Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་དབུལ་ཕོངས་ཚོར་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐོག་ཕན་པ་གང་ཐུབ་གནང་གལ་ཡིན་པ་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཟག་ཕྱུག་པོ་རྣམས་ནས་དབུལ་ཕོངས་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་རོགས་རམ་གང་ཐུབ་གནང་དགོས་གལ་ཡིན་པའི་བཀའ་བསྩལ་འདུག དེ་ཡང་ཁ་སང་ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་གསང་སྔགས་དགོན་པ་རྙིང་ཤོས་སུ་གྲགས་པ་ཀོན་གོ་བྷུ་ཇི་ Kongobuji དགོན་པའི་ཉེ་འཁྲིས་སུ་ཆགས་པའི་ཚོགས་ཁང་ཞིག་ཏུ་དུས་རབས་ ༢༡ ནང་པ་ཚོའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་དངོས་གཞི་དབུ་འཛུགས་མ་མཛད་གོང་། ཚོགས་བཅར་བ་ཁག་ཅིག་ནས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་བ་དང་འབྲེལ། སྤྱིར་འགྲོ་བ་མིའི་ཁྲོད་ལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་དག་གང་ཟག་སོ་སོའི་ལས་འབྲས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དབུལ་ཞིང་ཕོངས་པ་རྣམས་ལ་རེ་བ་དང་ཡིད་ཆེས་འཕར་མ་ཞིག་བསྐྲུན་ཐབས་སུ་གང་ཟག་ཕྱུག་པོ་རྣམས་ཀྱིས་ཉམ་ཐག་པའི་འགྲོ་བ་དེ་དག་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་རོགས་རམ་གང་ཐུབ་གནང་དགོས་གལ་ཡིན་པ་བཀའ་སྩལ་གནང་པ་དང་ཆབས་ཅིག ལྷག་དོན་དབུལ་ཕོངས་རྣམས་ཀྱིས་ཀྱང་རང་ཉིད་ཉམ་ཐག་ཡིན་བསམ་ནས་ཡིད་མ་ཞུམ་པར་ངས་ཀྱང་འཇོན་གྱི་རེད་བསམ་པའི་ཐོག་ནས་བློ་སྤོབས་སྐྱེས་དགོས་གལ་ཡིན་པ་བཀའ་ནན་ཟབ་མོ་མཛད་འདུག དེ་བཞིན་ཚོགས་བཅར་བ་ཁག་ཅིག་གིས་༸གང་ཉིད་མཆོག་ལ་སྡུག་བསྔལ་གྱིས་མནར་བ་རྣམས་ཇི་ལྟར་གནང་ནས་སྐྱོབ་དགོས་མིན་ཐོག་བཀའ་འདྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འགྲོ་བ་ཀུན་གྱི་བསམ་བློའི་ནང་སྡུག་བསྔལ་ཇི་ཙམ་ཡོད་མེད་ཕྱིར་མངོན་ཐུབ་ཀྱི་མེད་ཀྱང་། ལུས་ཀྱི་སྡུག་བསྔལ་ལས་སེམས་ཀྱི་སྡུག་བསྔལ་དེ་ཚབས་ཆེ་བ་ཡོད་སྐོར་བཀའ་སྩལ་དང་འབྲེལ་ཏེ་ང་ཚོས་རྒྱུན་དུ་ནང་སེམས་ཀྱི་སྡུག་བསྔལ་སེལ་རྒྱུར་འབད་བརྩོན་གང་མང་གནང་དགོས་པར་ལམ་སྟོན་བསྩལ་ཡོད། དེ་རྗེས་༸གང་ཉིད་མཆོག་གིས་དུས་རབས་ ༢༡ ནང་པ་ཚོའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དངོས་གཞི་དབུ་འཛུགས་གནང་པ་དང་འབྲེལ། ཆོས་སྤྱི་དང་སྒོས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་ནི། རིག་པའི་ལམ་ནས་བརྟག་ཞིང་དཔྱད་ནས་ཆོས་ཐམས་ཅད་ཀྱི་དངོས་ཡོད་གནས་ལུགས་གང་ཡིན་ཤེས་ཐབས་གནང་བཞིན་ཡོད་པ་ལས། དད་པ་དང་རྨོངས་ཞེན་བྱེད་ན་རྩ་བ་ནས་འགྲིག་གི་མེད་སྐོར་གསུངས་པ་མ་ཟད། དེར་བརྟེན་དུས་རབས་ ༢༡ ནང་པ་རྣམས་ནས་ཆོས་འདི་བཞིན་ཚན་རིག་དང་མཐུན་པའི་རིག་པའི་ལམ་ནས་དཔྱད་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་གསུངས་པར་ངོས་ཀྱིས་ལོ་ངོ་ ༣༠ ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་པ་ཡིན། དེང་སྐབས་ཚན་རིག་པ་ཚོས་འཇིག་རྟེན་ཁམས་ཀྱི་རིག་པ་དང་། Cosmology གས་ཐོར་ཆེན་པོ། Big Bang Theory སོགས་ནང་པའི་གཞུང་ནས་ཀྱང་གསུངས་ཡོད། དེ་བཞིན་དབང་རྩ་དང་། ཀླད་པ་དང་བློའི་བྱེད་ལས་ཀྱི་རྣམ་གཞག ཀོན་ཊམ་དངོས་ཁམས་རིག་པ། Quantum Physics རྣམས་ཀླུ་སྒྲུབ་ཀྱི་གསུང་སོགས་ནང་པའི་གཞུང་ནང་གསལ་ཡོད། བློའི་རྣམ་གཞག་དང་འབྲེལ་ནས་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཧ་ཅང་གི་ཚད་མཐོ་པོ་སླེབས་ཡོད་ཅེས་སོགས་བཀའ་བསྩལ་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཉི་ཧོང་ཀོ་ཡ་སན་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཁུལ་དེའི་རྒྱལ་ས་ Tokyo ནང་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང་། སང་ཉིན་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་མཐུན་ཚོགས་ཁང་དུ་ Pacifico Yokohama Hall བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་རེད་འདུག

༸གོང་ས་མཆོག་གིས་གསང་སྔགས་བསྡུས་པའི་དགོན་ཁག་གི་བླ་ཆེན་རྣམས་དང་མཇལ་འཕྲད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གནས་རི་རྩ་ཆེན་Koyasan དུ་ཆིབས་བསྒྱུར་གནང་པ་དང་། ཁུལ་དེའི་གསང་སྔགས་བསྡུས་པའི་མ་དགོན་ Kongobuji གཙོས་པའི་དགོན་ཁག་གི་བླ་ཆེན་རྣམས་དང་ལྷན་མཇལ་མཛད་འདུག དེ་རིང་ཟླ་ ༡༡ ཚེས་ ༡༤ ཉིན་སྔ་དྲོ་ཉི་ཧོང་གི་གསང་སྔགས་བསྡུས་པའི་མ་དགོན་ Kongobuji ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར།  མགོན་པོ་མཆོག་གིས་ Kongobuji དགོན་པར་ཆིབས་བསྒྱུར་བསྐྱངས་ཏེ་ དགོན་པའི་མཁན་པོ་བགྲས་གཞོན་གཉིས་ཀྱིས་གཙོས་པའི་ཁུལ་དེའི་དགོན་ཁག་གི་བླ་ཆེན་དང་མཁན་པོ་རྣམས་ལ་མཇལ་འཕྲད་མཛད་ཡོད་པ་དང་། ཉིན་རྒྱབ་ Koyasan གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ ༡༣༠ འཁོར་བའི་བརྟེན་འབྲེལ་མཛད་སྒོར་དབུ་བཞུགས་ཀྱིས་དད་ལྡན་མང་ཚོགས་ ༦༠༠ ལྷག་ལ་མི་གཡོ་བའི་རྗེས་གནང་བཀྲིན་བསྩལ་འདུག སྐབས་དེར་མགོན་པོ་མཆོག་གིས་མང་ཚོགས་ལ་རྒྱུན་ལྡན་གྱི་ཆོ་ག་ཕྱག་ལེན་ཙམ་མིན་པར་ནང་ཆོས་ལ་སློབ་གཉེར་གནང་སྟེ་དུས་རབས་ ༢༡ པའི་ནང་ཆོས་སྐོར་ལ་གོ་རྟོགས་ལེགས་པོ་དགོས་གལ་ཆེ་བ་དང་། ཁྱད་པར་དུ་སློབ་གཉེར་གནང་མཁན་ཚོས་དུས་རབས་ ༢༡ དང་མཐུན་པའི་སློབ་སྦྱོང་གནང་དགོས་པར་བཀའ་བསྩལ་འདུག ༸གོང་ས་མཆོག་ཉི་ཧོང་གི་གནས་རི་རྩ་ཆེན་ Koyasan དུ་ཆིབས་བསྒྱུར་མ་མཛད་གོང་། ཟླ་ ༡༡ ཚེས་ ༡༠ ནས་དབུ་འཛུགས་ཀྱིས་གྲོང་ཁྱེར་ཨོ་ས་ཀའི་ནང་ཉིན་གྲངས་གསུམ་རིང་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བསྩལ་ཡོད་པ་དང་། ཁ་ཉིན་མགོན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མ་མཛད་པའི་སྔ་རོལ་དུ་བོད་རིགས་དང་རྒྱ་རིགས་མི་གྲངས་ ༡༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག སྐབས་དེར་མགོན་པོ་མཆོག་གིས་རྒྱ་རིགས་རྣམས་ཕ་མེས་ནས་ནང་པའི་རྗེས་འབྲང་པ་ཞིག་ཡིན་སྟབས་ནང་ཆོས་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་། ལྷག་པར་དུ་གང་ཟག་སྒེར་ལ་མཚོན་ན་རང་གི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་གང་ཡིན་པ་དེར་དོ་སྣང་བྱེད་ནས་སློབ་སྦྱོང་དང་ཉམས་ལེན་བྱ་རྒྱུ་འོས་ཤིང་འཚམས་པ་ཞིག་ཆགས་ཡོད་སྐོར་བཀའ་གནང་འདུག  མགོན་པོ་མཆོག་ལ་མཚོན་ནའང་ཆོས་ལུགས་བརྗེ་འགྱུར་གྱི་བྱ་སྤྱོད་དེའི་རིགས་རྩ་བ་ནས་གནང་གི་མེད་ཅེས་བཀའ་ནན་བསྩལ་ཡོད། ལྷག་དོན་རྒྱ་རིགས་དེ་དག་ལ་ནང་པའི་ལྟ་གྲུབ་ནི་ཧ་ཅང་གི་ཟབ་ཅིང་རླིང་བ་ཡོད་པ་དང་། དེ་མཚུངས་ཚན་རིག་དང་མཉམ་བསྐྱོད་ཆོག་པའི་ཆོས་ཡིན་སྐོར་དང་འབྲེལ་ཚན་རིག་པ་ཚོས་ཀྱང་ནང་པའི་ལྟ་གྲུབ་ལས་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་བསྐྲུན་རྒྱུའི་ཐོག་དོ་སྣང་ཧ་ཅང་ཆེན་པོ་བྱེད་མུས་ཡིན་སྐོར་སོགས་གསུངས་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཆོས་འབྲེལ་ཐོག་བཅར་བའི་བོད་རིགས་རྣམས་ལ་བོད་ཡིག་སློབ་རྒྱུ་ནི་ཆེས་གནད་ཆེ་ཡིན་པ་བཀའ་བསྩལ་དང་སྦྲགས། དེང་སྐབས་འཛམ་གླིང་འདིའི་ནང་དུ་དཔལ་ན་ལེནྡྲའི་མཁས་པ་ཚོས་མཛད་པའི་གཞུང་ལུགས་དེ་དག་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་དགོས་ཚེ། བོད་སྐད་ནང་བཞིན་སྐད་ཡིག་གཞན་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། ལྷག་དོན་དུ་ནང་ཆོས་ནས་གསུང་པའི་ཚད་མ་རིག་པ་དང་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ཐོག་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པར་སྐུལ་ལྕག་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཚེས་ ༡༥ ཉིན་སྔ་དྲོ་ཚོུད་ ༩ ནས་ ༡༠།༣༠ བར་༸གོང་ས་མཆོག་གིས་ཉི་ཧོང་དད་ལྡན་མང་ཚོགས་ལ་དུས་རབས་ ༢༡ པའི་ནང་ནང་པའི་དགོས་དམིགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་། དེ་རྗེས་ཉི་ཧོང་གི་རྒྱལ་ས་ Tokyo ཕྱོགས་སུ་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག

༸གོང་ས་མཆོག་གིས་ཨོ་ས་ཀ་གྲོང་ཁྱེར་དུ་ཉིན་གསུམ་གྱི་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་དད་ལྡན་མང་ཚོགས་ ༡༠༠༠ ལྷག་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད། དེ་རིང་ཟླ་ ༡༡ ཚེས་ ༡༡ ཉིན་སྔ་དྲོ་ ༸གོང་ས་མཆོག་གིས་ཉི་ཧོང་གྲོང་ཁྱེར་ཨོ་ས་ཀའི་ནང་དུ་རྟེན་གཞི་བྱས་པའི་ Seifu སློབ་གྲྭ་ཆེན་མོའི་ཚོགས་ཁང་དུ་ཉི་ཧོང་གི་དད་ལྡན་གཙོ་བོར་གྱུར་པའི་རྒྱ་ནག་སྐམ་ས་ཆེན་པོ་ནས་ཆེད་བཅས་ཞུས་པའི་རྒྱ་རིགས་བཅས་ཁྱོན་མང་ཚོགས་ ༡༠༠༠ བརྒལ་བར་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དབུ་འཛུགས་གནང་འདུག སྐབས་དེར་༸གོང་ས་མཆོག་གི་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་ལ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་༸གོང་ས་༸སྐྱབས་མགོན་ཆེན་པོ་ད་རེས་སླར་ཡང་ཉི་ཧོང་དུ་ཆིབས་བསྒྱུར་གྱིས་ཉི་ཧོང་མང་ཚོགས་ལ་བཀའ་ཆོས་དང་བཀའ་དབང་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པར་བཀྲིན་བླ་མེད་ཆེ་ཞུས་པ་དང་འབྲེལ།  མགོན་པོ་༸གང་ཉིད་མཆོག་གིས་ངེས་པར་༸སྐུ་གཟུགས་ལ་ཐུགས་འཇག་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་འདུག དེ་རིང་སྔ་དྲོའི་ཆོས་འབྲེལ་གྱི་མཛད་རིམ་ལེགས་པར་གྲུབ་རྗེས་༸གང་ཉིད་མགོན་གིས་ཉི་ཧོང་དགོན་པའི་མཁན་པོ་སྐུ་བགྲེས་ཁག་ཅིག་དང་ལྷན་དུ་ཉིན་གུང་ལྗངས་སྨན་ལྷན་བཞེས་མཛད་པ་མ་ཟད། ཉི་ཧོང་གི་ས་གནས་འདྲ་མིན་ནས་ཕེབས་པའི་ཆོས་ལུགས་སྐྱིད་སྡུག་ཚོགས་ཁག་གི་བླ་ཆེན་བཅུ་གྲངས་ཤིག་དང་ཟུར་དུ་མཇལ་མོལ་དང་བཀའ་བསྡུར་གནང་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཚེས་ ༡༢ ཉིན་སྔ་ཐོག་༸གོང་ས་མཆོག་ནས་ཁུལ་དེའི་སྐྱིད་སྡུག་ཚོགས་པ་འདྲ་མིན་ཁག་དང་མཇལ་འཕྲད་གནང་རྒྱུ་དང་།  གོང་ཚེས་ཉིན་རྒྱབ་ཚོུད་ ༡༢ ནས་ ༣ བར་དད་ལྡན་ཆོས་ཞུ་བ་ཚོར་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་རེད་འདུག རྩ་བའི་༸གོང་ས་མཆོག་གིས་ཁ་སང་ཉི་ཧོང་གི་རྒྱལ་ཡོངས་གཟུགས་མཐོང་རླུང་འཕྲིན་ Asahi TV དང་ TBS གཉིས་ཀྱི་བཀའ་འདྲིར་དང་ལེན་གནང་པའི་ཁྲོད། མགོན་པོ་མཆོག་ཉི་ཧོང་ནང་ཡང་ཡང་ཆིབས་བསྒྱུར་བསྐྱང་དོན་གང་ཡིན་བཀའ་འདྲི་ཞུས་པར་ངོས་ལ་གདན་ཞུ་གསོལ་འདེབས་གནང་ཡོད་པ་དེར་ངོས་ལེན་མི་བྱེད་ན་དེ་ནི་གླེན་རྟགས་ཤིག་ཡིན་པར་བཀའ་ལན་མཛད་འདུག ཁྱད་པར་དུ་༸གང་ཉིད་མཆོག་གིས་ངོས་རང་འགྲོ་བ་མི་དུང་ཕྱུར་ ༧༠ ཡོད་པའི་ནང་གི་མི་གཅིག་ཡིན་སྟབས། ང་ཚོ་ཚང་མར་འགྲོ་བ་ཀུན་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུའི་ལས་འགན་ཡོད།  དེས་ན་ངོས་རང་ཡུལ་གྲུ་འདྲ་མིན་ཁག་ཏུ་བསྐྱོད་རྒྱུའི་གོ་སྐབས་ཐོབ་སྐབས་གྲོ་བ་གཞན་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་གལ་སྐོར་ལ་བསམ་ཚུལ་བརྗེ་ལེན་བྱས་ཀྱི་ཡོད་ཅེས་བཀའ་ལན་བསྩལ་འདུག དེ་བཞིན་༸གོང་ས་མཆོག་ལ་ཉེ་ཆར་ཨ་རིའི་འོས་བསྡུའི་ལས་རིམ་ཐད་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་ཨ་རི་འདི་རྒྱལ་སྤྱིའི་ཐོག་མང་གཙོ་དང་རང་དབང་། ཁྲིམས་ལ་བརྩི་སྲུང་གནང་མཁན་གྱི་རྒྱལ་ཁབ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང་། ཉེ་ཆར་འོས་བསྡུའི་ལས་རིམ་དེས་ཨ་རི་མི་མང་གི་འདུན་པ་མཚོན་ཡོད་པ་ལས་ཨ་རིའི་ནང་འགྱུར་བ་རླབས་ཆེན་ཞིག་ཡོང་བར་ཐུགས་རེ་གནང་གི་མེད་ཅེས་བཀའ་ལན་མཛད་འདུག ལྷག་དོན་མགོན་པོ་མཆོག་གིས་དེ་སྔའི་ཨ་རིའི་སྲིད་འཛིན་རིམ་བྱོན་དང་གྲོས་ཚོགས་འཐུས་མི་ཁག་དང་མཇལ་འཕྲད་མཛད་དོན་ལྟར།  ད་ལྟའི་སྲིད་འཛིན་ཌོ་ནལ་ཊམ་དང་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་འདུག  

༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ཕུལ་དགོས་པའི་འབོད་སྐུལ་ཞུ་རྒྱུ།

རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དུ་རྟེན་གཞི་བྱས་པའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་དབུས་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ཕུལ་དགོས་པར་འབོད་སྐུལ་ཞུ་གཏན་འཁེལ་འདུག ཁ་སང་ཚེས་ ༡༠ ཉིན་ The Arunachal Times སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་ཉིན་ཚེས་ ༩ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར་ Itanagar ནང་དུ་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Gicho Kabak ལགས་དང་ཚོགས་གཞོན་སྐུ་ཞབས་ Tanyong Tadak ལགས་རྣམ་གཉིས་གཙོས་པའི་ཚོགས་མི་རྣམས་ལྷན་འཛོམས་ཀྱི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག སྐབས་དེར་ཚོགས་བཅར་བ་རྣམས་སྤྱི་མོས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་བཞེས་ཐོག་བཀའ་སློབ་ལམ་སྟོན་མཛད་མཁན་རྒྱལ་སྤྱིའི་ཁྲོད་བླ་ན་མེད་པའི་དབུ་ཁྲིད་ཞིག་ཡིན་པར་འགྲེལ་བརྗོད་གནང་པ་དང་འབྲེལ། རྒྱ་གར་གཞུང་ནས་མགོན་པོ་༸གང་ཉིད་མཆོག་གིས་ད་བར་རྒྱ་གར་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་འགྲོ་བ་མའི་རིང་ཐང་ཐོག་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་དང་གྲུབ་མུས་ཁག་ལ་ངོས་འཛིན་གྱིས་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་སུ་གྲགས་པ་རྒྱ་གར་རིན་པོ་ཆེ་འམ་བྷཱརཏ་རཏྣ་ཞེས་པ་དེ་མགོན་པོ་མཆོག་ལ་ངེས་པར་དུ་འབུལ་ལམ་ཞུས་དགོས་པ་རེད་ཅེས་གསུངས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐའི་གཟེངས་རྟགས་ भारत रत्न ཞེས་པ་དེ་གང་མགྱོགས་ཕུལ་རྒྱུའི་ཐུགས་ཐག་གཅོད་ཐུབ་ཐབས་སུ་ཚོགས་པ་དེའི་ངོས་ནས་རིང་མིན་སྲིད་བློན་མོ་དཱི་མཆོག་དང་དངོས་སུ་མཇལ་འཕྲད་ཞུས་ནས་དེ་ལྟར་དོན་སྨིན་སོན་པའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ཕུལ་གཏན་འཁེལ་ཡོད་པ་རེད། གཞི་རྩའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཙམ་མ་ཟད། ཉེ་ཆར་བཞུགས་སྒར་དུ་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་བརྩམས་པའི་ཧི་མཱ་ལ་ཡའི་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཧིན་དྷིའི་སྐད་ཡིག་སྟེང་ཡོད་པའི་ལོ་རྒྱུས་ཀྱི་ཕྱག་དེབ་གཅིག་དབུ་འབྱེད་བཀྲིན་བསྩལ་སྐབས། སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་མཐོང་ཆེ་ཤོས་སུ་གྲགས་པ་ Bharat Ratna ཞེས་པ་དེ་ངེས་པར་དུ་འབུལ་ལམ་ཞུས་དགོས་ཅེས་གསུངས་གསུང་བཤད་གནང་ཡོད་པ་རེད། རྩ་བའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་བློན་ཆེན་གཞོན་པ་ Chbowna Mein མཆོག དེ་བཞིན་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་ T.N Thongdok མཆོག་བཅས་ཀྱིས་གཙོས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་སང་ཕོད་ཟླ་ ༣ ནང་ཁུལ་དེར་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་གིས་འཚེ་བ་མེད་པའི་དུས་རབས་ཤིག་བསྐྲུན་རྒྱུར་གཞོན་སྐྱེས་ཚོར་འགན་འཁྲི་ཆེན་པོ་ཡོད་པ་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མཆོག་གིས་ Seifu Gakuan སློབ་གྲྭར་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་ཡ་རབས་བཟང་པོའི་སྤྱོད་པ་གོང་འཕེལ་གཏོང་ཐབས་ཀྱི་སློབ་ཁྲིད་བྱ་དགོས་པ་ལམ་སྟོན་མཛད་འདུག དེ་རིང་ཟླ་ ༡༡ ཚེས་ ༡༠ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་ས་ཀ་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ Seifu Gakuan མཐོ་འབྲིང་སློབ་གྲྭར་ཆིབས་བསྒྱུར་གྱིས་དགེ་ལས་སློབ་ཕྲུག་ ༣༠༠༠ བརྒལ་བར་དུས་རབས་ཉེར་གཅིག་པའི་ནང་ལ་ནང་ཆོས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་རེད། སྐབས་དེར་མགོན་པོ་མཆོག་གིས་འདས་ཟིན་པའི་དུས་རབས་ཉི་ཤུ་པ་དེ་མི་ཕན་ཚུན་དབར་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་ཡོད་པ་བཀའ་སྩལ་དང་འབྲེལ། ད་ལྟའི་དུས་རབས་ ༢༡ པ་དེ་འཚེ་བ་མེད་པའི་དུས་རབས་ཤིག་བསྐྲུན་རྒྱུར་གཞོན་སྐྱེས་ཚོ་ལ་གོ་སྐབས་དང་འགན་འཁྲི་དམིགས་བསལ་བ་ཞིག་ཡོད་པར་བཀའ་ནན་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་འགྲོ་བ་མིའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་དང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ནུས་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བྱམས་བརྩེའི་སྤྱི་ཚོགས་དང། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བསྐྲུན་ཐབས། ལྷག་པར་དུ་ན་གཞོན་ཚོའི་ཤེས་ཡོན་སློབ་གསོའི་ཁྲོད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གཞི་ཁ་སྐོང་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་བསྩལ་འདུག ༸གོང་ས་མཆོག་གིས་དེ་རིང་ Seifu Gakuan སློབ་གྲྭར་ཆིབས་བསྒྱུར་གྱིས་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་བ་མ་ཟད། སློབ་གྲྭ་དེའི་ཚོགས་ཁང་གསར་རྒྱག་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་གྲུབ་རྗེས། རྒྱལ་ཡོངས་གཟུགས་མཐོང་རླུང་འཕྲིན་ Asahi TV དང་ TBS གཉིས་ཀྱི་བཀའ་འདྲིར་དང་ལེན་ཡང་མཛད་འདུག རྩ་བའི་སང་ཉིན་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གི་ཉི་ཧོང་མང་ཚོགས་ལ་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དང་སྒྲོན་ལྗང་གི་བཀའ་དབང་སོགས་བསྩལ་རྒྱུ་དང་། ཟླ་བ་འདིའི་ཚེས་ ༡༦ ནས་དབུ་འཛུགས་ཀྱིས་རྒྱལ་ས་ Tokyo དང་ Yokohama དེ་བཞིན་གྲོང་ཁྱེར་ Moroyama བཅས་ཀྱི་ནང་ཆིབས་བསྒྱུར་བསྐྱང་ནས་མང་ཚོགས་ལ་བཀའ་སློབ་དང་གནད་ཡོད་མི་སྣ་མཇལ་འཕྲད་སོགས་ཀྱི་མཛད་འཆར་ཁག་ཅིག་ཡོད་པ་རེད།

༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་སྲིད་འཛིན་གསར་པར་འཚམས་འདྲི་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ནས་འདེམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་མཆོག་ལ་འཚམས་འདྲི་གནང་འདུག དེ་ཡང་ཁ་ཉིན་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ Donald Trump མཆོག་ཨ་མི་རི་ཀའི་སྲིད་འཛིན་ ༤༥ པར་འདེམས་ཐོན་གྱིས་རྒྱལ་ཁ་ཐོབ་པ་དང་བསྟུན།  ཁ་སང་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་མཆོག་ལ་འཚམས་འདྲི་བསྩལ་བའི་ནང་། ༸གོང་ས་མཆོག་གིས་༸གང་ཉིད་མཆོག་མཆོག་གིས་ཡུན་རིང་ནས་ཨ་རི་འདི་རྒྱལ་སྤྱིའི་ཐོག་མང་གཙོ་དང་རང་དབང་། ཁྲིམས་ལ་བརྩི་སྲུང་གནང་མཁན་གྱི་རྒྱལ་ཁབ་ཡིན་པར་ངོས་འཛིན་གྱིས་བསྔགས་བརྗོད་ཞུ་བཞིན་ཡོད་པ་མ་ཟད། ཨ་རིའི་མང་གཙོའི་ཕུགས་བསམ་དང་འཆར་སྣང་། ལྷག་པར་དུ་འགོ་ཁྲིད་ཀྱི་ནུས་པའི་ཐད་ལ་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནས་རེ་བ་ཆེན་པོ་ཞུ་བཞིན་ཡོད་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་ཨ་རིའི་སྲིད་འཛིན་རིམ་བྱོན་རྣམས་དང་མང་ཚོགས་ཡོངས་ཀྱིས་བོད་མི་དང་། དེ་བཞིན་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་ཀྱི་ཐུན་མིན་ཆོས་རིག་ཁག་སྲུང་སྐྱོབ་ཆེད་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་པར་ཆེ་བསྟོད་མཛད་པ་དང་སྦྲགས། སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་ལམ་ལྷོང་ཡོང་བར་བཀྲིས་པའི་ཐུགས་སྨོན་ཡོད་ཅེས་གསུང་འཕྲིན་བསྩལ་འདུག དེ་བཞིན་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཀྱང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་དང་གཞིས་བྱས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཌོ་ནལ་ཊམ་མཆོག་དང་ཁོང་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྦྲགས། སྲིད་འཛིན་གྱི་ལས་ཡུན་རིང་ལས་དོན་མཐའ་དག་ལམ་ལྷོང་ཡོང་བར་སྨོན་འདུན་ཞུས་འདུག སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ནང་།  ཨ་རི་གཞུང་མང་གཉིས་ཀྱིས་ལན་མང་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་ཡང་ཡང་གདན་ཞུ་གནང་བར་བཀའ་དྲིན་བསམ་ཤེས་གནང་བཞིན་ཡོད་པ་མ་ཟད། ལྷག་དོན་ཨ་རི་གཞུང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་སྦྲགས། ༸གོང་ས་མཆོག་དང་རྒྱ་ནག་དཔོན་རིགས་དབར་གྲོས་མོལ་གྱིས་ཕན་ཚུན་མི་མཐུན་པ་རྣམས་སེལ་ཏེ་ཞི་བདེའི་ཁོར་ཡུག་བསྐྲུན་ཐབས་སུ་རྒྱབ་སྐྱོར་གནང་པ་དེ་དག་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་རྒྱལ་ཁའི་གསུང་བཤད་གནང་སྐབས་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་རྩ་འཛིན་གནང་ ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མར་དྲང་བདེན་ཐོག་ནས་གཟིགས་རྟོག་གནང་སྟེ་འབྲེལ་ལམ་ཞུ་རྒྱུ་ཡིན་སྐོར་གསུངས་དོན་ལྟར། སྲིད་འཛིན་མཆོག་གི་སྲིད་གཞུང་གིས་ཞི་བའི་ཐོག་ནས་བོད་ཀྱི་གནད་དོན་གསལ་ཆེད་རྒྱ་ནག་དང་ལྷན་གྲོས་མོལ་ཡོང་སླད་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་རེ་སྐུལ་ཞུས་འདུག དེ་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ནས་བོད་དོན་ཐོག་རྟག་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་རྣམས་རྒྱབ་ཏུ་སྐྱུར་ནས་བོད་དོན་ལ་ཐུན་མོང་གིས་རྒྱབ་སྐྱོར་དང་༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཞུ་བཞིན་ཡོད་པར་བརྟེན། རྒྱ་ནག་གི་བཙན་གནོན་དབང་སྒྱུར་འོག་ཡོད་པའི་བོད་མི་དང་།  འཛམ་གླིང་གི་ས་ཕྱོགས་འདྲ་མིན་ཁག་ཏུ་རང་དབང་ལ་ལོངས་སུ་སྤྱོད་བཞིན་པའི་བོད་མི་རྣམས་ལ་ཨ་རིའི་གཞུང་མང་གཉིས་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཆགས་ཡོད།  སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་སྲིད་འཛིན་གྱི་ལས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་དང་བོད་མི་ཚོར་འབྲེལ་ལམ་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་པ་དང་། ཨ་རིའི་ཕུགས་བསམ་གྱི་མདུན་ལམ་ཁག་ཞི་བདེ་བརྟན་ལྷིང་ཐོག་གོམ་པ་མདུན་སྤོས་ཐུབ་རྒྱུར་ཡིད་ཆེས་ཞུ་བཞིན་ཡོད་ཅེས་གསུངས་འདུག གཞི་རྩའི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ Donald Trump མཆོག་ཁ་ཉིན་ཨ་རི་རྒྱལ་ཡོངས་སུ་གནང་པའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་ཁྲོད། ཨ་རིའི་མངའ་སྡེ་ཁག་ལ་འཆར་འགོད་གནང་པའི་ US Electoral College ཞེས་པར་དགོས་ངེས་འོས་བསྡུའི་གྲངས་ཚད་ ༥༣༨ ནས་ ༢༧༦ ཐོབ་སྟེ་རང་ཉིད་ཀྱི་ཁ་གཏད་འོས་མི་ཨ་རི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ Hilary Clinton ལགས་རྒྱལ་ཁ་ཤོར་ནས་ཁོང་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་ཡོད།  སང་ཕོད་ཟླ་དང་པོའི་ནང་ཨ་མི་རི་ཀའི་སྲིད་འཛིན་གྱི་དམ་འབུལ་གནང་པ་དང་སྦྲགས། སྲིད་འཛིན་གྱི་ཐུགས་འགན་དངོས་སུ་བཞེས་གནང་གི་ཡོད་པ་རེད།    

༸གོང་ས་མཆོག་དེ་རིང་ཉིན་རྒྱབ་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་ཆིབས་བསྒྱུར་བསྐྱངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་དབུ་འཛུགས་དང་སྦྲགས། ཁུལ་དེའི་གྲོང་ཁྱེར་རྙིང་གྲས་ Kyoto ནང་གི་ཧོ་གཱན་ཇི་ནང་པའི་དགོན་པར་ཆིབས་བསྒྱུར་དང་མང་ཚོགས་ལ་བཀའ་སློབ་བསྩལ་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་ཧོ་གཱན་ཇི་ནང་པའི་དགོན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། མགོན་པོ་མཆོག་གིས་དེ་རིང་སྔ་དྲོ་ཚོུད་༡༡།༠༠ ཐོག་གྲོང་ཁྱེར་ Kyoto ནང་རྟེན་གཞི་བྱས་པའི་Hoganji ནང་པའི་དགོན་པར་ཆིབས་བསྒྱུར་གྱིས་ཚོུད་གཉིས་རིང་དགོན་པ་དེའི་འབྲེལ་ཡོད་རྣམས་ཀྱིས་གཙོས་དད་ལྡན་མང་ཚོགས་བཅས་ཁྱོན་མི་གྲངས་ ༦༠༠ ལྷག་ལ་ནང་པའི་སྙིང་པོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་དགོན་པའི་མཁན་པོ་ལྷན་དུ་ཉིན་གུང་ལྗངས་སྨན་ལྷན་བཞེས་གྲུབ་རྗེས་གྲོང་ཁྱེར་ Osaka ལ་ཕེབས་ཐོན་མཛད་ནས་དེ་རིང་ཉིན་རྒྱབ་ཚོུད་ ༤།༠༠ ཡོས་ཙམ་ལ་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་ཉི་ཧོང་ཧོ་གཱན་ཇི་ནང་པའི་དགོན་པའི་མཁན་པོ་དང་ལས་བྱེད་མང་ཚོགས་བཅས་མི་གྲངས་ ༦༠༠ ལྷག་ལ་དགོན་པ་འདི་ནི་ནང་པའི་དགོན་པ་ཞིག་ཡིན་སྟབས། ནང་པའི་ཆོས་ལ་རྨོངས་དད་ཙམ་མིན་པར་ཤེས་ནས་དད་ཐོབ་པ་ཞིག་གནང་གལ་ཆེ་ཞིང་། ལྷག་དོན་དུས་རབས་ཉེར་གཅིག་གི་ནང་པ་ཞིག་ཆགས་ཐབས་ལ་འབད་བརྩོན་གནང་དགོས་སྐོར་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག མཛད་རིམ་ལྟར་ན། སང་ཞོགས་མགོན་པོ་༸གང་ཉིད་མཆོག་གྲོང་ཁྱེར་ Osaka རྟེན་གཞི་བྱས་པའི་ Seifu Gakuan མཐོ་འབྲིང་སློབ་གྲྭར་ཆིབས་བསྒྱུར་གནང་སྟེ་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་ ༣༠༠༠ ལྷག་ལ་བླང་དོར་བཀའ་སློབ་བསྩལ་རྒྱུ་དང་།  ཉིན་རྒྱབ་ཉི་ཧོང་གི་རྒྱལ་ཡོངས་གཟུགས་མཐོང་རླུང་འཕྲིན་གཉིས་ཀྱི་བཀའ་འདྲིར་དང་ལེན་གྱིས་བཀའ་སློབ་མཛད་རྒྱུ་ཡིན་འདུག དེ་རྗེས་ཚེས་ ༡༠ ཉིན་ནས་དབུ་འཛུགས་ཀྱིས་མང་ཚོགས་ལ་སྤྱོད་འཇུག་ཆེན་མོའི་བཀའ་འབྲེལ་དང་སྒྲོན་ལྗང་གི་བཀའ་དབང་བསྩལརྒྱུ་སོགས་ཀྱི་མཛད་འཆར་རྒྱ་ཆེ་བསྐྱང་རྒྱུ་ཡིན་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་དུ་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད། ཉེ་ཆར་མགོན་པོ་མཆོག་གིས་ཨ་རིའི་སྤྱི་ཚོགས་ཚན་རིག་པ་དང་རོལ་མོ་བ་སྐུ་ཞབས་ Arthur C. Brooks ལགས་དང་ལྷན་ New York Times གསར་ཤོག་ཐོག་དེང་དུས་ཀྱི་འཛམ་གླིང་འདིའི་སྟེང་འགྲོ་བ་མིའི་ཁྲོད་ནང་སེམས་ཀྱི་བདེ་སྐྱིད་འཁྲུག་པའི་ངལ་བ་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་དང་། འགྲོ་བ་མིར་ཉེ་མཁོ་གཙོ་བོ་གང་ཡིན་སྐོར་ལ་དཔྱད་རྩོམ་ཞིག་འདོན་སྤེལ་གནང་འདུག དཔྱད་རྩོམ་དེའི་ནང་༸གོང་ས་མཆོག་གིས་འཛམ་གླིང་འདིའི་སྟེང་ལ་ཡོད་པའི་ཆོས་ལུགས་ཚང་མའི་བསྟན་བྱ་གཙོ་བོ་ཞི་བདེ་དང་བརྩེ་བ་གཉིས་ལ་ཐུག་ཡོད་མེད་ལ་མ་ལྟོས་པར། འགྲོ་བ་མི་རྣམས་ད་དུང་འཇིགས་སྣང་དང་ངེས་མེད་ཐོག་འཚོ་བཞིན་ཡོད་པ་མ་ཟད། ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་ལ་སྡང་འཛིན་དང་འཚེ་བའི་བྱ་སྤྱོད་ཤུགས་ཆེ་སྤེལ་བཞིན་ཡོད་པ་བཅས་ནི་དེང་སྐབས་འཆར་ཅན་ཞིག་ཏུ་གྱུར་ཡོད་པ་མ་ཟད།  ལྷག་དོན་འགྲོ་བ་མི་གཅིག་ལ་དཔལ་འབྱོར་དང་གཞི་རྩའི་དགོས་མཁོ་ཆ་ཚང་ལྡན་ཡོད་ཀྱང་།  ད་དུང་སེམས་པ་སྐྱིད་པོ་མེད་པ་དང་འདོད་བློ་མི་ཁེངས་པ་སོགས་ཀྱི་དཀའ་ངལ་མང་དག་ཞིག་འཕྲད་མུས་ཡིན་སྟབས།  གང་ཟག་གཅིག་གིས་གཞན་ལ་ཕན་ཐོགས་པའི་བྱ་བ་ཞིག་བསྒྲུབ་ཐུབ་ཚེ་དེ་ནི་དོན་དངོས་སེམས་ལ་བེད་སྐྱིད་ཞིག་ཐོབ་ངེས་ཡིན་་པ་གསུངས་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་དུ་༸ཞབས་སོར་བདེ་བར་འཁོད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཐོ་རངས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཕེབས་ཐོན་མཛད་ཡོད་པ་ལྟར། ༸གང་ཉིད་མཆོག་ཉིན་རྒྱབ་ཏུ་ཉི་ཧོང་ནང་༸ཞབས་སོར་བདེ་བར་འཁོད་གནང་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་གྲངས་ ༡༩ རིང་ཉི་ཧོང་གི་རྒྱལ་ས་ Tokyo དང་གྲོང་ཁྱེར་ Osaka གཙོས་པའི་ས་གནས་ཁག་ཅིག་གི་ནང་མང་ཚོགས་རྣམས་ལ་བཀའ་སློབ་དང་བཀའ་ཆོས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་དོན་ལྟར། དེ་རིང་ཟླ་ ༡༡ ཚེས་ ༨ ཉིན་རྒྱབ་ཚོུད་ ༡༢།༣༠ ཐོག་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་གི་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་གནང་འདུག སྐབས་དེར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་དང་ཆིབས་བསྒྱུར་གསོལ་འདེབས་ཞུས་མཁན་གསང་བ་འདུས་པ་སྐྱིད་སྡུག་ཚོགས་པའི་སྐུ་ཚབ་རྣམ་པ། ལྷག་དོན་དུ་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཉི་ཧོང་ Seifū High Schoo ཞེས་སློབ་གྲྭའི་གཙོ་འཛིན་སྐུ་ཞབས་ Koichi Hiraoka ལགས་གཙོས་གནད་ཡོད་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན་ཁུལ་དེའི་བོད་མི་ཚོས་བོད་ལུགས་ལྟར་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་གྲོ་སོ་ཕྱེ་མར་འདེགས་འབུལ་གྱིས་༸གོང་ས་མཆོག་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད་རྗེས་ཉི་ཧོང་གི་རྒྱལ་སྤྱིའི་གནམ་ཐང་ན་རི་ཏའི་ཉེ་འཁྲིས་སུ་ཡོད་པའི་བཞུགས་གནས་གསོལ་མགྲོན་ཁང་དུ་༸སྐུ་ལྷོད་བཞུགས་ཞག་མཛད་རྒྱུ་རེད་འདུག མཛད་འཆར་ལྟར་ན། སང་ཟླ་ ༡༡ ཚེས་ ༩ ཉིན་༸གོང་ས་མཆོག་གིས་ཁུལ་དེའི་རྒྱལ་ས་རྙིང་གྲས་ Kyoto དང་ཉི་ཧོང་གྲོང་ཁྱེར་ཨོ་ས་ཀ་ནང་བཞུགས་ཞག་ཉིན་བཞིའི་རིང་དད་ལྡན་མང་ཚོགས་རྣམས་ལ་བཀའ་ཆོས་དང་བཀའ་དབང་། ད་བཞིན་བཀའ་སློབ་འབྲེལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་རྒྱུ་ཡིན་འདུག  ཕྱི་ཚེས་ ༡༤  དང་ ༡༥ ཉིན་ཁུལ་དེའི་གནས་རི་རྩ་ཆེན་ Koyasan དུ་རྟེན་གཞི་བྱས་པའི་Koyasan གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་དབང་དང་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། དེ་བཞིན་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ Tokyo དང་། Yokohama ནང་གི་སློབ་གྲྭ་ཁག་ཏུ་བཀའ་སློབ་དང་གནད་ཡོད་མི་སྣར་མཇལ་འཕྲད་མཛད་རྒྱུ་རེད་འདུག ལྷག་དོན་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་མཐུན་ཚོགས་ཁང་དུ་ Pacifico Yokohama Hall བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། Compassion – The Key to Happiness ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བཀའ་བཀྲིན་བསྩལ་གནང་མཛད་རྒྱུ་མ་ཟད།  ཕྱི་ཚེས་ ༢༦ དང་ ༢༧ ཉིན་གྲོང་ཁྲེར་ Moroyama ནང་དུ་རྟེན་གཞི་བྱས་པའི་ Saitama སྨན་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་སྨན་པ་དང་སྨན་ཞབས་པ། དེ་བཞིན་ལས་བྱེད་ཚོར་བླང་དོར་གྱི་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་བཞུགས་ཞག་ཉིན་གྲངས་ ༡༩ རིང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཟླ་བ་འདིའི་ཚེས་ ༢༧ ཉིན་རྒྱ་གར་ཕྱོགས་སུ་ཆིབས་བསྒྱུར་གནང་མཛད་རྒྱུ་རེད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཉི་ཧོང་ནང་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཆིབས་སྒྱུར་མཛད་འདུག་པ་དང་། ད་ལན་གྱི་ཆིབས་སྒྱུར་འདི་ནི་འདི་ལོའི་ནང་ཉི་ཧོང་དུ་ཆིབས་བསྒྱུར་མཛད་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། ད་བར་༸གང་ཉིད་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་ཐེངས་ ༢༣ བསྐྱངས་ཡོད་པ་རེད།

སོ་ལོ་ཝཀ་ཡའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་རྐྱེན་རྒྱ་གཞུང་གིས་ཡུལ་དེའི་སྲིད་བློན་དང་མཇལ་འཕྲད་ཕྱིར་འཐེན་བྱས་འདུག

ཡོ་རོབ་དབུས་རྒྱལ་ཁབ་སོ་ལོ་ཝཀ་ཡའི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་གྱིས་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་པར་བརྟེན་རྒྱ་གཞུང་གི་སྲིད་བློན་ལི་ཁ་ཅང་གིས་སོ་ལོ་ཝཀ་ཡའི་སྲིད་བློན་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཕྱིར་འཐེན་བྱས་འདུག དེའང་ཟླ་བ་སྔོན་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་Slovakia རྒྱལ་ས་ Bratislava ནང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀྲིན་བསྐྱངས་པར་འཚམས་འདྲི་ཞུས་པ་དང་འདི་བཞིན་རྒྱལ་ས་ Bratislava ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་མ་ཟད་སྲིད་འཛིན་མཆོག་གི་ངོ་དེབ་སྟེང་མགོན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས། ཁོང་སྲིད་འཛིན་དུ་འཁོད་ནས་ད་རེས་༸གོང་ས་མཆོག་དང་མཇལ་ཐེངས་ཐོག་མ་འདི་བརྒྱུད་ནང་ཆོས་ཀྱི་ལྟ་གྲུབ་སྐོར་ལ་བློ་བསྐྱེད་བྱུང་ཡོད་སྐོར་གསུངས་ཡོད་པ་རེད། གནད་དོན་དེའི་ཁྲོད་བདུན་ཕྲག་སྔོན་མའི་ནང་ཡོ་རོབ་རྒྱལ་ཁབ་ latvia རྒྱལ་ས་ Riga ནང་དུ་རྒྱ་ནག་དང་ཡོ་རོབ་དཀྱིལ་ཤར་ཡུལ་གྲུ་ཁུལ་གྱི་དབུ་ཁྲིད་ ༡༦ དབར་ལ་མཉམ་འབྲེལ་ལས་དོན་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ད་རེས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྐབས་དེར་རྒྱ་ནག་གི་སྲིད་བློན་ལི་ཁ་ཅང་གིས་ལྷན་ཚོགས་དེའི་ཁྲོད་ལ་ Slovakia རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ Robert Fico མཆོག་གཞུང་འབྲེལ་མཇལ་འཕྲད་ཞུ་རྒྱུའི་ལས་རིམ་ཕྱིར་འཐེན་བྱས་འདུག དེ་ལྟར་བྱ་དོན་ནི་ཉེ་སྔོན་སོ་ལོ་ཝཀ་ཡའི་རྒྱལ་ཁབ་ཀྱིས་༸གོང་ས་མཆོག་ཡུལ་དེའི་ནང་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ཁུལ་དེའི་ནང་གི་གནས་སྡོད་བོད་མི་དང་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་བ་དང་ཆབས་ཅིག ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་ཀྱང་༸གོང་ས་མཆོག་དང་ལྷན་མཇལ་གྱིས་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་བ་བཅས་ལ་བརྟེན་ནས་དེ་ལྟར་བྱས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་པ་མ་ཟད། ལྷག་དོན་རྒྱ་ནག་གཞུང་གིས་མ་འོངས་པར་སོ་ལོ་ཝཀ་ཡས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐོག་སྣང་ཆུང་གཏོང་ཚེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེར་ཉེན་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པར་ཉན་བརྡ་ཡང་བཏང་འདུག གནད་དོན་དེའི་ཐོག་ Slovakia རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ Robert Fico མཆོག་གིས་སོ་ལོ་ཝཀ་ཡ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཞིག་བྱུང་ཡོད་པ་དང་། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་ལས་འཆར་ཐོག་མདུན་བསྐྱོད་མ་བྱེད་གོང་ནས་རྒྱལ་ཁབ་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་ལམ་བསྐྱར་བཟོ་བྱ་དགོས་ཞེས་བརྗོད་འདུག རྩ་བའི་རྒྱ་ནག་གཞུང་གིས་ད་ལན་ Slovakia རྒྱལ་ཁབ་ཀྱི་སྲིད་བློན་དང་མཇལ་འཕྲད་ཞུ་རྒྱུ་ཕྱིར་འཐེན་བྱས་པ་ཐེངས་དང་པོ་མིན་པར་འདས་པའི་ལོ་ཤས་ནང་དུ་ཨ་རིའི་སྲིད་འཛིན་ Obama གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་གནད་ཡོད་དབུ་ཁྲིད་རྣམ་པས་༸གོང་ས་མཆོག་དང་མཇལ་མོས་ཞུས་པར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། རྒྱ་ནག་དང་འབྲེལ་ལམ་ལ་དོ་ཕོག་ཆེན་འགྲོ་ངེས་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་དང་གཏོང་མུས་ཡིན་པ་རེད། ཐ་ན་འཛམ་གླིང་ནང་སྒྱུ་རྩལ་བ་ Bon Jovi དང་ Maroon5 དེ་བཞིན་ lady Gaga སོགས་ལ་མགོན་པོ་མཆོག་དང་འབྲེལ་བ་ཡོད་པའི་གནད་དོན་འོག་རྒྱ་ནག་ནང་དུ་འཚོགས་འཆར་ཡོད་པའི་ཁོང་རྣམས་ཀྱི་མཚན་ཚོགས་ཀྱང་ཚོགས་བཅུག་མེད་པ་བཟོས་ཡོད་པ་རེད། དེ་བཞིན་ཉེ་སྔོན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་ Daniel Herman མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་པའི་འོག་ཅེཀ་གཞུང་གིས་ཁོང་གི་ཨ་ཁུར་ཕུལ་རྒྱུའི་གཟེངས་རྟགས་ཕྱིར་འཐེན་གནང་ཡོད་པ་རེད།  

Latest news