གཞི་རྩར་ངོས་འཛིན་གནང་སྟེ་དངོས་སུ་ལག་བསྟར་ཐུབ་པར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུགཤེས་རྟོགས་བྱུང་བར་དེ་རིང་ཕྱི་དྲོ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་གི་ Piccadally Circus ཞེས་པའི་ས་ཚིགས་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེའི་བརྡ་ལན་ཡོད་པའི་བརྙན་ཐུང་དབུ་འབྱེད་གནང་སྐབས་ས་གནས་ཀྱི་བོད་མི་རྣམས་ཆེད་ཕེབས་ཀྱིས་ལས་གཞི་དེར་དགའ་བསུ་ཞུས་འདུག CIRCA ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༣ ལོའི་ལས་འཆར་དེའི་འོག་རྐང་རེ་བའི་ཕུགས་བསམ་དང་འབྲེལ་བའི་ལེ་ཚན་རིམ་པ་རྒྱང་བསྲིང་ཞུ་འཆར་ཡོད་པ་ལྟར་དེའི་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཐུགས་རེའི་བརྙན་པར་དང་ལྷན་དྲ་ཐོག་འགྲེམས་སྟོན་དང་། ང་ཚོའི་རེ་བ་ཆེར་བསྐྱེད་གང་འདྲ་གནང་དགོས་མིན་སྐོར་གྱི་བཀའ་འདྲིར་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་དང་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་གནང་བའི་ཕྱག་དེབ་འགྲེམས་སྤེལ་ཞུ་རྒྱུ་རེད་འདུགརྩ་བའི་ CIRCA ལྟེ་གནས་ཁང་ནི་དམིགས་ཡུལ་ངེས་ཅན་གྱི་སྤྱི་ཚོགས་དྲ་རྒྱའི་སྒྱུ་རྩལ་དང་རིག་གཞུང་གི་སྡིངས་ཆ་ཞིག་ཆགས་ཀྱི་ཡོད་པ་དང་འདིས་དེ་སྔོན་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་གྱི་སྒྱུ་རྩལ་བ་གྲགས་ཅན་ Ai Weiwei ལགས་གཙོས་ཨ་རི་དང་འཇར་མ་ནི། དབྱིན་ཡུལ། ཨི་རན་སོགས་ཀྱི་གློག་བརྙན་བཟོ་སྐྲུན་པ་དང་སྒྱུ་རྩལ་བ། དེ་བཞིན་གཞས་མ་དང་རི་མོ་བ་གྲགས་ཅན་སོགས་དང་ལྷན་དུ་ཕྱག་ལས་གནང་མྱོང་ཡོད་པ་རེད།

སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་དང་སྟབས་བསྟུན་ཟུར་ཁྲིད་གནང་བཞིན་པ།

དེང་སྐབས་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་ཡིན་པ་དང་སྟབས་བསྟུན། བོད་པའི་གཞིས་ཆགས་གཙོས་པའི་བོད་མིའི་གནས་སྡོད་ས་ཁུལ་ཁག་གི་ནང་གཞི་རིམ་སློབ་ཕྲུག་རྣམས་ལ་ཆེད་དུ་དམིགས་ནས་ཟུར་ཁྲིད་སོགས་ཤེས་ཡོན་གོང་འཕེལ་གྱི་ལས་གཞི་སྣ་མང་ཞིག་སྤེལ་དང་སྤེལ་མུས་ཡིན་པའི་ཁྲོད། འདི་ག་རླུང་འཕྲིན་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཡོངས་གླིང་སློབ་གྲྭ་དང་དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་སོ་སོའི་གོ་སྒྲིག་འོག་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་ལྔ་པའི་བར་གྱི་བྱིས་པ་དེ་དག་ལ་དགུན་དུས་ཟུར་ཁྲིད་ཀྱི་ལས་གཞི་སྐྱོང་བཞིན་ཡོད་པར་བརྟེན། ཡོངས་གླིང་སློབ་གྲྭའི་དྲུང་ཡིག་བྱང་ཆུབ་དཔལ་མོ་ལགས་དང་། དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་སྨན་རྩིས་ཁང་ཁུལ་གྱི་འཐུས་མི་སྨན་པ་ཨོ་ཤོ་བསོད་ནམས་སྒྲོལ་དཀར་ལགས་རྣམ་པ་གཉིས་དང་ལྷན་དུ་དེ་འབྲེལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལས་རིམ་ཞིག་རྒྱང་སྲིང་ཞུས་ཡོད།  

༸གོང་ས་མཆོག་གིས་ཡི་ཤུའི་བླ་ཆེན་ཟུར་པ་དགོངས་པ་རྫོགས་པར་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡི་ཤུའི་བླ་ཆེན་ཟུར་པ་ Pope Benedict པོབ་བྷེ་ནི་ཌིག་ཊི་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༡ ཉིན་དགུང་གྲངས་ ༩༥ ཐོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་སྡེའི་ཆེན་པོའི་གཞུང་ཚབ་ Apostolic Nunciature ལ་ཡི་ཤུའི་བླ་ཆེན་ཟུར་པ་པོབ་བྷེ་ནི་ཌིག་ཊི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། མགོན་པོ་༸གང་ཉིད་མཆོག་གིས་ཆོས་གྲོགས་བླ་ཆེན་ཟུར་པ་པོབ་བྷེ་ནི་ཌིག་ཊི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ཐུགས་ཕམ་ཆེན་པོ་བྱུང་བ་དང་སྦྲགས། དམ་པ་དེ་ཉིད་ཀྱི་སླད་ཐུགས་སྨོན་གསོལ་འདེབས་དང་ལྷན་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་རྗེས་འབྲང་པ་ཡོངས་ལ་ཐུགས་གསོ་མཛད་འདུག མགོན་པོ་༸གང་ཉིད་མཆོག་ནས་དེ་སྔ་བླ་ཆེན་དམ་པ་ཁོང་དང་དངོས་སུ་མཇལ་འཕྲད་གནང་ཡོད་པར་ཐུགས་དྲན་གསོ་དང་སྦྲགས། སྐབས་དེའི་མཇལ་འཕྲད་ཐོག་མགོན་པོ་༸གང་ཉིད་མཆོག་དང་དམ་པ་ཁོང་གི་དབར་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་དགོངས་པ་གཅིག་མཚུངས་ཡོད་པ་མཁྱེན་རྟོགས་བྱུང་ཞེས་བཀའ་སྩལ་བ་མ་ཟད། དེ་སྔ་པོབ་བྷེ་ནི་ཌིག་ཊི་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་ལས་ཡུན་ཁྲོད་གལ་ཆེའི་གནད་དོན་འདི་དག་གོང་སྤེལ་སླད་སྐུ་ལས་བསྐྱོན་ཡོད་པར་སྐུ་ཚེ་དོན་ལྡན་ཞིག་བསྐྱལ་ཡོད་པར་བཀའ་སྩལ་འདུག གསུང་འཕྲིན་དེའི་ནང་ད་དུང་༸གོང་ས་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཚོགས་མི་ལྷན་གྲོས་མོལ་གྱིས་ཉམས་མྱོང་སྤེལ་རེས་མཛད་དེ་ཕན་ཚུན་དབར་ཆོས་ལུགས་ཀྱི་མཁྱེན་རྟོགས་གོང་སྤེལ་གྱིས་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པར་ཐུགས་རེ་མཛད་ཀྱི་ཡོད་ཅེས་བཀའ་སྩལ་དང་འབྲེལ། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་འཛམ་གླིང་གི་ས་ཁུལ་ཁ་ཤས་ནང་མི་མཐུན་པའི་འགལ་ཟླ་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདིར་ང་ཚོས་དམ་པ་ཁོང་གི་༸སྐུ་ཚེའི་མཛད་འཕྲིན་ལས་སློབ་དགེ་བླངས་ཏེ་འཛམ་གླིང་འདི་ཞི་བདེ་དང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གནང་དགོས་གལ་ཡིན་པ་གསུངས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་དམ་པ་པོབ་བྷེ་ནི་ཌིག་ཊི་རྣམ་གཉིས་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་ཡི་ཤུའི་གདན་ས་ Vatican ཝེ་ཊི་ཀན་ནང་དུ་ཡོངས་གྲགས་མིན་པའི་ཐོག་ནས་མཇལ་འཕྲད་མཛད་ཡོད་པ་དང་སྐབས་དེའི་མཇལ་མོལ་ནི་ཆོས་ཕྱོགས་ཀྱི་རང་བཞིན་ཙམ་ལས་མཇལ་འཕྲད་ཀྱི་མཛད་འཆར་འདི་ཉིད་བླ་ཆེན་དམ་པ་ཁོང་གི་གཞུང་འབྲེལ་མཛད་འཆར་ནང་དུའང་བཀོད་མེད་པ་རེད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་ནས་དེ་སྔ་ཝེ་ཊི་ཀན་ནང་ཆིབས་བསྒྱུར་གྱིས་ཡི་ཤུའི་ཆོས་དཔོན་ Pope John Paul པོབ་ཇོན་པོལ་མཆོག་དང་མཇལ་འཕྲད་མཛད་ཡོད་པ་དེའང་ཡོངས་གྲགས་མིན་པ་ཞིག་ཡིན་པ་རེད།  

༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་མི་ཚེའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཐབས་གནང་དགོས་གལ་ཡིན་པ་བཀའ་སྩལ་བ།

དེ་རིང་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་ཉིན་གཉིས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ནད་ཡམས་ཀྱི་འཇིགས་པ་ཟློག་ཐབས་སུ་ཐུགས་སྨོན་མཛད་པ་མ་ཟད། ཆོས་ཞུ་བ་ཚོས་གནས་དེ་ནས་ཕྱིར་ལོག་རྗེས་རང་ཉིད་ཀྱི་མི་ཚེའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ཐབས་གནང་དགོས་གལ་ཡིན་པ་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མ་གནང་བའི་གོང་མགོན་པོ་༸གང་ཉིད་མཆོག་དེ་རིང་སླར་ཡང་གནས་ཁྱད་པར་ཅན་འདིར་ཆོས་འབྲེལ་མཛད་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཞེས་བཀའ་སྩལ་དང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་དེ་སྔ་ཉི་ཧོང་གི་ཧི་རོ་ཤི་མར་ཆིབས་བསྒྱུར་མཛད་སྐབས་ཁུལ་དེར་རྡུལ་ཕྲན་མཚོན་ཆའི་རྐྱེན་ངན་འོག་མི་མང་ཁྲི་ཚོ་མང་པོ་རྐྱེན་འདས་སུ་ཕྱིན་པ་ཐུགས་ཕམ་ཧ་ཅང་བྱུང་སྟེ་ཐུགས་སྨོན་རྒྱ་ཆེར་མཛད་ཡོད་སྐོར་ཐུགས་དྲན་གསོ་དང་འབྲེལ། ད་ཆ་དམག་འཁྲུག་དང་མི་བསོད་ཁྲག་སྦྱོར་རིགས་མུ་མཐུད་ཡོང་གི་ཡོད་ཀྱང་། རྡུལ་ཕྲན་གྱི་འཇིགས་པ་བསྐྱར་ཟློས་ཡོང་གི་མེད་པ་མ་ཟད། ནད་ཡམས་ཀྱི་འཇིགས་པ་གསར་པ་ཞིག་ཡོང་གི་ཡོད་སྟབས། དེ་རིང་གནས་ཁྱད་པར་ཅན་དེར་ཆོས་ཞུ་བ་ཐོུང་ནས་ཐུགས་སྨོན་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་བཀའ་སྩལ་མཛད་ཡོད།༸གོང་ས་མཆོག་གིས་ད་དུང་གནས་མཆོག་འདིར་འདུ་འཛོམས་བྱུང་བའི་ཆོས་ཞུ་བ་ཚོས་ཉིན་རེ་བཞིན་དཔྱད་སྒོམ་དང་འཇོག་སྒོམ་ཟུང་སྦྲེལ་ཐོག་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་གནང་ཚེ་ནུས་པ་དམིགས་བསལ་ཞིག་འདོན་རྒྱུ་ཡོད་པ་བཀའ་སྩལ་དང་འབྲེལ། ཆོས་ཞུ་བ་རྣམས་གནས་མཆོག་འདི་ནས་ཕྱིར་ལོག་རྗེས་རང་ཉིད་ཀྱི་མི་ཚེའི་ནང་ངེས་པར་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཐབས་སླད་འབད་བརྩོན་བྱ་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་སྩལ་གནང་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་འཕྲོ་སྐྱོང་མཛད་ཡོད།མཛད་འཆར་ལྟར་ན་སང་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་རྣམས་ལ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀྲིན་སྩལ་རྒྱུ་ཡིན་པ་རེད།ཕྱོགས་མཚུངས་ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་པ་དང་བསྟུན། དེ་རིང་ཉིན་རྒྱབ་བི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏེཤ་ཀུ་མཱར་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་༸རྒྱལ་བའི་བཞུགས་གནས་སུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་གནང་ཡོད།སྤྱི་ཁྱབ་བློན་ཆེན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་གནས་གཟིགས་ཁག་གྲུབ་མཚམས་སུ་འདི་གའི་ཆེད་གཉེར་གསར་འགོད་པས་སྤྱི་ཁྱབ་བློན་ཆེན་མཆོག་ལ་བཀའ་འདྲི་ཞུ་སྐབས། ཁོང་གིས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་གཉིས་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་ཐུབ་མེད་པ་དང་། ཐེངས་འདིར་མགོན་པོ་༸གང་ཉིད་མཆོག་གནས་མཆོག་འདིར་ཆིབས་བསྒྱུར་མཛད་ཡོད་སྟབས་འཕྲལ་དུ་མཇལ་ཁར་བཅར་བ་དང་ལྷན། གནས་ཡངས་པ་ཅན་དུ་ནང་པའི་བསྟི་གནས་ཤིག་གསར་དུ་བཞེངས་བསྐྲུན་གནང་བཞིན་ཡོད་སྟབས། དེ་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་མཛད་རྒྱུའི་གསོལ་འདེབས་ཡང་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

Latest news

(Visited 1 times, 1 visits today)