Tibetan Royal Year of 2151 | Year of the Wood Dragon

བོད།

རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་གློད་བཀྲོལ་དགོས་བའི་ཞུ་འབོད། 

པེན་རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་འདི་ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་དང་མང་གཙོའི་ལས་འགུལ་བ་སྐུ་ཞབས་ Liu Xiaobo ལགས་སུ་འཛམ་གླིང་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་ནས་མི་ལོ་བཅུ་འཁོར་ལ་ཉེ་བའི་དུས་དྲན་དང་བསྟུན་རྒྱ་ནག་གི་བཙོན་ཁང་ནང་ད་ལྟའང་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་ཁག་ཅིག་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པའི་ཁོངས་སུ་མཆོད་མེ་དྲ་བའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་མཚན་འདོན་གནང་འདུགཚོགས་པ་དེས་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་སྐུ་འཚོ་བཞུགས་ཀྱི་སྐབས་སུ་རྒྱ་ནག་གི་རྩོམ་རིག་ལ་ལེགས་སྐྱེས་ཕུལ་བ་དང་དེ་བཞིན་རྒྱ་ནག་གི་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་སྤེལ་བཏང་བ་སོགས་དང་འབྲེལ་ནས་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་འགོ་འཛུགས་དང་འབྲེལ། ལས་འགུལ་དེ་དང་མཉམ་དུ་རྒྱ་ནག་གི་དབང་བསྒྱུར་གྱི་སྲིད་བྱས་འོག་ཏུ་འཛིན་བཟུང་བཀག་སྐྱིལ་བྱེད་བཞིན་པའི་རྩོམ་པ་པོ་ Gui Minhai དང་། Yang Hengjun དེ་བཞིན་བོད་ནང་གི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ཀྱང་མཚན་འདོན་གནང་སྟེ་རྒྱ་ནག་གིས་ཁོང་ལ་ཁྲིམས་བཤེར་གྱི་ཐོབ་ཐང་ཙམ་ཡང་སྤྲད་མེད་པར་འཛིན་བཟུང་བྱས་པ་མངོན་གསལ་གྱིས་ཆ་རྐྱེན་གང་ཡང་མེད་པར་ཁོང་གང་མགྱོགས་གློད་བཀྲོལ་ཡོང་བར་འབོད་སྐུལ་གནང་འདུག ཐེངས་འདིའི་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་ནི་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་དེ་དག་གི་ད་ལྟའི་གནས་བབ་ལ་རྒྱུས་ལོན་ཡོང་ཐབས་དང་། དེ་བཞིན་ཁྲིམས་རྩོད་པ་རྣམས་ཀྱིས་ཁོང་རྣམ་པའི་གནད་དོན་ལ་རྩོད་ལེན་གནང་རྒྱུར་ཤུགས་སྣོན་རྒྱག་ཐབས། གཞན་ཡང་བཙོན་ཁང་ནང་གི་རྩོམ་པ་དེ་དག་དང་ཁོང་ཅག་གི་ནང་མི་རྣམས་སྤྱི་ཚོགས་ཀྱིས་བརྗེད་མེད་པའི་བརྡ་སྟོན་གྱི་ལས་འགུལ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་བོད་ནང་གི་མཆོད་མེ་དྲ་བའི་རྩོམ་སྒྲིག་པའམ་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ནི་ཕྱི་ལོ་ ༢༠༠༨ ལོའི་བོད་ཁམས་ཡོངས་ཀྱི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས། ཁོང་གིས་རྒྱ་ནག་གི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་གི་འོག ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༦ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་རང་ཁྱིམ་ནས་འཛིན་བཟུང་བྱས། ༢༠༠༩ ལོའི་ཟླ ༡༡ ནང་ས་གནས་སྲིད་གཞུང་ཁྲིམས་ཁང་གིས་ལོ་བཅོ་ལྔའི་དུས་བཅད་བཙོན་འཇུག་བྱས་ཏེ་ད་ཆ་མི་ལོ་ཧྲིལ་པོ་བཅུ་གཅིག་ཙམ་ཕྱིན་ཡོད་པ་རེད། རྩ་བའི་ཕྱི་ཟླ་ ༡༢ ཚེས་༡༠ ཉིན་མོ་ནི་ཕྱི་ལོ་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་ཉིན་མོ་དང་། སྐུ་ཞབས་ Liu Xiaobo ལགས་སུ་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ། དེ་བཞིན་ཁོང་དང་ཁོང་གི་ལས་རོགས། རྒྱ་ནག་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ ༢༠༠༨ ལོའི་བཅའ་ཁྲིམས་ཞེས་པ་འགྲེམས་སྤེལ་གྱིས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་དགོས་པའི་ཞུ་སྐུལ་གནང་བའི་དུས་ཆེན་གསུམ་འཛོམས་ཤིག་འཁེལ་ཡོད་སྟབས། ཞིང་གཤེསགས་དམ་པ་ཁོང་གི་འཐབ་རྩོད་ཀྱི་མི་ཚེར་རྗེས་དྲན་ཞུ་བ་དང་ཆབས་ཅིག རྒྱ་ནག་གི་བཙོན་འོག་གི་རྩོམ་པ་པོ་རྣམས་གློད་བཀྲོལ་ཡོང་ཐབས་ལ་དམིགས་པའི་ལས་འགུལ་ཞིག་སྤེལ་འཆར་འདུག དེའི་བར་ན་བོད་ནང་ནས་འབྲེལ་ཡོད་གནས་ཚུལ་གཞན་ཞིག་ཐོན་པར་མདོ་སྨད་མང་ར་རྫོང་ནས་ཡིན་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཀུན་བཟང་རྒྱལ་མཚན་ཞུ་བ་ཞིག་རྒྱ་ནག་གི་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ཆ་གར་ཡོད་གནས་སྟངས་ཤེས་རྟོགས་མེད་པར་གྱུར་འདུག དེའང་མང་ར་རྫོང་། མགོ་མང་གྲོང་བརྡལ། འབྲོག་རུ་སྡེ་བའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཀུན་བཟང་རྒྱལ་མཚན་ལགས་འདི་ལོའི་དབྱར་ཐོག་ཏུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། མང་ར་ནས་ཡིན་པའི་བཞུགས་སྒར་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན་ལྟར་ན། ཀུན་བཟང་རྒྱལ་མཚན་ལགས་དང་ལྷན་དུ་འཛིན་བཟུང་བྱས་ཏེ་གློད་བཀྲོལ་ཐོབ་མཁན་ཞིག་གིས་ཁོང་གིས་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་ཅིག་བོད་ཁུལ་དུ་ཚོང་འགྲེམས་བྱས་པར་བརྟེན་ནས་འཛིན་བཟུང་བྱས་ཡོད་ལུགས་ངོ་སྤྲོད་བྱས་པ་ལས། ད་ལྟའི་ཆར་ཁོང་གི་ནང་མི་རྣམས་ཀྱིས་ཁོང་གང་དུ་བཀག་སྐྱིལ་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་ཚུལ་འགྲེལ་བརྗོད་གནང་སོང་།  

འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བ་རྣམས་ཡུ་རོབ་ནང་བསྐྱོད་རྒྱུར་བཀག་སྡོམ་བྱེད་རྒྱུ།

ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ནས་ཕྱི་ལོག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཁག་ཡུ་རོབ་ནང་དུ་ཡོང་རྒྱུར་བཀག་སྡོམ་བྱེད་རྒྱུ་ཡིན་པར་མངོན་གསལ་གནང་འདུག

བོད་པའི་བུད་མེད་ཅིག་གིས་སྐད་འཕྲིན་བརྒྱུད་མང་གཙོ་སོགས་ཀྱི་སྐོར་དཔྱད་བརྗོད་སྤེལ་རྐྱེན་བཙན་ཁྲིད་ཀྱིས་བཀག་སྐྱིལ་བྱས་འདུག

བོད་རིགས་བུད་མེད་ཚེ་རིང་མཚོ་ལགས་ཀྱིས་སྐད་འཕྲིན་བརྒྱུད་བློ་སྤོབས་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་ནས་བོད་ནང་དུ་མང་གཙོ་དང་ཁྲིམས་ལུགས་དབང་སྒྱུར་ཐད་ཞུ་འབོད་གནང་བར་བརྟེན་རྒྱ་གཞུང་གིས་ཁོང་བཙན་ཁྲིད་ཀྱིས་བཀག་སྐྱིལ་བྱས་འདུགཉེ་ལམ་ཟླ་ ༡༡ ཚེས་ ༡༢ ཉིན་གྱི་མཚན་མོར་རྒྱ་གཞུང་གི་ལས་བྱེད་བཅུ་ཡོང་ནས་ཚེ་རིང་མཚོའི་ཟི་ལིང་གྲོང་ཁྱེར་གྱི་རང་ཁྱིམ་ནས་ཁྲི་ཀ་རྫོང་གི་སྤྱི་བདེ་ཉེན་རྟོག་ཁང་དུ་བཙན་ཁྲིད་ཀྱིས་ཟླ་ ༡༡ ཚེས་ ༡༣ ནས་ ༢༣ བཅས་ཉིན་གྲངས་བཅུའི་རིང་བཀག་སྐྱིལ་དང་། དེ་བཞིན་དངུལ་གྱི་ཉེས་ཆད་བཅད་འདུག ཁོང་ལ་བཀག་སྐྱིལ་རིང་ཉིན་ལྟར་ཟས་སུ་ཆུ་རྐྱང་དང་རླངས་བཙོས་བག་ལེབ་ཙམ་ལས་མ་སྤྲད་པར་ལྟོགས་སྐོམ་གྱི་མནར་གཅོད་བཏང་ཡོད་པ་རེད་འདུག གཞི་རྩའི་ཁོ་མོ་ནི་དུས་རྒྱུན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་པ་མ་ཟད། དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཡུ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་གཞི་བཟུང་ཁོང་གིས་བོད་མི་ཚོར་ཕྱི་སྐྱོད་ལག་འཁྱེར་སྤྲོད་དགོས་པའི་ཐོབ་ཐང་ཐད་ཞུ་གཏུག་གནང་ཡོད་པ་དང་སྐབས་དེར་ཁོ་མོ་ཡུལ་ཤུལ་སྤྱི་བདེ་ཉེན་རྟོག་ཁང་གི་འདྲི་གཅོད་ཁང་དུ་བཀའ་སྐྱིལ་བྱས་པ་མ་ཟད། ཉེན་རྟོག་པས་གཅར་རྡུང་འཚབས་ཆེན་བཏང་ཡོད་པ་རེད་འདུག  སྤྱིར་ཁོ་མོ་དེ་སྔ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་འགོ་ཁྲིད་འཚམས་གཟིགས་ཀྱི་ལས་གཞིའི་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཐོབ་པ་དང་ཆབས་ཅིག  ཁོང་ཨ་རི་ནས་ཕྱིར་ལོག་རྗེས་རྒྱ་གཞུང་གི་མིང་གཞུང་ནག་པོའི་ཐོ་འགོད་ནང་བཅུག་པ་དང་། ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་རྒྱ་གཞུང་གིས་ལྟ་རྟོག་ནན་པོ་བྱེད་བཞིན་པའི་ཁར་ས་གནས་ཉེན་རྟོག་པས་ཡང་ནས་ཡང་དུ་འབོད་འགུག་གིས་ཁོང་ལ་ཉེན་བརྡ་དང་འཇིགས་སྐུལ་བྱས་ཡོད་པ་རེད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་ཚེ་རིང་མཚོ་ལགས་ལ་བཀག་སྐྱིལ་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་དག་ལ་ངོ་རྒོལ་ཤུགས་ཆེ་ཡོད་ཅེས་གསུངས་འདུག་སྟབས། རླུང་འཕྲིན་ཁང་གིས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་རྒྱ་གཞུང་གིས་དུས་རྟག་ཏུ་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ཁྲིམས་ལུགས་དབང་སྒྱུར་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་བརྗོད་ཀྱི་ཡོད་པ་དེ་ལྟར་ཡང་།  དོན་དམ་ཐོག་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་པ་ལས་གཞི་རིམ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མངོན་འདོད་གཞིར་བཟུང་སྲིད་བྱུས་ལག་བསྟར་བྱེད་ཀྱི་མེད་རྐྱེན་ད་ཆ་གནད་དོན་དེའི་ཐོག་ནས་དཀའ་ངལ་ཆེ་ཤོས་འཕྲད་ཀྱི་ཡོད་སྐོར་གསུངས་སོང་། ཁོང་གིས་ད་དུང་རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་དེ་སྲིད་དབང་གཅིག་སྡུད་དང་སྒེར་གཅོད་རྒྱུན་སྐྱོང་ལ་ཆེད་དམིགས་བྱེད་བཞིན་པ་དང་།  སྲིད་བྱུས་འདིའི་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་གྱི་བོད་རིགས་རྣམས་འཛིན་བཟུང་བཀག་སྐྱིལ་དང་མནར་གཅོད་སོགས་གཏོང་མུས་ཡིན་སྟབས།  རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་བྱུས་ཟེར་བ་གལ་འགངས་ཆེན་པོར་ངོས་འཛིན་རྒྱུ་ཚབ་ཏུ་གཞི་རིམ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་བོ་འཛིན་དགོས་ཞེས་གསུངས་ཡོད། རྩ་བའི་ད་ལན་ཁོང་བཙན་ཁྲིད་སྐབས་རྒྱ་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་བཅའ་ཁྲིམས་དོན་ཚན་ ༢༦ ནང་གསེས་ ༤ པ་དང་འགལ་བའི་ཉེས་འཛུགས་བྱས་ཡོད་པ་དང་།  བཅའ་ཁྲིམས་དེའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་གཞན་ཅེས་གསལ་ཁ་མེད་པའི་ཆ་རྐྱེན་ཡང་བཏོན་འདུག

རྒྱ་གཞུང་ལ་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བསྐོ་རྒྱུའི་ཐོབ་ཐང་མེད།

ཨ་རི་གཞུང་གི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་དམིགས་བསལ་སྐུ་ཚབ་ Sam Brownback ལགས་ཀྱིས་བོད་མི་ཚོར་རང་ཉིིད་ཀྱི་འདོད་མོས་ལྟར་མ་འོངས་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུར་ཨ་རི་གཞུང་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་དང་འབྲེལ། རྒྱ་གཞུང་ལ་གནད་དོན་དེའི་ཐོག་ཐོབ་ཐང་དང་ཐེ་བྱུས་བྱ་རྒྱུའི་དབང་ཚད་རྩ་བ་ནས་ཡོད་མ་རེད་ཅེས་གསུངས་སོང། ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་སུད་སིའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་ཇི་ནི་ཝའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་རི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ནང་གི་ཆོས་དད་རང་དབང་དང༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བསྐོ་བཞག་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་ནས་གླེང་མོལ་ལས་རིམ་ཞིག་སྐོང་ཚོགས་གནང་ཡོད་པ་རེད། ཨ་རི་གཞུང་ཚབ་པ་སྐུ་ཞབས་ Andrew Bremberg ལགས་ཀྱིས་གླེང་མོལ་ལས་རིམ་དེ་གཙོ་སྐྱོང་གནང་སྟེ་ཨ་རི་གཞུང་གི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback ལགས། ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Robert A. Destro ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་ཁུངས་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་བཅས་ཆེད་འབོད་ཀྱིསབོད་ནང་གི་ཆོས་དད་རང་དབང་སྐོར་གླེང་མོལ་གནང་ཡོད་པ་རེད། སྐབས་དེར་སྐུ་ཞབས་ Sam Brownback ལགས་ཀྱིས་གླེང་མོལ་གྱི་ལས་རིམ་འདིི་ནི་དུས་ཚོད་དང་མཐུན་པ་ཞིག་དང་རྒྱལ་སྤྱིའི་མི་མང་ནས་དོ་སྣང་གནང་དགོས་པ་ཞིག་ཆགས་ཡོད་པ་རེད། རྒྱ་ནག་དམར་པོའི་གཞུང་གིས་༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་བསྐོ་བཞག་བྱ་རྒྱུའི་བདག་དེ་རྒྱ་གཞུང་ཁོ་ནར་ཡོད་ལུགས་བརྗོད་བཞིན་ཡོད་པ་དེ་ལྟར་ཡང། བོད་མི་ཚོར་རང་ཉིིད་ཀྱི་འདོད་མོས་ལྟར་མ་འོངས་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་རང་དབང་ཡོད་པ་ལས་རྒྱ་གཞུང་ལ་གནད་དོན་དེའི་ཐོག་ཐོབ་ཐང་དང་ཐེ་བྱུས་བྱ་རྒྱུའི་དབང་ཚད་རྩ་བ་ནས་ཡོད་མ་རེད་ཅེས་གསལ་པོ་གསུངས་པ་མ་ཟད། རྒྱ་དམར་པོའི་གཞུང་གཙོས་འཛམ་གླིང་ཐོག་རྒྱལ་ཁབ་སུ་འདྲ་ཞིག་ལ་ཡང་གནད་དོན་དེའི་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐང་གི་འབྲུ་དོན་ནང་གསལ་བའི་ཆོས་ལུགས་ལ་དད་མོས་བྱེད་མཁན་ཚོའི་གཞི་རྩའི་ཐོབ་ཐང་ཞིག་ཆགས་ཡོད་སྐོར་གསུངས་ཡོད། གླེང་མོལ་ལས་རིམ་གོ་སྒྲིག་དང་གཙོ་སྐྱོང་གནང་མཁན་ཨ་རི་གཞུང་ཚབ་སྐུ་ཞབས་ Andrew Bremberg ལགས་ཀྱིས་དེང་སྐབས་རྒྱལ་སྤྱིའི་ཁྲོད་ཤར་ཏུར་ཀི་སི་ཐན་གྱི་གནད་དོན་གླེང་སློང་ཤུགས་ཆེ་གནང་བཞིན་པའི་དུས་སྐབས་འདིར་ང་ཚོའི་ངོས་ནས་རྒྱ་ནག་གི་བཙན་གནོན་འོག་ལོ་མང་རིང་དཀའ་སྡུག་མྱོང་བཞིན་པ་བོད་པ་ནང་པ་ཚོའི་གནད་དོན་དེ་གཅིག་མཚུངས་ལྟར་གླེང་སློང་དང་དྲན་གསོ་བྱེད་དགོས་ཞེས་དང། བོད་པའི་ནང་པ་ཚོར་ཆོས་དད་རང་དབང་དང་ཆོས་ལུགས་དད་མོས་ནི་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ཞིག་ཡིན་སྟབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚང་མས་དེ་ལྟར་སྲུང་སྐྱོབ་གནང་རྒྱུའི་འོས་འགན་ཡོད་ཅེས་ནན་བརྗོད་གནང་ཡོད། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Robert A. Destro ལགས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་བསྐོ་བཞག་བྱ་རྒྱུའི་བདག་དབང་རྩོད་བཞིན་པ་ནི་རྒྱ་ནག་གཞུང་གི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་འདི་རྒྱ་ནག་དམར་ཤོག་ཅན་དུ་བསྒྱུར་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པ་དང། དེ་འབྲེལ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ཡང་རྩ་མེད་གཏོང་བཞིན་ཡོད་པ་མ་ཟད། དེ་བཞིན་རྒྱ་གཞུང་གིས་རྒྱལ་ནང་གནས་ཚུལ་ཐོག་དོ་དམ་སྟངས་འཛིན་བྱས་དང་བྱེད་མུས་ཡིན་པའི་ཁར་མང་ཚོགས་ཀྱི་བསམ་སྤྱོད་ཐོག་ལའང་སྟངས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་ཡོད། ལྷག་པར་དུ་ཁོང་གིས་བོད་བརྒྱུད་ནང་བསྟན་ནི་རྒྱ་ནག་དམར་པོའི་གཞུང་ལ་བདག་པ་ཞིག་མིན་པར་བོད་མི་དང་དེ་འབྲེལ་རྗེས་འདྲང་པ་ཚོར་བདག་པ་ཞིག་རེད་ཅེས་ནན་བརྗོད་གནང་བ་མ་ཟད། ཨ་རིི་གཞུང་གི་ངོས་ནས་རྒྱ་ནག་གཙོས་རྒྱལ་ཁབ་གང་འདྲ་ཞིག་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུའི་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པར་མ་ཟད་རྒྱ་གཞུང་གིས་འཛམ་གླིང་ཆོས་ལུགས་དང་རྒྱལ་ཁབ་གཞན་གྱི་ཐོག་སྟངས་འཛིན་བྱ་ཐབས་བྱེད་བཞིན་པ་འདི་ནི་འཛམ་གླིང་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཉེན་འཚབ་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུགཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཙམ་མིན་པར་འཛམ་གླིང་སྤྱིའི་གནད་དོན་ཞིག་ཆགས་ཀྱི་ཡོད་རེད། གལ་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་དང་མང་གཙོ་དོན་དོན་གཉེར་བ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནད་དོན་ཐོག་གླེང་སློང་མ་གནང་ཚེ་དེས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་མང་གཙོ་དོན་གཉེར་བ་ཞིག་ཆགས་ཀྱི་ཡོད་མ་རེད་ཅེས་གསུངས་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱི་རྒྱལ་སྤྱིའི་གཞུང་མང་ཚང་མས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་མོལ་གནང་སྐབས་བོད་ནང་གི་ཆོས་དད་རང་དབང་དང་༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་བརྗོད་གཞི་གཙོ་བོར་ངོས་འཛིན་གནང་སྟེ་རྒྱ་ནག་གཞུང་ལ་འདྲི་རྩད་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པར་མང་ཚོགས་ཀྱི་ཆོས་དད་རང་དབང་མཚོན་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་ལ་གུས་བརྩི་ཞུ་བཅུག་དགོས་ཞེས་དང། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་ལས་སྡེ་ཚན་ ༥༠ ཡིས་རྒྱ་ནག་ཐོག་རང་དབང་ཅན་གྱི་དམིགས་བསལ་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་རེ་འདུན་ཆེད་འདོན་གནང་དོན་ལྟར་དེའི་ཐོག་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་དང་ཁྱད་པར་དུ་ཆོས་དད་རང་དབང་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་བསྐོ་བཞག་བྱ་རྒྱུར་རྒྱལ་ཚོགས་ནང་ཚོགས་མི་རྒྱལ་ཁབ་ཁག་ནས་ཟུང་འབྲེལ་གྱིས་བསྒྲགས་གཏམ་སྤེལ་གནང་ཡོང་བ་སོགས་དགོས་འདུན་ཡང་ཆེད་འདོན་གནང་ཡོད་པ་རེད། གཞི་རྩའི་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་གོང་མར་༸གོང་ས་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ཐག་གཅོད་བྱ་རྒྱུའི་ལམ་ལུགས་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་སོགས་བསྐོ་གཞག་གནང་རྒྱུའི་སྲོལ་རྒྱུན་ལམ་ལུགས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པའི་སྤྱི་མོས་ཀྱིས་གྲོས་ཆོད་བཞག་ཡོད་པ་དང་། དེ་བཞིན་ ༢༠༡༩ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་ཟིན་པའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་གནང་དགོས་པ་དང་། གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་བརྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དེ་འབྲེལ་དཔོན་རིགས་ནས་ཐེ་བྱུས་ཞུས་ཚེ་ཨ་རི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་ཚོང་དོན། མཐོང་མཆན་སོགས་བཀག་སྡོམ་གྱི་ཉེས་ཆད་འགེལ་རྒྱུ་ཡིན་པ་བཅས་འཁོད་ཡོད་པ་རེད།

ཉི་ཧོང་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྔ་སྣུར་གྱིས་སྲུང་བརྩི།

ཟླ་བ་འདིའི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ལ་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གཞུང་གིས་དྲག་གནོན་བྱས་མྱོང་ཡོད་པའི་མི་རིགས་ཁག་ཅིག་གི་གཞུང་འབྲེལ་མིན་པའི་ཚོགས་པ་སྟེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྷོ་སོག ཡུ་གུར་བ། ཧོང་ཀོང་། དེ་བཞིན་ཐེ་ཝན་ཚོགས་པ་བཅས་ཟུང་འབྲེལ་གྱིས་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ཁག་ལ་འགོག་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག

རྒྱ་ནག་གི་བདེ་འཇགས་ཚན་ཁག་གི་བོད་རིགས་ལས་བྱེད་རྣམས་ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་སྤྲད་འདུག

རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་ལས་དོན་གཟེངས་ཐོན་གྱི་ཕྱག་ལས་གནང་མཁན་གྱི་མི་སྣར་ལོ་འཁོར་གྱི་གཟེངས་རྟགས་འབུལ་བཞིན་པའི་ཁོངས་སུ། འདི་ལོར་བོད་ཁུལ་གྱི་བདེ་འཇགས་དང་འབྲེལ་བའི་བོད་རིགས་གྲངས་ ༣༠ ལ་མིག་དཔེར་འོས་བའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་སྤྲད་འདུག

ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གསུམ་ལ་ཁྲིམས་ཐག་བཅད་འདུག

དེ་ཡང་ཁ་སང་ཧོང་ཀོང་ཁྲིམས་ཁང་གིས་མང་གཙོའི་ན་གཞོན་ལས་འགུལ་བ་གྲགས་ཅན་ Joshua Wong ལགས་ཀྱིས་ཕྱི་ལོ་༢༠༡༩ ལོར་སྲིད་གཞུང་ལ་རྒོལ་ལན་སློག་པའི་ཉེས་མིང་གི་འོག་ཁོང་ལ་ལོ་གཅིག་དང་ཟླ་བ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་པ་དང་། དེ་བཞིན་ཁོང་གི་ལས་རོགས། ན་གཞོན་བུད་མེད་ Agnes Chow དང་ Ivan Lam ལགས་གཉིས་ཀྱིས་ཀྱང་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་ཀྱི་སྐབས་སུ་མི་མང་ལ་སྐུལ་སློང་གིས་གཞུང་རྒོལ་གྱི་ལས་འགུལ་སྤེལ་བར་བསྙད་ནས་ཟླ་བ་བདུན་ནས་ཟླ་བ་བཅུའི་བར་ཁྲིམས་ཐག་བཅད་འདུག

བོད་ཀྱི་ཁུ་ཚུར་འཐབ་རྒོལ་བ་བསོད་དར་རྒྱས་ལགས་སུ་རྒྱལ་ཁ་ཐོབ་པ།

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བསོད་དར་རྒྱས་ལགས་ཀྱིས་ཐེངས་འདིར་སྐར་ཆ་ ༤༤ ནང་དུ་འགྲན་ཡ་ས་ལ་འགྱེད་ཐུབ་པ་བྱུང་ཡོད་པ་ནི་རྒྱལ་སྤྱིའི་ཁུ་ཚུར་འགྲན་བསྡུར་ UFC ཞེས་པའི་ལོ་རྒྱུས་ཀྱི་ནང་དུ་འགྲན་ཡུན་ཆེས་ཐུང་ཤོས་གསུམ་པའི་ནང་འགྲན་རྒྱལ་བྱུང་བའི་ཟིན་ཐོ་གསར་བ་ཞིག་ཡིན་སྐོར་ཕྱིར་བསྒྲགས་གནང་འདུག

 རྔ་བའི་དགེ་འདུན་པ་ཞིག་འཛིན་བཟུང་གིས་ད་བར་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག

ཨ་མདོ་རྔ་བ་རྫོང་གི་ཉེན་རྟོགས་པས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་གྱི་དགོང་མོར་རྫོང་དེའི་ཀོར་མདོ་ཟེར་བའི་ས་ཚིགས་ཤིག་ནས་དགེ་འདུན་པ་ཚུལ་ཁྲིམས་ལགས་དང་ཁོང་གི་རོགས་པ་གྲྭ་བ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། རོགས་པ་གཉིས་ཉིན་ཤས་རྗེས་གློད་བཀྲོལ་བཏང་ཡོད་ནའང་ཁོང་ད་ཆ་བཙོན་ཁང་གང་དུ་ཡོད་མིན་སོགས་ཀྱི་གནད་དོན་རྩ་བ་ནས་གསལ་ཁ་མེད་པར་ལུས་འདུག

Latest news