Tibetan Royal Year of 2151 | Year of the Wood Dragon

སྨན་རྩིས་ཁང་གི་མཚན་བྱང་ཐོག་སྐར་རྟགས་ཅན་དྲི་བ་དང་བཀའ་ཤག་གི་ལན་འདེབས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་མཐའ་མའི་སྔ་ཐོག་སྨན་རྩིས་ཁང་གི་མཚན་བྱང་དང་འབྲེལ་ནས་སྐར་རྟགས་ཅན་གྱི་དྲི་བ་ཕེབས་པ་དང་འབྲེལ། མཚན་བྱང་འགྱུར་བཅོས་ཀྱི་བརྒྱུད་རིམ་ཐད་འདྲི་རྩད་ནན་པོ་ཕེབས་སོང་།

རྩ་བའི་ཕྱི་ལོ་ ༢༠༢༢ ལོའི་ནང་བོད་ཀྱི་སྨན་རྩིས་ཁང་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་བཞུགས་སྒར་དུ་སྨན་དང་རྩིས་ཀྱི་བསྟན་པའི་མེ་རོ་སོར་ཆུད་མཛད་སྐབས་ཚོགས་པའི་མཚན་དུ་འགྲོ་ཕན་སྨན་རྩིས་ཁང་ཞེས་འདོགས་གནང་མཛད་ཡོད་པ་བཞིན། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་ ༡༠༩ ཐོག་སྨན་རྩིས་ཁང་གི་བོད་ཡིག་མཚན་བྱང་དུ་འགྲོ་ཕན་སྨན་རྩིས་ཁང་ཞེས་བཅོས་བསྒྱུར་གནང་རྗེས། ལོ་དེའི་ཕྱི་ཟླ་ ༩ པའི་ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ ཐོག་སྤྱི་འཐུས་རྣམས་ཀྱིས་སྒྲིག་འཛུགས་དེའི་མཚན་བྱང་ནས་བོད་ཅེས་པའི་ཐ་སྙད་ཕྱིར་འཐེན་བྱ་དགོས་དོན་སོགས་འདྲི་རྩད་ནན་པོ་ཕེབས་ཡོད་པ་དང་། ཉེ་ལམ་སྒྲིག་འཛུགས་དེའི་ངོས་ནས་འགན་འཛིན་ལྷན་ཚོགས་ཀྱི་བཀའ་ཁྲོལ་དང་། འཛིན་སྐྱོང་ཚོགས་ཆུང་དུ་གོ་བསྡུར་གྱིས་སྒྲིག་འཛུགས་ཀྱི་བོད་ཡིག་མིང་བྱང་དུ་བོད་ཀྱི་ཞེས་བསྐྱར་ནན་གནང་སྟེ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ཞེས་བཅོས་བསྒྱུར་གནང་ཡོད་པ་རེད།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་མཐའ་མར་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བའི་བརྒྱུད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ནང་བོད་ཀྱི་སྨན་རྩིས་ཁང་ཞེས་འཁོད་ཡོད་ཀྱང་བོད་ཀྱི་སྨན་རྩིས་ཁང་གི་སྒོ་བྱང་དང་ལས་ཤོག གཞུང་ཡིག་བཅས་མིང་བསྒྱུར་གནང་ཟིན་པ་དེ་ཁྲིམས་ཡིག་དང་འགལ་འདུ་ཆགས་མིན་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་གསོལ་གནང་བ་དེ་དཔེ་དེབ་གང་དང་གང་གི་ནང་དུ་འཁོད་ཡོད་མིན་དང་མཚན་དེ་ག་དུས་གསོལ་གནང་ཡོད་པ། ལྷག་པར་འགྲོ་ཕན་སྨན་རྩིས་ཁང་ཞེས་སྒོ་བྱང་གློ་བུར་དུ་བརྗེ་པོ་བརྒྱབ་དགོས་པའི་རྒྱུ་མཚན་སོགས་བཀའ་འདྲི་ཞུས་སོང་ལ། འཕྲོས་དོན་དྲི་བའི་ཁྲོད་སྤྱིར་སྒྲིག་འཛུགས་ངོས་ནས་ཉེ་ལམ་མཚན་བྱང་ཐོག་བོད་ཀྱི་ཞེས་པ་བསྐྱར་བཅོས་གནང་བར་དགའ་བསུ་དང་འབྲེལ། དོན་དག་ངོ་མར་བོད་ཞེས་པ་ཕྱིར་འཐེན་གནང་བ་དེ་འགྲིག་མིན་གསུངས་སོང་།

འཕྲོད་བསྟེན་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་བཀའ་ལན་དུ་སྨན་རྩིས་ཁང་དེ་རྒྱ་གར་གྱི་ཚོགས་སྡེ་དེབ་སྐྱེལ་ཁྲིམས་ཡིག་འོག་དེབ་སྐྱེལ་བྱས་པའི་སྡེ་ཚན་ཁག་གི་ཚོགས་པའི་མིང་བསྒྱུར་སོགས་བྱེད་སྒོ་ཆེ་ཕྲ་མཐའ་དག་གི་འགན་དབང་ཚོགས་པའི་འགན་འཛིན་ལྷན་ཚོགས་ལ་ཡོད་པ་བཞིན། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་ ༡༠༩ ཐོག་ལ་འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་བསྒྱུར་ཐག་གཅོད་བྱས་ཏེ། གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཏུ་དེ་ལྟར་བསྒྱུར་བཅོས་བྱེད་ཐབས་སུ་ཕྱི་ལོ་ ༢༠༢༢ ཟླ་ ༩ གྲོས་ཚོགས་ཚོགས་དུས་བཞི་པར་གཞུང་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཡིག་ཆ་ཨང་ ༢༥ ནང་བཀོད་ཡོད་ཀྱང་སྐབས་དེར་ལས་རིམ་རྐྱེན་པས་བྱུང་མེད་ཅིང་། དེའི་རྗེས་ཕྱི་ལོ་ ༢༠༢༣ ཟླ་ ༣ གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས། སྨན་པའི་ལྷན་ཚོགས་ནས་ཁྲིམས་འཆར་དེ་ཚོགས་དུས་རྗེས་མའི་བར་ཕྱིར་འཐེན་ཡོང་བའི་སྙན་ཞུ་འབྱོར་དོན་ལྟར། ཚོགས་གཙོར་སྙན་གསན་བརྒྱུད་བསྐྱར་བཅོས་ལས་རིམ་འགྲོ་ཐུབ་མེད་པ། དེ་བཞིན་གྲོས་ཚོགས་ཚོགས་དུས་འདིའི་ཐོག་དེ་འབྲེལ་བསྐྱར་བཅོས་འཆར་འབུལ་ཟིན་ཀྱང་། ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་གི་ལས་དོན་དང་འབྲེལ་ནས་འཆར་འབུལ་ཞུས་པ་ཁག་གསུམ་ཕྱིར་འཐེན་ཞུ་དགོས་བྱུང་ཞེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ད་དུང་འཕྲོད་དོན་དྲི་བར་ལན་འདེབས་ཁྲོད། ད་རེས་ཀྱི་སྐར་རྟགས་ཅན་གྱི་དྲི་བ་དེ་སྔ་ཕྱི་ཟླ་ ༩ པའི་ནང་མཇུག་སྐྱོང་མ་ཐུབ་པའི་གྲོས་ཚོགས་སུ་ཕེབས་པ་ཞིག་ཡིན་སྟབས། བཀའ་ལན་དེའང་འཕྲོད་བསྟེན་ལས་ཁུངས་ནས་སྐབས་དེའི་གནས་སྟངས་ལ་གཞིགས་ཏེ་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། སྨན་རྩིས་ཁང་གི་མཚན་བྱང་དུ་འགྲོ་ཕན་ཞེས་པའི་ཐ་སྙད་དེ་༸རྒྱལ་དབང་ལྔ་པ་སྐབས་ནས་ཡོད་བཞིན་པ་རྒྱུད་འཛིན་བྱས་པ་ཞིག་ཡིན་སྣང་སྟེ། མཁས་པ་ཁག་གཅིག་དེབ་ཐེར་ནང་དེ་འབྲེལ་མཚན་བྱང་གསལ་ཡོད་པ་སོགས་ཀྱི་དཔེ་དེབ་ཁག་གཅིག་ལུང་འདྲེན་ཙམ་མ་ཟད། བོད་གཞུང་སྨན་རྩིས་ཁང་དང་། བོད་ཀྱི་སྨན་རྩིས་ཁང་། དེ་བཞིན་སྨན་རྩིས་ཁང་སོགས་ཐ་སྙད་གཅིག་གྱུར་མེད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༧ མཚན་གསོལ་མཛད་པ་དེ་ཉིད་སླར་གསོ་བྱས་ཏེ་མཚན་བསྒྱུར་ཞུས་པ་ལས་རྒྱ་གར་ཨ་ཡུར་ཝེ་ཏེའི་དེབ་སྐྱེལ་དང་འབྲེལ་བ་གཏན་ནས་མི་འདུག་བཅས་ལན་འདེབས་གནང་སོང་།

སྐར་རྟགས་ཅན་གྱི་དྲི་བའི་ཁྲོད་གཞན་སྤྱི་འཐུས་ཁག་གཅིག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་པ་དང་ཁྲིམས་ཡིག་ནང་བོད་ཀྱི་སྨན་རྩིས་ཁང་ཞེས་འཁོད་ཡོད་སྟབས། ཁྲིམས་ཡིག་དེ་ཉིད་བསྒྱུར་བཅོས་མ་གཏང་གོང་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་པ་དེ་བརྒྱུད་རིམ་འགྲོ་ལུགས་ཏག་ཏག་བསྡད་མིན་གྱི་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་སྒྲིག་འཛུགས་ཀྱིས་ཐད་ཀར་འཛིན་སྐྱོང་འོག་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་མང་པོ་ཡོད་པ་དང་འབྲེལ། ལྷན་ཁང་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྟངས་འཛིན་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གཞུང་ནང་དེབ་སྐྱེལ་བྱེད་པའི་ཁྲིམས་སྒྲིག་ཁག་གི་འགྲོ་ལུགས་ཀྱང་ཡོད་པར་བརྟེན། ཚོགས་པ་ཇི་འདྲ་ཞིག་ཡིན་ཀྱང་བཀའ་ཁྲོལ་མ་གནང་གོང་དུ་ཚོགས་པ་སོ་སོའི་འོག་གྲབས་སྒྲིག་སྟེ་གོང་མར་འཆར་འབུལ་བརྒྱུད་བཀའ་ཁྲོལ་གྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་།

གྲོས་ཚོགས་སུ་གནད་དོན་དེ་དང་འབྲེལ་སྤྱི་འཐུས་བཅུ་ཙམ་གྱི་ཆ་ཤས་ཐོག་བཀའ་འདྲི་མུ་མཐུད་ཞུས་ཀྱང་། བཀའ་བློན་མཆོག་གིས་ད་ལྟའི་ཆར་འགྲོ་ཕན་སྨན་རྩིས་ཁང་གི་མཚན་བྱང་དེ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ཞེས་བཅོས་བསྒྱུར་གནང་ཟིན་པར་བརྟེན། དེ་འབྲེལ་གླེང་སློང་དགོས་གལ་མེད་པ་སོགས་གསུང་སོང་།

གཞི་རྩའི་སྐར་རྟགས་ཅན་གྱི་དྲི་བ་དེ་དག་སྔ་ལོའི་ཕྱི་ཟླ་ ༩ གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་ཕེབས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།