Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ང་ཚོར་དཀའ་ངལ་ཞེ་དྲག་མྱངས་ཡོད་ནའང་དེའི་རིང་ལ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྙིང་སྟོབས་ཆེ་རུ་སོང་ཡོད་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་ཞུ་བར་ཕེབས་མི་ཐུབ་མཁན་བོད་ནས་གསར་དུ་འབྱོར་བའི་བོད་མི་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བའི་ཁྲོད། བོད་བརྒྱུད་ནང་བསྟན་གྱི་ཐོུང་མ་ཡིན་པའི་ཁྱད་ཆོས་དང་བོད་ཀྱི་སྐད་ཡིག་རིན་ཐང་། དེ་བཞིན་ཆོས་བྱེད་པའི་དགོས་དམིགས་གཙོ་བོ་ནང་སེམས་བརྒྱུད་འདུལ་དགོས་གལ་ཡིན་སྐོར་སོགས་ལམ་སྟོན་བཀྲིན་བསྩལ་སོང་། ལྷག་པར་དུ་སྐབས་དེར་༸གོང་ས་མཆོག་གིས་འདས་པའི་དུས་ཡུན་དེའི་ནང་ང་ཚོར་དཀའ་ངལ་ཞེ་དྲག་མྱངས་ཡོད་ནའང་། དེའི་རིང་ལ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྙིང་སྟོབས་མ་བརླག་པ་དང་སེམས་ཤུགས་མ་ཡེལ་བར་རྒྱ་གཞུང་ནས་ཇི་ཙམ་གྱིས་སྡུག་རྩུབ་བྱེད་པ་དེའི་ཚོད་ཀྱིས་མི་རིགས་ཀྱི་སྙིང་སྟོབས་ཆེ་རུ་འགྲོ་བ་དང་བརྟན་དུ་སོང་ཡོད་པ་བཀའ་གནང་པ་མ་ཟད། ད་དུང་ཡང་གཞིས་ལུས་བོད་མི་ཚོས་སེམས་ཤུགས་མ་ཆག་པར་རྒྱ་མི་རིགས་དང་མཆམ་མཐུན་གནང་གལ་ཡིན་པར་བཀའ་སློབ་བསྩལ་སོང་། ད་དུང་༸གོང་ས་མཆོག་གིས་བོད་ནས་ཕེབས་མཁན་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ཐོུང་མ་ཡིན་པའི་ཁྱད་ཆོས་སྐོར་བཀའ་སྩལ་དང་འབྲེལ་ཏེ་ནང་པ་སངས་རྒྱས་པའི་ཆོས་ལུག་རྟོགས་གཉིས་ཀྱི་སྒོ་ནས་འཛིན་མཁན་དེ་བོད་གངས་ལྗོངས་གཅིག་པུ་ཡིན་པས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་འདི་ནི་བོད་མི་རིགས་ཀྱི་སྤོབས་པ་བྱ་འོས་པ་ཞིག་ཡིན་པ་བཀའ་ནན་བསྩལ་སོང་། དེ་བཞིན་མགོན་པོ་མཆོག་གིས་སྐབས་དེར་བོད་ཀྱི་སྐད་ཡིག་རིན་ཐང་སྐོར་ལ་བཀའ་སློབ་མུ་མཐུད་བསྩལ་གནང་ཡོད་པ་རེད། རྩ་བའི་དེ་རིང་སྔ་དྲོའི་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྐབས་ཆོས་འབྲེལ་དམིགས་བསལ་བསྩལ་མེད་ནའང། མགོན་པོ་མཆོག་གིས་རིན་མིན་དུས་འཁོར་ཆེན་སྐབས་བཀའ་ཆོས་བསྩལ་གཏན་འཁེལ་བའི་ཕྱག་དཔེ་སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པའི་གཞུང་གཉིས་པོ་ངོ་སྤྲོད་སྤྱི་བཤད་གནང་པ་དང་ཆབས་ཅིག ཁྱད་པར་དུ་ང་ཚོས་ཆོས་བྱེད་པའི་དགོས་དམིགས་གཙོ་བོ་ནང་སེམས་བརྒྱུད་འདུལ་དགོས་པ་དང་དེའང་སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་པའི་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐོག་ནས་ཡོང་དགོས་སྐོར་བཀའ་སྩལ་མཛད་ཡོད་པ་རེད། ཤེས་རྟོགས་བྱུང་བར་དེ་རིང་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་བར་བཅར་མཁན་བོད་མི་མང་ཆེ་བ་ཉིན་ཤས་གོང་མགོན་པོ་མཆོག་གི་མཇལ་ཁར་བཅར་མཁན་ལྟར་ཟླ་བ་འདིའི་ཟླ་མཇུག་ཏུ་བོད་ལ་ཕར་ལོག་ཟིན་པ་དགོས་ཀྱི་འདུག རྒྱ་ནག་གཞུང་ནས་ཁོང་རྣམ་པའི་མཐོང་མཆན་གྱི་དུས་ཚོད་ཚོད་འཛིན་བྱས་པར་བརྟེན་དུས་དབང་ཞུ་བར་འགྲོ་རྒྱུ་དཀའ་བའི་གནས་སྟངས་ཤིག་བཟོས་ཡོད་པ་རེད། བོད་ནས་ཕེབས་མཁན་ཁག་ཅིག་ལས་གནས་ཚུལ་རྒྱུས་ལོན་བྱུང་བར་བོད་ནས་ཕེབས་མཁན་བོད་མི་ཁག་ཅིག་བཞུགས་སྒར་ནས་ཕ་ཡུལ་དུ་ཕྱིར་ལོག་གནང་སྐབས་སེམས་ཕྱེད་ཀ་དགའ་བ་དང་ཕྱེད་ཀ་སྐྱོ་གདུང་འོག་ཐོན་དང་ཐོན་བཞིན་པ་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་མི་ཚེའི་གོ་དོན་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་རྒྱུ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་བོད་ཀྱི་ཁང་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༡༠༠ ཐམ་པ་འཁོར་བའི་མཛད་སྒོར་མི་ཚེའི་གོ་དོན་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་རྒྱུ་རེད་འདུག ཟླ་ ༡༢ ཚེས་ ༩ ཉིན་ཕྱི་དྲོ་ཚོུད་ ༢།༠༠ སྟེང་རྒྱལ་ས་ལྡི་ལི་ Thayagraj Stadium དུ་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལྡི་ལི་བོད་ཀྱི་ཁང་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༡༠༠ ཐམ་པ་འཁོར་བའི་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཀྱི་ཡོད་པ་རེད། དེའང་ལྡི་ལིབོད་ཀྱི་ཁང་པ་དང་བོད་ཀྱི་སྨན་རྩིས་ཁང་གཉིས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཚེས་ ༩ ཉིན་རྒྱབ་༸གོང་ས་མཆོག་གིས་མང་ཚོགས་རྣམས་ལ་མི་ཚེའི་གོ་དོན་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་ཏེ་དུས་ཆེན་གྱི་མཛད་རིམ་དབུ་འབྱེད་བསྐྱང་རྒྱུ་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་འགྲེལ་བརྗོད་གནང་པར་ཕྱི་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ངོ་མས་ཉིན་གྲངས་བཞིའི་མཛད་སྒོ་དབུ་འབྱེད་བསྐྱང་རྒྱུའི་མཛད་རིམ་ཞིག་ཆེ་སྒྲིག་གནང་དོན་ནི་རྒྱ་གར་གྱི་སློབ་གཉེར་བ་རྣམས་ནས་༸གང་ཉིད་མཆོག་གི་བཀའ་སློབ་གསན་ཐུབ་པའི་གོ་སྐབས་ཤིག་བསྐྲུན་ཆེད་དང་། ལྷག་དོན་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ཁྱོན་ནས་དཔལ་ན་ལེཎྡྲའི་ལྟ་གྲུབ་ལ་དོ་སྣང་གང་ཆེ་ཡོང་ཐབས་ལ་ཆེད་དམིགས་གནང་པ་ཞིག་ཡིན་སྐོར་གསུངས་སོང་། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་རྒྱུའི་མཛད་སྒོ་ཐོག་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་གཙོས་པའི་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་དང་རྒྱལ་ས་ལྡི་ལིའི་སྲིད་སྐྱོང་སྐུ་ཞབས་ Najeeb Jung མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་དབུས་པའི་གནད་ཡོད་མི་སྣ་ཁག་ཆེད་ཕེབས་གནང་གི་འདུག ༸གོང་མཆོག་གིས་ཕྱི་ཚེས་ ༩ ཉིན་སྔ་དྲོ་ Dr. Ambedkar གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་སྩལ་རྒྱུ་དང་། ཚེས་ ༡༡ ཉིན་ལྡི་ལྟར་རྟན་གཞི་བྱས་པའི་ Ashoka གསོལ་མགྲོན་ཁང་དུ་ Tushita ཆོས་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཆོས་འབྲེལ་གྱི་མཛད་འཆར་སོགས་ཡོད་པ་རེད།

༸གོང་ས་མཆོག་གིས་ཞི་ཅིང་ཕིང་ནས་རྒྱ་ནག་ནང་བསྐྱར་དུ་གསར་བརྗེ་ཞིག་བྱེད་དགོས་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་ཤེས་ཡོན་ཅན་གྱི་བཅར་འདྲིའི་ལས་རིམ་ཞིག་ཐོག་༸གང་ཉིད་མཆོག་གིས་ད་ལྟའི་དུས་སྐབས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་སྙིང་རྗེའི་ཀུན་ནས་བླངས་ཏེ་རྒྱ་ནག་ནང་དུ་གསར་བརྗེ་ཞིག་བྱེད་དགོས་པ་བཀའ་བསྩལ་འདུག དེ་ཡང་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་ཨ་རིའི་ནང་བཅའ་བཞུགས་རྒྱ་རིགས་ཤེས་ཡོན་ཅན་དང་དྲ་རྒྱའི་ཐོག་ཟིན་བྲིས་སྤེལ་མཁན་སྐུ་ཞབས་Qin Weipingགཙོས་པའི་གཞོན་སྐྱེས་གཉིས་བཞུགས་སྒར་དུ་ཆེད་བཅར་གྱིས་༸གང་ཉིད་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་པ་དང་སྦྲགས། ཁོང་རྣམས་ནས་ད་ལྟའི་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་དང་ས་གནས་མང་ཚོགས་ཀྱི་དངོས་ཡོད་གནས་སྟངས། དེ་བཞིན་མ་འོངས་པར་དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཕྱོགས་སོགས་སྐོར་བཅར་འདྲི་ཞུས་པའི་སྐར་མ་ ༤༥ མན་ཙམ་གྱི་བརྙན་འཕྲིན་ལས་རིམ་ཞིག་ཉེ་ཆར་སྤྱི་ཚོགས་དྲ་རྒྱ་ཁག་གི་ཐོག་ཏུ་འདོན་སྤེལ་གནང་འདུག བཅར་འདྲིའི་ལས་རིམ་ཐོག་༸གོང་ས་མཆོག་གིས་ད་ལྟའི་རྒྱ་ནག་ནང་སྐྱོན་ཆ་ཆེ་ཤོས་དེ་ནི་མང་ཚོགས་ལ་གནས་ཚུལ་རྒྱུས་ལོན་བྱ་རྒྱུར་རྒྱ་གཞུང་གིས་གསང་སྟབས་ཐོག་བཀག་འགོག་བྱེད་བཞིན་ཡོད་པ་དེ་ཆགས་ཡོད་པ་དང་། དེ་ཡང་གཙོ་བོ་རྒྱ་ནག་ནང་ཁྲིམས་ཡང་དག་ཞིག་མེད་པར་བརྟེན་ཡོང་གི་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། རྒྱ་ནག་གི་ཁྲིམས་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ཚད་ལ་སླེབས་པ་ཞིག་བཟོས་དགོས་ཅེས་བཀའ་བསྩལ་མཛད་འདུག ༸གོང་ས་མཆོག་གིས་དུས་རྒྱུན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མང་ཚོགས་ལ་བྱམས་བརྩེ་ལྡན་པའི་འཛམ་གླིང་བསྐྲུན་དགོས་པར་ལམ་སྟོན་སྩལ་བཞིན་ཡོད་སྐོར་དང་འབྲེལ། རྒྱ་ནག་རྒྱལ་ཁབ་ལྟ་བུ་མི་འབོར་མང་ཤོས་ཤིག་དང་ལོ་རྒྱུས་ཐོག་ནས་ནང་པའི་རྒྱལ་ཁབ་ཞིག་ཡིན་སྟབས། ༸གང་ཉིད་མཆོག་ནས་ཁུལ་དེའི་ནང་བྱམས་བརྩེའི་ལས་འགུལ་སྤེལ་རྒྱུར་ཐུགས་རེ་ཆེན་པོ་ཡོད་ཅེས་བཀའ་བསྩལ་འདུག  ལྷག་དོན་ད་ལྟའི་དུས་སྐབས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་སྙིང་རྗེའི་ཀུན་ནས་བླངས་ཏེ་རྒྱ་ནག་ནང་དུ་གསར་བརྗེ་ཞིག་བྱེད་དགོས་པ་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་ལ་གནས་སྟངས་དེ་འདྲ་ཞིག་འོག་གོ་སྐབས་ཤིག་བྱུང་ཚེ་རྒྱ་ནག་ནང་དུ་མང་ཚོགས་ཁྲོད་བྱམས་བརྩེ་སྤེལ་རྒྱུའི་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་ཅེས་བཀའ་སྩལ་དང་སྦྲགས་ཏེ་རྣམ་ཀུན་རྒྱ་ནག་གི་འགོ་ཁྲིད་ཁག་གིས་༸གང་ཉིད་ལ་སྐྱོན་བརྗོད་དང་དོགས་པ་བྱེད་བཞིན་པ་དེས་༸གང་ཉིད་མཆོག་རྒྱ་ནག་དུ་ཕེབས་རྒྱུར་ཐག་རིང་དུ་བཏང་བ་ལས་ཕན་ཐོགས་ཅི་ཡང་མེད་པ་རེད་ཅེས་བཀའ་མཛད་ཡོད་པ་རེད། མགོན་པོ་མཆོག་གིས་ད་དུས་མ་འོངས་པའི་རྒྱ་ནག་ཁ་ཕྱོགས་དང་འབྲེལ་བཀའ་བསྩལ་དོན་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་དེ་མ་འོངས་པར་གྲུབ་འབྲས་ཐོན་པ་ཞིག་ཡོང་བར་གཙོ་བོ་ཁྱིམ་མཚེས་རྒྱལ་ཁབ་ཁག་གཙོས་པའི་རྒྱལ་ཁབ་གཞན་ཚོས་ཡིད་ཆེས་ཐོབ་རྒྱུ་དེ་གནད་ཆེ་ཆགས་ཡོད་པ་དང་། དེ་ལྟར་ཡོང་བར་རྒྱ་ནག་ནང་དུ་གཏམ་བརྗོད་རང་དབང་དང་། གསར་འགྱུར་རང་དབང་། ཁྲིམས་གྱི་དབང་བསྒྱུར་དགོས་རྒྱུ་ནི་ཆེས་གནད་ཆེ་ཡིན་སྐོར་སོགས་ཀྱི་བཀའ་སློབ་བསྩལ་འདུག

དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མེ་སྐྱོན་ཕོག་མཁན་་སུད་ཚོང་བར་ཞལ་འདེབས་འབུམ་ལྔ་བཅུ་གནང་འདུག

དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཉེ་ཆར་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁང་རྙིང་པ་ལཱལ་ཀི་ལཱ་ Lal Qila མདུན་གྱི་བོད་མིའི་སུད་ཚོང་བའི་ཁྲོམ་ར་ ༡༣༨  ལ་མེའི་འཇིག་པའི་འོག་ཤུལ་མེད་དུ་གྱུར་བའི་སུད་ཚོང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས་ཟླ་ ༡༡ ཚེས་ ༢༤ ཉིན་ཧིན་སྒོར་འབུམ་ལྔ་བཅུ་ཐམ་པའི་ཞལ་འདེབས་གནང་འདུག ལཱལ་ཀི་ལཱ་ བོད་མི་སུད་ཚོང་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པར། ཟླ་བ་འདིའི་ཚེས་ ༨ ཉིན་ཐོ་རངས་ཚོུད་ ༡།༣༠ ཙམ་ལ་མེ་སྐྱོན་གྱི་གོད་ཆག་བྱུང་རྗེས་ད་བར་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད། དེ་བཞིན་བོད་མི་སྒེར་སོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ཞལ་འདེབས་གནང་སོན་བྱུང་བ་ཁྱོན་བསྡོམས་ཧིན་སྐོར་ས་ཡ་ ༡༢ ལྷག་བྱུང་འདུག་པ་དང། ད་ལྟའི་གནས་སྐབས་འདིར་ཁྲོམ་ས་ ༤༠ བསྐྱར་གསོ་ལེགས་གྲུབ་ཀྱིས་ཉིན་གཉིས་གསུམ་རྗེས་ཁྲོམ་ས་ ༤༠ དེ་དག་སྤྱི་པའི་ངོ་བོའི་ཐོག་ནས་ཚོང་སྒོ་གསར་པ་དབུ་འཛུགས་གནང་རྒྱུ་དང་། དེ་ནས་ཡོང་བབ་ཇི་བྱུང་ཚང་མ་ཆ་སྙོམ་བགོ་འགྲེམས་གནང་གཏན་འཁེལ་འདུག བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་མུ་མཐུད་གསུངས་པར་མེ་སྐྱོན་ཕོག་མཁན་མི་སྒེར་ལ་ཞལ་འདེབས་ཐོབ་མུས་ཡིན་ནའང། ཁོང་ཚོར་ཅ་དངོས་ཉོ་སའི་སྦྱིན་བདག་གི་བུན་གཡར་ཐོག་ལ་སེམས་ཁྲེལ་ཆེན་པོ་ཡོད་སྐོར་ཡང་གསུངས་སོང་། རྩ་བའི་ད་རེས་ཀྱི་མེ་སྐྱོན་ཁྲོད་ལྡི་ལིའི་ལཱལ་ཀི་ལཱ་མདུན་སར་ཡོད་པའི་བོད་མིའི་སུད་ཚོང་བ་རྣམས་ལ་མ་དངུལ་ས་ཡ་ ༡༢༩ ལྷག་གི་གྱོང་གུད་ཕོག་ཡོད་པ་རེད། ད་བར་དཔལ་ལྡན་དགའ་ཕོ་བྲང་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་ཛ་དྲག་ངལ་སེལ་ཆེད་འབུམ་ ༡༥  དང་དེ་རྗེས་སླར་འབུམ་ ༣༠ གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་ཀྱི་ཀྱང་ངལ་སེལ་ཐེབས་རྩ་ནས་ཧིན་སྒོར་ ༧༠༠༠༠ ཐམ་པ་གསོལ་རས་གནང་ཡོད་པ་དང་། ལྡི་ལིའི་གཞུང་ནས་འབུམ་ ༡༣༨ སོགས་གནང་པར་བརྟེན་ཁྱོན་ཞལ་འདེབས་ལག་སོན་བྱུང་བ་ཧིན་སྒོར་ས་ཡ་ ༡༢ ལྷག་བྱུང་འདུག

༸གོང་ས་མཆོག་གིས་གཞིས་ལུས་རྒྱ་ཆེ་མང་ཚོགས་ནས་ད་ལྟ་བཞིན་སེམས་ཤུགས་བསྐྱེད་དེ་རྒྱ་མི་རིགས་དང་མཉམ་དུ་མཆམ་པོ་བྱེད་དགོས་པའི་ལམ་སྟོན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མི་གསར་འབྱོར་བ་ད་ལྟ་རྒྱ་གར་ནང་ཡོད་པ་གང་ཞིག་ལ་རྒྱ་གཞུང་གི་དམ་དྲག་འོག་དུས་འཁོར་དབང་ཆེན་དུ་ཕེབས་མ་ཐུབ་མཁན་སྐོར་ཞིག་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀྲིན་བསྩལ་བའི་ཁྲོད། གཞིས་ལུས་རྒྱ་ཆེ་མང་ཚོགས་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་པ་དང་ཁྱད་པར་དུ་འདས་པའི་ལོ་ ༦༠ ཙམ་གྱི་རིང་ལ་བོད་མི་རིགས་འདི་ལྟར་འཚོ་ཐུབ་ཡག་དེ་གཙོ་ཆེ་ཁོང་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་བརྟེན་ནས་བྱུང་ཡོད་སྟབས། གཞིས་ལུས་མང་ཚོགས་ནས་ད་དུང་སེམས་ཤུགས་མུ་མཐུད་བསྐྱེད་ནས་རྒྱ་མི་རིགས་དང་མཉམ་དུ་མཆམ་པོ་བྱེད་དགོས་པའི་ལམ་སྟོན་བཀྲིན་བསྩལ་སོང་། ༸གང་ཉིད་མཆོག་གིས་སྐབས་དེར་རྒྱ་གཞུང་ནས་༸སྐུ་ཉིད་ལ་ཁ་བྲལ་ཞེས་བརྗོད་བཞིན་པ་དེ་ནི་རྫུན་རང་ཡིན་ཞིང། མགོན་པོ་མཆོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་མ་རྩོད་པར་དེ་རིང་སང་ཉིན་འཛམ་གླིང་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད་པའི་མཚམས་འདིར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་འོག་ལ་བསྡད་ནས་དཔལ་འབྱོར་ཡར་རྒྱས་ཐོག་རང་གི་ཆོས་དང་སྐད་ཡིག རིག་གཞུང་དང་བཅས་པ་སོ་སོས་བདག་པོ་རྒྱག་རྒྱུའི་ཐོབ་ཐང་རག་ན་ཕྱོགས་གཉིས་ཀར་ཕན་པ་ཞིག་ཆགས་ཀྱི་ཡོད་པ་བཀའ་སློབ་བསྩལ་གནང་སོང་། དངོས་གཞི་སེམས་བསྐྱེད་ཀྱི་ཆོས་འབྲེལ་དབུ་འཛུགས་མ་བསྐྱང་གོང་༸གོང་ས་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་སྐབས་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་དེ་རིགས་པ་གཙོ་བོ་ལས་དད་པ་གཙོ་བོ་ཆགས་ཀྱི་མེད་པ་དང། དེ་རིང་སང་ཉིན་བོད་བརྒྱུད་ནང་བསྟན་འདི་ནི་དེང་རབས་ཚན་རིག་དང་མཐུན་ཞིང་། སྒོས་སུ་འཛམ་གླིང་ནང་གི་མཁས་པ་དང་ཚན་རིག་པ་ཚད་ལྡན་མང་པོའི་དོ་སྣང་དང་ཡིད་མོས་བྱེད་ས་ཤིག་ཏུ་གྱུར་ཡོད་པས་བོད་མི་སྐྱ་སེར་དབྱེར་མེད་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་སའི་གཞུང་གཅིག་ཡིན་བསམ་པའི་བསམ་བློ་བཟུང་དགོས་གལ་ཡིན་པ་ལམ་སྟོན་བསྩལ་ཡོད་པ་རེད། དེ་རིང་སྔ་དྲོ་ཚོུད་ ༩།༣༠ ནས་དབུ་འཛུགས་ཀྱིས་ཚོུད་གཉིས་རིང་ཆོས་འབྲེལ་མཛད་པའི་ཁྲོད་༸གོང་ས་མཆོག་གིས་བོད་ནས་ཕེབས་མཁན་ཆོས་ཞུ་བ་རྣམས་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀྲིན་བསྐྱངས་པ་དང་སྦྲགས། མ་ཎི་དང་ཐུབ་པའི་མཚན་སྔགས། དེ་བཞིན་འཇམ་པའི་དབྱངས་དང་སྒྲོལ་མའི་མཚན་སྔགས་སོགས་ཀྱི་བཟླས་ལུང་ཡང་བཀྲིན་སྩལ་སོང་། ཤེས་རྟོགས་བྱུང་བར་དེ་རིང་གི་ཆོས་ཞུར་བཅར་མཁན་ཁོངས་བོད་མི་ཁ་ཤས་མ་གཏོགས་མང་ཆེ་བ་ལ་རྒྱ་ནག་གཞུང་ནས་དུས་འཁོར་དབང་ཆེན་ཞུ་བར་བསྐྱོད་རྒྱུའི་མཐོང་མཆན་སྤྲད་མེད་པ་དང་། ཡང་བོད་ནང་དེ་སྔ་ཆོག་མཆན་ཐོབ་ཟིན་མཁན་ཁག་ཅིག་གི་པ་སེ་ཕྱིར་བསྡུ་བྱས་པ་དང་། འགའ་ཞིག་ལ་དུས་འཁོར་དབང་ཆེན་རྗེས་ལ་མ་གཏོགས་དུས་འཁོར་དབང་ཆེན་གྱི་དུས་ཡུན་རིང་ལ་མཐོང་མཆན་སྤྲད་ཀྱི་མེད་པ་རེད་འདུག

༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་སོག་ཡུལ་ནང་ཉིན་གྲངས་ ༡༩ རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། དེ་རིང་སྔ་དྲོ་ཚོུད་ ༡༠།༣༠ ཐོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། དེའང་ཁ་སང་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་ནས་རྒྱལ་ས་ལྡི་ལིར་ཆིབས་ཞལ་མ་བསྒྱུར་གོང་ཉི་ཧོང་ནང་གི་མཛད་འཆར་མཐའ་མ་དང་འབྲེལ་ Saitama སྨན་ཁང་དང་སྨན་ཁང་དེའི་སློབ་གྲྭར་ཆིབས་བསྒྱུར་མཛད་ནས་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་བ་དང་འདི་བཞིན་༸གང་ཉིད་མཆོག་དང་སློབ་གྲྭ་དེའི་དབུ་ཁྲིད་རྣམས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ ༡༧ བར་ཉི་ཧོང་གི་གྲོང་ཁྱེར་རྙིང་གྲས་Kyoto དང་གནས་རི་རྩ་ཆེན་ Koyasan གྲོང་ཁྱེར་ Osaka འི་རྒྱལ་ས་ Tokyo བཅས་ཀྱི་ནང་ལ་ཆིབས་བསྒྱུར་གྱིས་དད་ལྡན་ཆོས་ཞུ་བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའཆོས་དང་མང་ཚོགས་ལ་བཀའ་སློབ། དེ་བཞིན་ཁུལ་དེའི་གསང་བསྔགས་བསྡུས་པའི་མ་དགོན་ Kongobuji གཙོས་པའི་དགོན་ཁག་གི་བླ་ཆེན་རྣམས་དང་ལྷན་མཇལ་མཛད་ཡོད་པ་རེད། ཉི་ཧོང་གི་མཐོ་འབྲིང་སློབ་གྲྭ་ཞིག་གི་དགེ་ལས་སློབ་ཕྲུག་ ༣༠༠༠ ལྷག་ལ་དུས་རབས་ ༢༡ ནང་ཆོས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བ་དང་ལྷག་དོན་དུ་ཚེས་ ༡༦ ཉིན་ཉི་ཧོང་གྲོས་ཚོགས་འཐུས་མི་ ༢༠༠ ལྷག་དང་མཇལ་འཕྲད་ཀྱིས་བཀའ་སློབ་བསྩལ་བ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ནས་ཁུལ་དེའི་ནང་གི་མཛད་འཆར་ཁག་ཅིག་རེ་ཞིག་མཇུག་སྒྲིལ་མཛད་ནས་ཚེས་ ༡༨ ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ནས་མཁའ་ལམ་བརྒྱུད་སོག་ཡུལ་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད། ༸གོང་ས་མཆོག་གི་སོག་ཡུལ་ནང་གི་ཆིབས་བསྒྱུར་ཐད་རྒྱ་གཞུང་གིས་སོག་ཡུལ་གཞུང་ལ་མགོན་པོ་མཆོག་ཡུལ་དེར་ཆིབས་བསྒྱུར་རྒྱུར་བཀག་འགོག་དགོས་པའི་གནོན་ཤུགས་ཆེན་པོ་སྤྲོད་མིན་ལ་མ་ལྟོས་པར་༸གང་ཉིད་མཆོག་སོག་ཡུལ་ནང་དུ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་འབྲེལ་སོག་ཡུལ་གཞུང་གི་སྐུ་ཚབ་མི་སྣ་ཉི་ཧོང་དུ་ཆེད་གཏོང་གིས་༸གོང་ས་མཆོག་གདན་འདྲེན་ཞུས་ཡོད་པ་དང་མགོན་པོ་མཆོག་གི་བཞུགས་གནས་ཀྱང་རྣམ་ཀུན་ཡུལ་གྱི་ཆེས་མཐོའི་མི་སྣ་སྲིད་འཛིན་དང་སྲིད་བློན་སོགས་ཀྱི་བཞུགས་ཡུལ་གསོལ་མགྲོན་ཁང་དུ་གོ་སྒྲིག་ཞུས་ཡོད་པ་རེད། མགོན་པོ་མཆོག་སོག་ཡུལ་ནང་ཚེས་ ༡༨ ནས་ ༢༢ བར་ཉིན་གྲངས་བཞིའི་རིང་ཁུལ་དེར་ཡོད་པའི་དགའ་ལྡན་དགོན་པ་གཙོས་ཁལ་ཁ་རྗེ་བཙུན་དམ་པའི་བླ་བྲང་བཅས་སུ་ཆིབས་བསྒྱུར་དང་མང་ཚོགས་ལ་བཀའ་སློབ། དེ་བཞིན་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་སོགས་ཀྱི་མཛད་འཕྲིན་མང་དག་ཞིག་བསྐྱངས་གྲུབ་རྗེས་ཚེས་ ༢༣ ཉིན་སྔ་དྲོ་སོག་ཡུལ་ནས་ཉི་ཧོང་དུ་སླར་ཆིབས་༸ཞལ་བསྒྱུར་གནང་མཛད་དེ་ཚེས་ ༢༦ བར་༸གང་ཉིད་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་khanazawa དང་ས་ Saitama མང་ཚོགས་ལ་བཀའ་སློབ་བསྩལ་བ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པ་རེད། གཞི་རྩའི་སོག་ཡུལ་གཞུང་ནས་རྒྱ་གཞུང་གིས་༸གོང་ས་མཆོག་སོག་ཡུལ་ནང་དུ་གདན་ཞུ་གནང་པར་དགག་བྱ་བྱེད་པར་ལྟོས་མེད་རྒྱལ་ཁབ་ཀྱི་རིན་ཐང་ལ་བརྩི་བཀུར་ཞུས་ཏེ་མགོན་པོ་མཆོག་ཡུལ་དེར་གདན་ཞུས་གནང་པར་བསྔགས་བརྗོད་ཞུས་པ་དང་སྦྲགས། སོག་པོའི་གཞུང་མིག་དཔེར་བཟུང་ནས་ནང་པའི་རྒྱལ་ཁབ་གཞན་ཚོས་ཀྱང་༸གོང་ས་མཆོག་གདན་འདྲེན་ཞུ་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་སོག་པོའི་སྲིད་གཞུང་གིས་མགོན་པོ་མཆོག་སོག་ཡུལ་དུ་གདན་ཞུས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པར་དགའ་བསུ་དང་གཞུང་དེ་ཉིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པར་བསྔགས་བརྗོད་ཞུས་ཡོད།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་གིས་༸གོང་ས་མཆོག་སོག་ཡུལ་དུ་གདན་ཞུས་ཐུབ་པར་སོག་ཡུལ་གཞུང་ལ་བསྔགས་བརྗོད་ཞུས་འདུག

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་པས་སོག་པོའི་གཞུང་གིས་༸གོང་ས་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱང་ཆེད་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་མཐུན་འགྱུར་ཞུས་པར་བསྔགས་བརྗོད་ཞུས་འདུག དེ་ཡང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་པས་ཁ་སང་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་། ༸གོང་ས་མཆོག་ཉེ་ཆར་སོག་ཡུལ་ནང་དུ་ཆིབས་བསྒྱུར་གྱིས་ཁུལ་དེའི་སོག་པོ་ནང་པ་ཚོར་གསུང་ཆོས་བསྩལ་ཐུབ་པར་སོག་ཡུལ་གཞུང་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས། ལྷག་དོན་དུ་རྒྱ་གཞུང་གིས་དགག་བྱེད་པར་ལྟོས་མེད་སོག་ཡུལ་གཞུང་ནས་རྒྱལ་ཁབ་ཀྱི་རིན་ཐང་ལ་བརྩི་བཀུར་ཞུས་ཏེ་མགོན་པོ་མཆོག་ཡུལ་དེར་གདན་ཞུས་གནང་པ་ལྟར། སོག་པོའི་གཞུང་མིག་དཔེར་བཟུང་ནས་ནང་པའི་རྒྱལ་ཁབ་གཞན་ཚོས་ཀྱང་༸གོང་ས་མཆོག་གདན་འདྲེན་ཞུ་ཐབས་གནང་དགོས་པའི་འབོད་སྐུལ་གནང་འདུག དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh ལགས་ནས་ཀྱང་རང་གི་ Twitter དྲ་གནས་ཐོག་ ཉེ་ཆར་སོག་པོའི་སྲིད་གཞུང་གིས་མགོན་པོ་མཆོག་སོག་ཡུལ་དུ་གདན་ཞུས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པར་དགའ་བསུ་དང་གཞུང་དེ་ཉིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པར་བསྔགས་བརྗོད་ཀྱང་ཞུས་འདུག གཞན་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་རྒྱའི་ཐོག་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་ཀྱང་ཉེ་ཆར་སོག་ཡུལ་དུ་༸གོང་ས་མཆོག་གིས་མཛད་འཕྲིན་བསྐྱངས་པ་འདི་གལ་གནད་ཆེན་པོ་ཆགས་ཡོད་སྐོར་ལ་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ ༸གོང་ས་མཆོག་དེ་སྔ་ ༡༩༥༩ ནས་བཟུང་བོད་མི་ཁོ་ནའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ནའང་། ད་ཆ་རྒྱུན་སྲོལ་གྱི་བསམ་བློ་དེ་རིམ་བཞིན་འགྱུར་བ་ཕྱིན་ནས་མགོན་པོ་མཆོག་ལ་དད་གུས་བྱེད་མཁན་ཤར་ཕྱོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཙམ་མིན་པར་རྒྱལ་སྤྱིའི་ཡུལ་གྲུ་གང་ས་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག དཔྱད་རྩོམ་དེའི་ནང་ཁོང་གིས་ད་དུང་སོག་ཡུལ་ལྟར་བུར་ཆ་མཚོན་ན་ལོ་རྒྱུས་ཀྱི་ཐོག་ནས་སོག་ཡུལ་མི་མང་དང་༸གོང་ས་མཆོག་གི་དབར་ལ་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཡོད་ཅིང་། དེ་མཚུངས་སོག་ཡུལ་མི་མང་ཁྲོད་ནས་མང་ཆེ་བ་ནང་ཆོས་ཀྱི་རྗེས་འཇུག་པ་ཞིག་ཡིན་སྟབས། ད་ལན་གྱི་ཆིབས་བསྒྱུར་སྐབས་མང་ཚོགས་ཀྱིས་༸གང་ཉིད་མཆོག་ལ་དད་གུས་ཀྱི་རྣམ་པ་མངོན་གསལ་གནང་ཐོག་གནམ་གཤིས་གྲང་ངར་ལ་མ་ལྟོས་པར་ས་ཐག་རིང་པོ་ནས་མགོན་པོ་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་རྒྱུ་དང་ཞལ་མཇལ་ཐོབ་ཕྱིར་ཆེད་བཅར་ཞུས་ཡོད་སྐོར་སོགས་བཀོད་འདུག ལྷག་དོན་དུ་རྒྱ་ནག་གཞུང་ནས་དུས་ཡུན་རིང་པོར་༸གོང་ས་མཆོག་ལ་འགྲེལ་བརྗོད་ལོག་པ་བརྒྱབ་ཏེ། ༸སྐུ་ཉིད་མཆོག་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ལས་དཀའ་ངལ་བཟོ་གཞི་ཞིག་ལ་ངོས་འཛིན་གྱིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམ་པའི་ཐོག་ནས་མགོན་པོ་མཆོག་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་ཆིབས་བསྒྱུར་མཛད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་སྟབས། འཛམ་གླིང་ཐོག་ཡོད་པའི་རྒྱལ་ཁབ་ཆེ་གྲས་གཞན་ཚོས་རྒྱ་གཞུང་གིས་གནོན་ཤུགས་ལ་མགོ་འགུར་ཡོད་པ་མངོན་གསལ་དང་སྦྲགས་ད་ལན་སོག་པའི་སྲིད་གཞུང་གིས་རྒྱ་གཞུང་གིས་གནོན་ཤུགས་འོག་ཏུ་མ་ཕྱིན་པ་དེས་དོན་དངོས་ཐོག་ཡུལ་དེའི་འགོ་ཁྲིད་རྣམ་པས་སོག་ཡུལ་རྒྱལ་ཁབ་ཀྱི་རྩ་འཛིན་དང་རིན་ཐང་ཁག་སྲུང་སྐྱོབ་བྱས་པ་ཞིག་མཚོན་གྱི་ཡོད་སྐོར་བརྗོད་འདུག ལར་ནས་བུ་ཆུང་ཚེ་རིང་ལགས་ཀྱིས་དཔྱད་རྩོམ་དེའི་བརྒྱུད་ད་ལན་སོག་ཡུལ་གྱི་སྙིང་སྟོབས་ལྡན་པའི་དམིགས་དཔེར་བཟང་པོ་དེ་རིམ་བཞིན་རྒྱལ་ཁབ་གཞན་ཚང་མའི་ནང་ལ་ཁྱབ་ཐུབ་པ་གནང་སྟེ་ནམ་ཞིག་རྒྱ་ནག་ནང་ལ་ཡོད་པའི་རྒྱ་རིགས་ནང་པ་ཚོའི་ངོས་ནས་ཀྱང་མགོན་པོ་མཆོག་གི་དྲུང་ནས་གསུང་ཆོས་ཞུ་ཕྱིར་རྒྱ་གཞུང་གི་གནོན་ཤུགས་འོག་མ་ཚུད་པར་བཀའ་ཆོས་ཞུ་ཐུབ་རྒྱུར་འབད་དགོས་གལ་ཡིན་པ་ནན་བརྗོད་གནང་འདུག  

༸གོང་ས་མཆོག་སོག་ཡུལ་ནང་གི་མཛད་འཆར་ལེགས་གྲུབ་ཀྱིས་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནང་ཉིན་གྲངས་བཞིའི་རིང་བཀའ་ཆོས་དང་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ། དེ་བཞིན་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་ཉི་ཧོང་དུ་ཉིན་རྒྱབ་ཚོུད་ ༢།༣༠ ཡོལ་ཙམ་ལ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག དེ་ཡང་༸གོང་ས་མཆོག་གིས་སོག་ཡུལ་ནང་གི་མཛད་འཆར་ཁག་ལེགས་གྲུབ་དང་བསྟུན་སླར་ཉི་ཧོང་དུ་ཆིབས་བསྒྱུར་མཛད་དོན་ནི་༸གང་ཉིད་མཆོག་གིས་ཟླ་འདིའི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༡༩ རིང་ཉི་ཧོང་དུ་མཛད་འཕྲིན་རྒྱ་ཆེ་བསྐྱང་གཏན་འཁེལ་ཡང་། ཕྱི་ཚེས་ ༡༨ ཉིན་མགོན་པོ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ཁག་ཅིག་རེ་ཞིག་མཇུག་སྒྲིལ་མཛད་ནས་སོག་ཡུལ་དུ་ཆིབས་བསྒྱུར་མཛད་ཡོད་སྟབས། སླར་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ཅིག་འཕྲོ་སྐྱོང་མཛད་ཕྱིར་སོག་ཡུལ་ནས་ཉི་ཧོང་དུ་ཆིབས་བསྒྱུར་མཛད་པ་ཞིག་ཡིན་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་སང་ཚེས་ ༢༤ ཉིན་སྔ་དྲོ་ཉི་ཧོང་གི་གྲོང་ཁྱེར་ Khanazawa ཕྱོགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད། དེའང་ཁུལ་དེར་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུ་ཕུལ་དོན་ལྟར་སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་། ཚེས་ ༢༥ ཉིན་རྒྱབ་ཁུལ་དེའི་ཆོས་ཞུ་བ་ཁག་ཅིག་ལ་བཀའ་ཆོས་བསྩལ་རྒྱུ་མ་ཟད། དེ་རྗེས་ཚེས་ ༢༦ ཉིན་ཉི་ཧོང་གི་གྲོང་ཁྱེར་ Sayitama ནང་དུ་རྟེན་གཞི་བྱས་པའི་སྨན་ཁང་ཞིག་ཏུ་ཆིབས་བསྒྱུར་གྱིས་སྨན་ཁང་གི་འགན་འཛིན་དང་འབྲེལ་ཡོད་རྣམ་པར་འཚམས་འདྲི་ཞུ་རྒྱུ་དང་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་འདུག ༸གོང་ས་མཆོག་གིས་སོག་ཡུལ་ནང་གི་གསར་འགོད་པའི་བཀའ་འདྲི་དང་ལེན་མཛད་པ་དང་སྦྲགས་མགོན་པོ་མཆོག་གིས་ད་ལན་སོག་ཡུལ་དུ་དུས་ཡུན་ཐུང་ངུ་འདིའི་ནང་མཛད་འཆར་ཁག་དོན་སྙིང་ལྡན་པ་ཞིག་བྱུང་སོང་ཞེས་བཀའ་བསྩལ་གནང་པ་དང་འབྲེལ། མགོན་པོ་མཆོག་གིས་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དབར་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཞིག་ཡོད་པ་དང་༸གང་ཉིད་མཆོག་དང་ཆེས་མཛའ་བའི་གྲོགས་པོ་ཡིན་་སྟབས། མགོན་པོ་༸གང་ཉིད་མཆོག་གིས་རིན་པོ་ཆེ་སྐུ་ཐོག་གོང་མར་སོག་ཡུལ་རང་དུ་ཡང་སྤྲུལ་འཁྲུངས་དགོས་གལ་ཡིན་པ་བཀའ་བསྩལ་དོན་ལྟར། ཡང་སྤྲུལ་འདི་ནི་འཁྲུལ་བྲལ་ཞིག་ཡིན་པ་བཀའ་བསྩལ་འདུག ལྷག་དོན་༸གོང་ས་མཆོག་གིས་ད་ཆ་ཡང་སྤྲུལ་ལོ་ན་ཆུང་ཆུང་ཡིན་པས་སློབ་གཉེར་གནང་བཅུག་ནས་རིམ་པའི་དགུང་ལོ་གསུམ་བཞི་ལ་ཕེབས་སྐབས་ཡང་སྤྲུལ་ཡོངས་བསྒྲགས་གནང་ན་འགྲིག་སྐོར་ལམ་སྟོན་མཛད་འདུག དེ་རྗེས་ ༸གོང་ས་མཆོག་ལ་མ་འོངས་པར་སོག་ཡུལ་དུ་དུས་དབང་བསྩལ་རྒྱུ་ཐད་བཀའ་འདྲི་ཞུས་པར་བཀའ་ལན་དུ་མགོན་པོ་མཆོག་གིས་དེའི་ཐོག་མ་འོངས་པར་དགོངས་བཞེས་གནང་རྒྱུ་ཡིན་པ་དང་གལ་ཏེ་ཐུགས་གཏན་འཁེལ་ཚེ་དབྱར་དུས་སུ་གནང་ཐུབ་ན་ལེགས་ཚུལ་གྱི་བཀའ་སྩལ་ཡོད་པ་རེད། གཞན་ཡང་༸གོང་ས་མཆོག་ལ་གསར་འགོད་པས་༸སྐུ་ཉིད་ད་རེས་སོག་ཡུལ་ནང་ཆིབས་བསྒྱུར་མཛད་པར་རྒྱ་གཞུང་གིས་སྐྱོན་བརྗོད་ཐེངས་གཉིས་བྱས་ཡོད་པ་དེའི་ཐད་དགོངས་ཚུལ་ཇི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་རྒྱ་གཞུང་གི་བྱེད་སྟངས་དེ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། ༸སྐུ་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་ད་ལྟའི་ཆར་ཉི་ཧོང་དང་སོག་ཡུལ་གཉིས་མ་གཏོགས་ནང་པའི་རྒྱལ་ཁབ་གཞན་ཁག་ཏུ་ཕེབས་ཆོག་གི་མེད་པ་བཀའ་བསྩལ་བ་དང་སྦྲགས། རྒྱ་གཞུང་གིས་ངོས་རྒྱལ་ཁབ་ཁ་བྲལ་བ་ཞིག་ཡིན་པར་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་ཐོག་ནས་༸གང་ཉིད་རང་བཙན་རྩོད་ཀྱི་མེད་པར་ངོས་ལེན་ཞུ་བཞིན་ཡོད་སྐོར་དང་། མགོན་པོ་མཆོག་ནས་དུས་རྟག་ཏུ་ཕྱོགས་གཉིས་ཀར་ཕན་པ་ཞིག་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་གནང་འདུག

༸གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་དང་ཆོས་ཀྱི་བསླབ་བྱ་གཉིས་ཟུང་འབྲེལ་ཐོག་སོག་ཡུལ་དེ་དམིགས་དཔེ་འོས་པ་ཞིག་བཟོ་དགོས་པར་ལམ་སྟོན་མཛད་འདུག

དེ་རིང་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གྱི་རྒྱལ་ས་ ཨུ་ལཱན་བ་ཏར་ནང་དུ་རྟེན་གཞི་བྱས་པའི་སོག་ཡུལ་གྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་ཆེན་མོར་ཁུལ་དེའི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་རྣམས་ལ་མཇལ་ཁ་དང་དུས་རབས་ ༢༡ པའི་ནང་པ་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་བསྩལ་འདུག སྐབས་དེར་༸གང་ཉིད་མཆོག་གིས་སློབ་མ་ཁག་ནས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་བ་དང་སྦྲགས། སོག་པོའི་རྒྱལ་ཁབ་ནང་རིམ་བཞིན་དེང་དུས་ཀྱི་ཤེས་ཡོན་ཅན་མང་པོ་ཐོན་བཞིན་ཡོད་པ་མ་ཟད། རིག་གཞུང་གི་ཆ་ནས་དཔལ་ན་ལནྡྲའི་ཆོས་ཉམས་ལེན་གནང་མཁན་ཞིག་ཡིན་སྟབས། དཀའ་ངལ་ཕྲན་བུ་འཕྲད་པ་ལ་མ་ལྟོས་པར་ཤེས་ཡོན་དང་ཆོས་ཀྱི་བསླབ་བྱ་གཉིས་ཟུང་འབྲེལ་གྱིས་སོག་པོ་དེ་ཞི་བདེ་ལྡན་པའི་རྒྱལ་ཁབ་གཅིག་པོ་ཙམ་མིན་པར། ཁྱད་པར་དུ་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ལ་དམིགས་དཔེ་འོས་པ་ཞིག་བཟོ་རྒྱུའི་ནུས་པ་ཆ་ཚང་ཡོད་པ་རེད་ཅེས་སོགས་བཀའ་ནན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དངོས་གཞི་སྩལ་སྐབས་སུ་ཆེས་ཐོག་མར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་སྐྱེས་དམ་བཅའ་གསུམ་པོའི་ངོ་སྤྲོད་དང་འབྲེལ། འདས་པའི་དུས་རབས་ནང་ལ་འཚེ་བའི་ལས་འདྲ་མིན་བྱུང་ཡོད་ཀྱང་། འདས་ཟིན་པའི་ལོ་རྒྱུས་ལ་ང་ཚོས་འགྱུར་བ་ཞིག་གཏོང་ཐབས་མེད་པར་བརྟེན་དུས་རབས་ ༢༡ པ་འདི་བཞིན་འཚེ་བ་མེད་ཅིང་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུར་ང་ཚོ་ཚང་མ་ལ་ནུས་ཤིག་ཡོད་སྟབས། ང་ཚོ་དང་ཁྱད་པར་དུ་གཞོས་སྐྱེས་ཚོ་ལའང་འགན་འཁྲིད་དམིགས་བསལ་བ་ཞིག་ཡོད་སྐོར་བཀའ་བསྩལ་འདུག ད་དུང་༸གང་ཉིད་མཆོག་གིས་དེང་སྐབས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་སོགས་ཀྱི་རྐྱེན་པས་འགྲོ་བ་མི་ཕན་ཚུན་དབར་བསད་རེས་བྱེད་རྒྱུ་དེ་དག་རྒྱུན་ལྡན་ལྟ་བུ་ཞིག་ཏུ་འགྱུར་བཞིན་པ་དེ་ནི་ཤིན་ཏུ་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་སྐོར་བཀའ་སྩལ་དང་ཆབས་ཅིག  དེང་སྐབས་གོ་ལ་གཅིག་འགྱུར་གྱི་དུས་རབས་འདིའི་ཁྲོད་རྒྱལ་ཁབ་དང་མི་སེར་ཚང་མ་གཅིག་ཕན་གཅིག་གྲོགས་གནང་ནས་འཚོ་གནས་བྱ་རྒྱུ་གནད་ཆེ་ཡིན་པའི་ལམ་སྟོན་ཡང་བསྩལ་ཡོད་པ་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༢༠༠ ལྷག་གི་རིང་ལ་ཤེས་ཡོན་གྱི་ལྟེ་གནས་ཁག་ཏུ་ཕྱི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ཁོ་ནར་དམིགས་ཏེ་དེང་དུས་ཅན་གྱི་ཤེས་ཡོན་ Modern Educarion སློབ་གསོ་ཞེས་པ་ཞིག་ལག་བསྟར་གནང་པ་དེས་འགྲོ་བ་མིའི་སྤྱི་ཚོགས་ནང་ལ་དོན་སྙིང་ལྡན་པའི་བདེ་སྐྱིད་བསྐྲུན་རྒྱུར་ངེས་པ་མེད་ཅེས་བཀའ་བསྩལ་མཛད་པ་དང་འབྲེལ། སློབ་མ་རྣམས་ལ་བཟང་སྤྱོད་ཀྱི་སློབ་གསོ་གནང་དགོས་གལ་ཡིན་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་འདས་པའི་ལོ་ཤས་གོང་ནས་རྒྱལ་སྤྱིའི་ཚན་རིག་པ་དང་མཁས་པ་མང་པོའི་ལྷན་དུ་བགྲོ་གླེང་དང་བརྟག་དཔྱད་རབས་དང་རིམ་པ་མཛད་མཐར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་ཞིག་སྤེལ་གནང་མཛད་ཡོད་པ་དང་། དེ་འབྲེལ་སློབ་དེབ་ཞིག་གང་མགྱོགས་འདོན་སྤེལ་གནང་འཆར་ཡོད་པ་མ་ཟད། སློབ་དེབ་དེ་དག་སློབ་གྲྭ་ཁག་ཏུ་སློབ་ཁྲིད་ཐུབ་རྒྱུར་འབད་བཙོན་ཞུ་མུས་ཡིན་ཅེས་བཀའ་བསྩལ་འདུག ཤེས་རྟོགས་བྱུང་བར་གཞིགས་ཚེ། སང་ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནང་གི་མཛད་འཕྲིན་ཁང་ལེགས་པར་གྲུབ་རྗེས་ཁུལ་དེའི་རྒྱལ་ས་ཨུ་ལཱན་བ་ཏར་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་རེད་འདུག ཟླ་འདིའི་ཚེས་ ༢༣ ནས་ ༢༦ བར་༸གང་ཉིད་མཆོག་ནས་ཉི་ཧོང་གི་གྲོང་ཁྱེར་ Khanazawa དང་། Saitama གཉིས་སུ་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་ཡོད་པ་དང་། ཚེས་ ༢༧ ཉིན་༸གང་ཉིད་མཆོག་གིས་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱ་གར་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་འདུག

Latest news