Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ནས་སང་ཉིན་MPམངའ་སྡེའི་གཞུང་འབྲེལ་དཔོན་རིགས་དང་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་སློབ་སྩོལ་རྒྱུ་རེད་འདུག

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་རྒྱ་གར་madhya Pradesh མངའ་སྡེའི་རྒྱལ་ས་ Bhopal དུ་ཆིབས་བསྒྱུར་བཀྲིན་དང་འབྲེལ། མངའ་སྡེའི་གཞུང་གི་དཔོན་རིགས་མཐོ་གྲས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བདེ་སྐྱིད་ཀྱི་རྩ་བའི་སྐོར་ལ་བཀའ་སློབ་བཀྲིན་སྩོལ་གནང་རྒྱུ་རེད་འདུག དེའང་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། མངའ་སྡེ་དེའི་ནང་རིང་མིན་ Anand Sansthan ཞེས་བདེ་སྐྱིད་ཀྱི་ལས་ཁུངས་ཞེས་པ་ཞིག་དམིགས་བསལ་ཟུར་འཛུགས་གནང་སྟེ། དེ་གའི་མང་ཚོགས་ཁྲོད་བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་གོང་སྤེལ་གྱི་ལས་དོན་གཉེར་རྒྱུ་ཡིན་སྟབས། སང་ཉིན་མངའ་སྡེའི་རིག་གཞུང་ལས་ཁུངས་ཀྱི་གོ་སྒྲིག་འོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མངའ་སྡེའི་ཚོགས་ཁང་ཆེན་མོའི་ནང། གཞུང་འབྲེལ་དཔོན་རིགས་མཐོ་གྲས་རྣམས་དང་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་སློབ་བཀྲིན་སྩོལ་རྒྱུ་མ་ཟད། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Shivraj Singh Chauhan མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Sitasaran Sharma མཆོག་རྣམ་གཉིས་ཀྱང་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ་རེད་འདུག MP མངའ་སྡེའི་རིག་གཞུང་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Manoj Shrivastava ལགས་ཀྱིས། ང་ཚོས་དུས་ཡུན་རིང་པོ་ཞིག་གི་རིང་ནས་ནང་པའི་ལྟ་གྲུབ་གཞིར་བཟུང་། ཞི་བདེ་དང་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་སྟངས་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཞི་བདེ་སྣེ་འཁྲིད་གནང་མཁན་གཙོ་བོ་ཞིག་རེད་ལ། ༸མགོན་པོ་ཁོང་གིས་གང་ཉིད་ཀྱི་སྐུ་ཚེའི་ནང་དཀའ་ངལ་དུ་མར་གདོང་ལེན་གྱིས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་གི་ཁྲོད་མི་ཚེ་བདེ་སྐྱིད་ངང་སྐྱེལ་རྒྱུའི་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པ་ཁག་ནི་ཧ་ཅང་སེམས་འགུལ་ཐེབས་གཞི་ཞིག་རེད་ཅེས་གསུངས་འདུག སང་ཉིན་གྱི་མཛད་སྒོ་དེའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས། མངའ་སྡེ་དེའི་ནང་བདེ་སྐྱིད་ཀྱི་ལས་ཁུངས་ཤིག་ཟུར་དུ་འཛུགས་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་ངོ་སྤྲོད་གནང་རྒྱུ་མ་ཟད། དམིགས་བསལ་ལོ་ཐོ་ཞིག་ཀྱང་དབུ་འབྱེད་གནང་རྒྱུ་རེད་འདུག མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་bhopal ནང་མངའ་སྡེའི་གཞུང་གིས་སྣེ་འཁྲིད་གནང་བའི་ narmada seva yatra ཞེས་ནར་མ་རྡའི་ཆུ་རྒྱུད་གཙང་བཟོ་དང་དེའི་གཡས་གཡོན་གྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་རིམ་ཞིག་གི་ཐོག་ལའང་ལྷན་བཞུགས་གནང་གི་ཡོད་པ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་གྱི་སྦིཧར་མངའ་སྡེའི་ Nalanda རྫོང་ནང་ལ་ཆགས་པའི་ Rajgir ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང། ༸གོང་ས་མཆོག་ནས་ཁ་སང་ཁུལ་དེའི་ནང་། གཙོ་བོ་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་བཀའ་དྲིན་བསྐྱངས་པ་མ་ཟད། ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ལྷན་ཚོགས་དེའི་ཐོག་དངོས་སུ་དབུ་བཞུགས་མཛད་རྗེས་དེ་རིང་ཉིན་རྒྱབ་Bhopal ཕྱོགས་སུ་ཆིབས་ཁ་བསྒྱུར་གནང་འདུག

༸གོང་ས་མཆོག་ནས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་བཀྲིན་བསྐྱངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ། རྒྱ་གར་སྦི་ཧར་མངའ་སྡེའི་Nalanda རྫོང་དུ་ཆགས་པའི་ Rajgir ཁུལ་དུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་བཀྲིན་བསྐྱངས་འདུག ཉིན་གསུམ་རིང་གྱི་ལྷན་ཚོགས་དེ་ནི་རྒྱ་གར་དབུས་གཞུང་གི་རིག་གཞུང་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། དེའི་ཐོག་ Sri Lanka དང་བལ་ཡུལ། Singapore, Malaysia, Kazakhstan, Indonesia, Cambodia, Bangladeshསོགས་རྒྱལ་ཁབ་འདྲ་མིན་༣༥ལྷག་ཙམ་ནས་ནང་པའི་དབུ་བླ་ཁྱོན་སྡོམ་མི་གྲངས་༡༠༠༠ལྷག་ཆེད་ཕེབས་གནང་ཡོད་པ་རེད། དེ་རིང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸གོང་ས་མཆོག་དང་ལྷན་རྒྱ་གར་དབུས་གཞུང་གི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ Mahesh Sharma མཆོག་ཀྱང་ཆེད་ཕེབས་གནང་འདུག་པ་དང། དབུ་འཁྲིད་རྣམ་པ་གཉིས་ནས་སྐབས་དེར་རྒྱ་གར་གྱི་སྲོལ་རྒྱུན་མར་མེ་ཞལ་ཕྱེ་གནང་བ་མ་ཟད། པཱ་ལིའི་སྐད་ཡིག་ཐོག་གི་ལུང་སྡེ་སྣོད་གསུམ་གྱི་པོ་ཏི་༤༠ ཡོད་པ་དེ་ལོ་བཅུ་ཕྲག་དྲུག་གི་རྗེས་སུ་སླར་ཡང་པར་སྐྲུན་གནང་པ་དེ་ཡོངས་ཁྱབ་འདོན་སྤེལ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་བཀའ་སློབ་གནང་སྐབས། རྒྱ་གར་ནི་ཆོས་ལུགས་མཐུན་སྒྲིལ་ཐད་འཛམ་གླིང་འདིའི་ཐོག་ཚད་འཛིན་བྱ་ཆོག་པའི་རྒྱལ་ཁབ་གཅིག་པོ་དེ་ཆགས་ཀྱི་ཡོད་སྐོར་བཀའ་གནང་བ་དང་འབྲེལ། རྒྱ་གར་གཞུང་དམངས་གཉིས་ནས་འཛམ་གླིང་འདིའི་ཐོག་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་དང་ལྷག་པར་ཆོས་ལུགས་ཀྱི་མིང་བྱང་འོག་འཚེ་བའི་ལས་སྤེལ་མཁན་རྣམས་ལ་གདོང་ལེན་གྱིས་ཐུགས་འགན་ཆེ་ཙམ་བཞེས་རྒྱུའི་དུས་ལ་བབས་ཡོད་པའི་ལམ་སྟོན་མཛད་འདུག སྒྲ།། ཕྱོགས་མཚུངས་༸གོང་ས་མཆོག་ནས་དུས་རྒྱུན་དུ་ནས་མགོན་པོ་གང་ཉིད་རྒྱ་གར་གྱི་བུ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་བཀའ་གནང་སྟེ། ང་ཚོ་རྒྱ་གར་ངོས་ནས་རང་ཉིད་ཀྱི་གནའ་བོའི་རིག་གཞུང་ཕྱུགས་པོ་དེ་འཛམ་གླིང་འདིའི་ཐོག་ཁྱབ་སྤེལ་དགོས་སྐོར་ལམ་སྟོན་མཛད་པ་མ་ཟད། ཤེས་ཡོན་གྱི་སློབ་གསོའི་ནང་། སེམས་ཀྱི་འཕྲོད་བསྟེན་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་ཁྲིད་དགོས་པའི་ཐུགས་དགོངས་བསྐྱར་ཏུ་ནན་བཤད་གནང་འདུག སྒྲ།། སྐབས་དེར་སྐུ་ཞབས་ Mahesh Sharma མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བདེ་དོན་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་སླད་ད་བར་རླབས་ཆེན་གྱི་ལེགས་སྐྱེས་ཕུལ་ཡོད་པ་ནི་རྒྱ་གར་ཙམ་མ་ཡིན་པར། འཛམ་གླིང་ཡོངས་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་འདུག མཛད་འཆར་ལྟར་ན་༸གོང་ས་མཆོག་ནས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ལྷན་ཚོགས་དེའི་ཐོག་དབུ་བཞུགས་མཛད་འཆར་ཡོད་པ་དང། དེ་རིང་སྔ་དྲོའི་ཚོགས་དུས་དང་པོའི་གཙོ་སྐྱོང་སླད་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་རི་ཇི་ཇུ་མཆོག་ཆེད་ཕེབས་གནང་ཡོད་པ་མ་ཟད། ཕྱི་ཚེས་༡༩ སྟེ་ཚོགས་འདུ་མཇུག་སྡོམ་གྱི་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་འཛིན་ Pranab Mukherjee མཆོག གཞན་ཡང་སྦི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ nitish Kumar མཆོག་དང་མངའ་སྡེའི་སྲིད་སྐྱོང་ Ramnath Kovindབཅས་ལྷན་བཅར་ཞུ་འཆར་ཡོད་པ་རེད་འདུག

སངས་རྒྱས་པའི་ཆོས་པ་ཡིན་བསམ་ནས་སྤྱོད་པ་གང་བྱུང་གནང་ནས་བཞུགས་ན་ཆོས་མེད་ཅེས་གསུངས་ན་ཡག་གི་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་པ་ཚོས་སྤྱོད་པ་གང་བྱུང་གནང་ནས་བཞུགས་པ་ཡིན་ན་ཆོས་མེད་ཅེས་གསུངས་ན་ཡག་གི་རེད་ཅེས་བཀའ་སྩལ་སོང་། དེ་རེང་ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་དཔྱིད་ཆོས་ཆེན་མོའི་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་བོད་ནས་ཕེབས་པའི་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དང་། ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་སྩལ་བ་དང་ཆབས་གཅིག སྐབས་དེར་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྤྱི་དང་། གཞན་ཡང་དྲ་ཐོག་ནས་གསན་གཟིགས་གནང་མཁན་དད་ལྡན་རྣམས་ལ། རང་ཉིད་ཀྱིས་ཡག་པོ་ཞིག་བྱེད་པ་ཡིན་ན་ཆོས་ལུགས་ཚང་མ་བྱམས་བརྩེའི་བསླབ་བྱ་གསུང་མཁན་གཅིག་མཚུངས་ཡིན་སྟབས། ཆོས་ལ་དབྱེ་བ་མེད་སྐོར་བཀའ་སྩལ་དང་འབྲེལ་ནང་པ་སངས་རྒྱས་པའི་ཆོས་པ་རྣམས་ནས་རང་ཉིད་ནང་པའི་ཆོས་པ་ཞིག་ཡིན་བསམ་ནས་སྒོ་གསུམ་གྱི་སྤྱོད་པ་དེ་དག་འགྲོ་བ་མི་དང་སེམས་ཅན་སྤྱི་ལ་གནོད་པའི་སྡིག་པའི་བྱ་བ་ཁོ་ན་གནང་ནས་བཞུགས་ཚེ་དེ་ནི་ཆོས་མེད་ཅེས་གསུངས་ན་ཡག་གི་རེད་ཅེས་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་ནས་ཆོས་ཡག་པོ་དང་སྡུག་པོ་ཞེས་པ་དེ་མི་སྒེར་པ་སོ་སོ་ལ་ཕན་པོ་དང་རན་པོ་ཡོད་མེད་ཀྱི་ཐོག་ནས་བཤད་དགོས་ཀྱི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་འཛམ་བུ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་བཀའ་ནམ་ཡང་སྩལ་གྱི་མེད་ཅེས་གསུངས་སོང་། ལྷག་དོན་མང་ཚོགས་རྣམས་ནས་ཀྱང་ཆོས་ལུགས་ཕན་ཚུལ་དབར་ལ་གུས་བརྩི་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་ཡང་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་དེང་སྐབས་སྡེ་ཁག་མང་པོ་ཞིག་ནས་ནང་པའི་ལྟ་གྲུབ་ལ་དགའ་མོས་ཀྱིས་སློབ་སྦྱོང་གནང་བཞིན་ཡོད་སྐོར་སོགས་བཀའ་བསྩལ་དང་འབྲེལ། སངས་རྒྱས་པའི་ཆོས་པ་ཚོས་རང་ཉིད་ཀྱི་ལྟ་གྲུབ་ཟབ་མོ་ཡོད་པ་དེ་དག་ལ་སྐྱབས་སུ་མཆི་ཞེས་མ་བཞག་པར་དེ་སློབ་གཉེར་གནང་གལ་ཡིན་པ་མ་ཟད། ཆོས་ལུགས་གཞན་གྱི་ལྟ་གྲུབ་ཐོག་བགྲོ་གླེང་དང་གྲོས་བསྡུར་སོགས་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོད་པ་ཡང་བཀའ་བསྩལ་ཡོད། གཞན་ཡང་༸གོང་ས་མཆོག་གིས་བོད་མི་རྣམས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་སྐྱེས་པའི་སྐྱེས་གོ་ཆོད་པ་ཞིག་བྱུང་བ་ལ་མི་སེམས་པ་བཟང་པོ་ཞིག་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་བཀའ་སྩལ་ཡོད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ལ་ཚོགས་པའི་འདི་ལོའི་དཔྱིད་ཆོས་ཆེན་མོའི་སྐབས་ཉེ་དུས་སུ་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཚོར་གཙོ་དམིགས་ཀྱིས་བཀའ་ཆོས་བསྩལ་བ་ཞིག་ཡིན་པ་རེད། དེ་བཞིན་ལམ་གཙོ་རྣམ་གསུམ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་བཀའ་དྲིན་སྩལ་ཡོད་པ་མ་ཟད། དེ་རིང་གི་ཆོས་འབྲེལ་ཁག་ལེགས་པར་གྲུབ་མཚམས་མགོན་པོ་༸གང་ཉིད་མཆོག་གིས་བོད་ནས་ཕེབས་པའི་བོད་རིགས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་བཀའ་དྲིན་བསྩལ་གནང་ཡོད། མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༡༧ དང་ ༡༨ བཅས་སུ་རྒྱ་གར་མངའ་སྡེ་བྷི་ཧར་ནང་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་ནས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཀྱི་ཡོད་པ་དང་འདི་བཞིན་རྒྱ་གར་ Madhya Pradesh དང་ Assam མངའ་སྡེ་བཅས་སུ་ཆིབས་བསྒྱུར་གྱི་མཛད་འཕྲིན་ཁག་ཅིག་བསྐྱང་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་བོད་ནས་ཆོས་མཇལ་དུ་ཕེབས་པའི་བོད་མི་ཚོར་ཆེད་དམིགས་ཀྱིས་དཔྱིད་ཆོས་ ཆེན་མོའི་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་ཆེད་དམིགས་ཀྱིས་དཔྱིད་ཆོས་ཆེན་མོའི་བཀའ་ཆོས་དབུ་འཛུགས་གནང་སོང་། དེ་རིང་ཟླ་ ༣ ཚེས་ ༡༣ ཉིན་སྔ་དྲོ་ཚོུད་ ༨།༣༠ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་ཆེད་དམིགས་ཀྱིས་གཙོས། ཕྱི་ནང་གི་དད་ལྡན་མང་ཚོགས་ཆོས་ཞུ་བ་རྣམས་ལ་འདི་ལོའི་དཔྱིད་ཆོས་ཆེན་མོའི་བཀའ་ཆོས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དབུ་འཛུགས་སོང་། ༸གང་ཉིད་མཆོག་གིས་ཐོག་མར་ཆོས་ཞུ་བ་ཚོར་ཆོས་འབྲེལ་མཛད་སྐབས་སུ་བར་སྐབས་ཤིག་ལ་བོད་ནས་རྒྱ་གར་ནང་ལ་ཆོས་མཇལ་དུ་ཡོང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ཉེ་དུས་སུ་མཇུག་སྒྲིལ་ཟིན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་རྗེས་སུ་ཅུང་ལྷོད་རུ་སོང་སྟེ་བོད་ནང་གི་བོད་མི་མང་པོ་ཞིག་བཞུགས་སྒར་དུ་ཆོས་མཇལ་ཞུ་བར་ཕེབས་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ལ་དཔྱིད་ཆོས་ཆེན་མོའི་ཆོས་འབྲེལ་བསྩལ་རྒྱུ་དེ་རྐང་བོད་ནས་ཕེབས་པའི་བོད་རིགས་དད་ལྡན་ཚོར་དམིགས་པ་ཞིག་ཡིན་ཅེས་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་ནས་སྐབས་དེར་བོད་དང་རྒྱ་ནག་ནང་ལ་ནང་པ་སངས་རྒྱས་པའི་ཆོས་དར་ཁྱབ་བྱུང་ཚུལ་ངོ་སྤྲོད་དང་འབྲེལ། དེང་སྐབས་བོད་དང་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་ནང་ཆོས་བྱེད་མཁན་དུང་ཕྱུར་བཅུ་གྲངས་ལྷག་ཡོད་པ་ལྟར། དཔལ་ན་ལེནྜའི་ལྟ་གྲུབ་དང་ཚད་མའི་རྣམ་གཞག་ཁག དེ་སྔ་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་བོད་ཀྱི་ནང་ཆོས་ནང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་སྟབས། བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་འདི་ནི་བསྟན་པ་འདྲ་འདྲའི་ནང་ནས་སྤུས་དག་ཤོས་ཤིག་ཡིན་པར་བཀའ་ནན་བསྩལ་བ་དང་ཆབས་ཅིག བོད་རིགས་སེར་སྐྱ་མང་ཚོགས་ཚོས་དེར་སློབ་གཉེར་གང་ལེགས་གནང་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་ཡོད། ༸གོང་ས་མཆོག་གིས་དེ་རིང་གི་བཀའ་ཆོས་དངོས་གཞི་དབུ་འཛུགས་དང་འབྲེལ། ནང་པ་སངས་རྒྱས་པའི་བསྟན་པ་འདི་ ལ་སློབ་གཉེར་གནང་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་པ་རྣལ་མ་ཞིག་བྱེད་པ་ཡིན་ན། སངས་རྒྱས་པའི་བསྟན་པ་འདི་ལོ་ངོ་བརྒྱ་ཕྲག་ཁ་ཤས་གནས་ཐུབ་རྒྱུར་ཐག་ཆོད་པ་ཞིག་རེད་ཅེས་བཀའ་སྩལ་སོང་བ་དང་། ཆོས་ལུགས་ཚང་མའི་ལྟ་གྲུབ་རྣམས་རང་ཉིད་ཀྱི་གདུལ་བྱར་ཕན་པ་ཤ་སྟག་གསུངས་ཡོད་སྟབས། ཆོས་ལུགས་ཕན་ཚུན་དབར་ལ་གུས་ཞབས་བྱ་རྒྱུ་གལ་ཆེན་པོ་ཡིན་པར་ལམ་བསྟོན་ཟབ་མོ་མཛད་སོང་། གཞི་རྩའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ནས་ཕེབས་པའི་བོད་མི་རྣམས་ལ་གཙོ་བོར་གྱུར་པའི་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་བསྩལ་ཡོད་པ་དང་། སང་ཉིན་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ལམ་གཙོ་རྣམ་གསུམ་གྱི་ཆོས་འའབྲེལ་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་བསྩལ་གནང་རྒྱུ་ཡིན་པ་རེད། གཞན་ཡང་ཁ་སང་བོད་ཟླ་ ༡ ཚེས་༡༥ ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་མཐའ་མའི་ཚོགས་མགོན་དུ་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀྲིན་བསྐྱངས་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་མང་ཚོགས་ལ་ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ཆོ་འཕྲུལ་ཟླ་བའི་བྱུང་རིམ་ལོ་རྒྱུས་དང་། དེ་བཞིན་བོད་ལ་ཐོག་མར་ཆོ་འཕྲུལ་སྨོན་ལམ་ཆེམ་པོ་ཚོགས་སྲོལ་ཇི་ལྟར་བྱུང་བ་སོགས་ངོ་སྤྲོད་མཛད་སོང་། ༸གོང་ས་མཆོག་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་འབྲེལ་ཐོག་དད་ལྡན་སེར་སྐྱ་མང་ཚོགས་ལ་སྐྱེས་རབས་ཀྱི་བཀའ་ཆོས་བསྩལ་སྲོལ་ཡོད་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་པའི་རབས་ལས་མཐའ་མའི་ལེའུ་ ༣༤ པ་བཀའ་འགྲེལ་མཛད་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་བོད་ཀྱི་བེུད་ཉིན་མོ་སྲུང་བརྩི་ཞུས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆེས་ཐོག་མའི་བོད་ཀྱི་བེུད་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་བོད་ཀྱི་བེུད་ཚོས་འཛམ་བུ་གླིང་འདིའི་ཐོག་ལ་བྱམས་བརྩེའི་བསམ་བློ་དར་ཁྱབ་གཏོང་རྒྱུར་སྣེ་ཁྲིད་བྱ་དགོས་པ་མ་ཟད། བོད་ཀྱི་བེུད་གཙོས་པའི་བོད་རིགས་སེར་སྐྱ་མང་ཚོགས་ནས་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་སོང་། དེ་རིང་ཟླ་ ༣ ཚེས་ ༡༢ ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ནང་བུད་མེད་སྒེར་ལངས་ཐེངས་དང་པོ་གནང་སྟེ་ལོ་ངོ་ ༥༨ འཁོར་བའི་དུས་ཚིགས་དང་བསྟུན། བོད་མིའི་སྒྲིགས་འཛུགས་ཀྱིས་གོ་སྒྲིག་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོ་ཞེས་གཞུང་འབྲེལ་ཐོག་ནས་སྲུང་བརྩི་ཞུས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་སྒོ་རྣམ་པ། གཞན་ཡང་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྦྲེལ་པོ་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་དད་ལྡན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་དེང་སྐབས་འཛམ་བུ་གླིང་འདིའི་ཐོག་ལ་འཕྲད་བཞིན་པའི་མུ་གེ་དང་དམག་འཁྲུག་སོགས་ཀྱི་དཀའ་ངལ་ཁག་སེལ་ཐབས་སུ་ཐབས་ལམ་བཟང་ཤོས་དེ་ནི་བྱམས་བརྩེའི་བསམ་བློ་གོང་མཐོར་གཏོང་རྒྱུ་ཡིན་པ་དང་། བྱམས་བརྩེ་དེ་འགྲོ་བ་མིའི་ལུས་ཀྱི་གྲུབ་ཆའི་ཆ་ནས་བེུད་མེད་རྣམས་ལ་ནུས་པ་ཆེ་བ་ཡོད་སྟབས། བེུད་རྣམས་ཀྱིས་འཛམ་བུ་གླིང་འདིའི་ཐོག་ལ་བྱམས་བརྩེའི་བསམ་བློ་དར་ཁྱབ་གཏོང་རྒྱུར་སྣེ་ཁྲིད་བྱ་དགོས་པར་བཀའ་བསྩལ་མཛད་སོང་། ༸གོང་ས་མཆོག་གིས་ད་དུང་གསུངས་པར་བོད་ནང་གི་བོད་མི་ཚོ་ལ་མཚོན་ན་ཆོས་དད་ཆེན་པོ་ཡོད་པ་ལྟར། བོད་ཀྱི་བླ་མ་གོང་མ་སོགས་ཀྱིས་མང་ཚོགས་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་ཕྱོགས་དང་མང་ཚོགས་ཀྱི་ཆོས་ལ་སློབ་གཉེར་གནང་སྟངས་ཐོག་ལ་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་བཀའ་བསྩལ་དང་སྦྲགས། བོད་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་དེ་སྔའི་ལུགས་སྲོལ་ཁོ་ན་ལྟར་མ་ཕྱིན་པར་ནང་ཆོས་ལ་སློབ་གཉེར་རྒྱ་གང་ཆེ་གནང་རྒྱུ་ཆེས་ལྕི་བ་ཡིན་པར་བཀའ་ནན་མཛད་ཡོད། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་ནས་དེ་སྔ་ནས་བཙུན་མ་ཚོས་ཕྱག་དཔེ་གཟིགས་དགོས་པའི་འབོད་སྐུལ་རིམ་པ་གནང་རྗེས། སྔར་ལོའི་ཕྱི་ཟླ་ ༡༢ ནང་བཙུན་མ་ཉི་ཤུ་ལ་ཆེས་ཐོག་མའི་དགེ་བཤེས་མའི་ཕྱག་འཁྱེར་བསྩལ་ཐུབ་བ་བྱུང་སྐོར་གསུངས་པ་དང་འབྲེལ། བཙུན་མ་རྣམས་ནས་མུ་མཐུད་ནང་ཆོས་ལ་སློབ་སྦྱོང་དང་། དགེ་བཤེས་མ་རྣམས་ནས་ཀྱང་ཕྱག་འཁྱེར་ཐོབ་སོང་བསམ་ནས་མ་བཞུགས་པར་བཙུན་མགོན་དང་སློབ་གྲྭ་ཁག་ཏུ་ནང་ཆོས་སློབ་ཁྲིད་སོགས་ཀྱི་ཐོག་ལ་ཐུགས་འཁུར་བཞེས་དགོས་པའི་བཀའ་སྩལ་ཡང་གནང་སོང་། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་རྣམས་སྐྱབས་བཅོལ་དུ་འགྱར་དགོས་བྱུང་བ་དེ་ནི་ཆབ་སྲིད་ཀྱི་གནས་སྟངས་ཤིག་ཡིན་པ་ལས། སྐྱེས་པ་དང་བེུད་སོགས་ཀྱི་དབྱེ་འབྱེད་དང་མིའི་ནུས་སྟོབས་ཞན་པའི་དབང་གིས་ཆགས་པ་ཞིག་མ་རེད་ཅེས་སོགས་གསུངས་ཡོད། བོད་མི་མང་སྤྱི་འཐུས་ལྷག་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་བུད་མེད་རྣམས་ནས་སྤྱི་ཚོགས་ནང་ཆོས་དང་ཆབ་སྲིད། དཔལ་འབྱོར་དང་རིག་གནས་སོགས་ལས་གནས་གང་དུ་ཡང་ཞབས་འདེགས་ཞུ་ཐུབ་པ་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད། གཞན་ཡང་མཛད་སྐོར་སྐུ་མགྲོན་ཁོངས་སུ་ཡོད་པའི་ཕ་རན་སིའི་གྲོས་ཚོགས་འཐུས་མི་ andre gattonlin ལགས་དང་བཙན་བྱོལ་བོད་མིའི་འོས་བསྡུ་རྟོག་ཞིབ་ཚོགས་ཆུང་ནང་ཡོད་པའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ Lisa Singh ལགས་སོགས་ཀྱིས་ཀྱང་གསུང་བཤད་གནང་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ཀྱི་ནུ་སྟོབས་གོང་སྤེལ་དང་འབྲེལ་བའི་ལས་གཞི་ཁག་དང་། ལྷག་པར་དུ་དེ་རིང་་བོད་ཀྱི་བེུད་ཉིན་མོ་ཞེས་གཞུང་འབྲེལ་གྱི་སྲུང་བརྩི་ཞུས་ཐུབ་པར་བསྔགས་བརྗོད་གནང་སོང་། ཁྱད་པར་དུ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ Lisa Singh ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བུད་མེད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སོགས་ལ་༸སྐུ་ངལ་འཛེམས་ཀྱིས་ཐུགས་བཞེས་མཛད་པར་ཡི་རངས་བསྔགས་བརྗོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནི་༸རྒྱལ་མཆོག་༸སྐུ་ཕྲེང་རིམ་བྱོན་ལས་བེུད་ཀྱི་རང་དབང་དང་ཐོབ་ཐང་ ཐོག་ལ་ཐུགས་འཁུར་བཞེས་མཁན་དང་པོ་དེ་རེད་ཅེས་ཆེ་བསྟོད་ཞུས་སོང་། གཞི་རྩའི་འདི་ལོ་ནས་དབུ་འཛུགས་ཀྱིས་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུ་དེ་ནི་ཉེ་ཆར་བོད་མིའི་སྒྲིགས་འཛུགས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་དུ་ཚོགས་པའི་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོའི་སྐབས་བཀའ་ཤག་ནས་ཐག་གཅོད་གནང་པ་ཞིག་ཆགས་ཀྱི་ཡོད་རེད།

༸གོང་ས་མཆོག་གིས་ང་ཚོ་མི་རབས་རྫོགས་འགྲོ་གི་ཡོད་ནའང་ལས་འགན་མུ་མཐུད་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་བསྩལ་སོང་།

༸གོང་ས་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་གི་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་གི་གལ་གནད། དེ་བཞིན་བོད་མིའི་མི་རབས་གཞོན་པའི་ལས་འགན་སྐོར་ལ་བཀའ་སློབ་བཀྲིན་བསྩལ་སོང་། དེ་རིང་ཟླ་ ༣ ཚེས་ ༩ ཉིན་སྔ་ཐོག་ཚོུད་ ༨།༣༠ སྟེང་བཞུགས་སྒར་ཉེ་འཁྲིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ ༢༡ འཁོར་བ་དང་༸རྒྱལ་བའི་འཁྲུངས་རབས་ཀྱི་ཞལ་ཐང་ ༢༥ གསར་བཞེངས་ལེགས་གྲུབ་བྱུང་བའི་དགའ་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་གཙོས།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་ཕྱི་ནང་གི་སྐུ་མགྲོན་བཅས་ལྷན་འཛོམས་ཀྱིས་ལྟེ་གནས་ཁང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་ཚོགས་ཡོད་པ་རེད། དེའང་མགོན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྦྲགས། དགའ་སྟོན་མཛད་སྒོའི་ཐོག་མར་སྤྱི་ཁྱབ་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་ནས་ལྟེ་གནས་ཁང་དེ་ ༡༩༩༥ ལོར་གསར་འཛུགས་གནང་པ་ནས་རིམ་བཞིན་རྒྱ་བསྐྱེད་ཀྱིས་སྔ་ཕྱིའི་བརྒྱུད་རིམ་སོགས་ལས་བསྡོམས་སྙིང་བསྡུས་ཤིག་ལྷ་སྙན་སྒྲོན་འབུལ་ཞུས་ཡོད། དེ་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ ༢༡ འཁོར་བའི་ཉིན་འཛིན་སྐྱོང་སྡེ་ཚན་ཆེ་ཆུང་གྲངས་ ༣༥ ཡོད་པ་དེ་དག་ལག་ཤེས་སྒྱུ་རྩལ་ཁྱབ་ཁོངས་དང་། ཤེས་ཡོན། རིག་གཞུང་ཁྱབ་ཁོངས། དཔལ་འབྱོར་འདུ་འགོད་ཁྱབ་ཁོངས། སྤྱི་ཚོགས་བདེ་དོན་ཁྱབ་ཁོངས་བཅས་ཁྱབ་ཁོངས་བཞིར་འདུས་ཏེ་ཁྱོན་མི་གྲགས་ ༥༠༠ ཙམ་ཡོད་པ་རེད་འདུག ཚོགས་པའི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་ནས་༸གོང་ས་མཆོག་གིས་དབུས་པའི་སྐུ་མགྲོན་རྣམ་པར་གུས་འཚམས་སྔོན་དུ་འགྲོ་བའི་ཐོག་ནས་དེ་རིང་གི་དུས་ཚིགས་དང་བསྟུན་༸གོང་ས་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྨོན་ལམ་དང་འབྲེལ་ ༢༠༠༣ ལོ་ནས་འགོ་འཛུགས་པའི་༸རྒྱལ་བའི་འཁྲུངས་རབས་ཀྱི་ཞལ་ཐང་ ༢༥ བཞེངས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་དེ་མགོན་པོ་༸གང་ཉིད་མཆོག་ལ་འབུལ་ལམ་ཞུས་སོང་། སྐབས་དེར་༸གོང་ས་མཆོག་གིས་བཀའ་བསྩལ་གནང་དོན། ༸གང་ཉིད་མཆོག་གིས་ཐོག་མར་དེ་རིང་གི་མཛད་སྒོ་འདིའི་ཐོག་ནས་ནོར་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགོ་ལས་སློབ་མ་ཡོངས་ནས་ད་བར་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གྱི་ལས་དོན་ཐོག་ཧུར་ཐག་གནང་པར་བསྔགས་བརྗོད་མཛད་པ་དང་སྦྲགས། ད་བར་བོད་མི་བཙན་བྱོལ་བ་རྣམས་བཙན་བྱོལ་གཞན་དང་མི་འདྲ་བ་ཆགས་ཡོད་པ་དེ་ནི་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་ཡིན་པ་དང་། དེ་རིང་སང་ཉིན་འཛམ་གླིང་འདིའི་ནང་བོད་ཀྱི་ཆོས་རིག་གིས་ལེགས་སྐྱེས་གང་འཚམ་ཕུལ་ཡོད་པ་དེའི་ཁྲོད་སྒྲིག་འཛུགས་འདིས་ཀྱང་ཞབས་འདེབས་གང་ཙམ་ཞུས་ཡོད་སྐོར་བཀའ་བསྩལ་ཡོད། ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ ༡༩༥༩ ལོར་༸རྒྱལ་བའི་༸སྐུ་ཚེར་ཉེན་ཁ་གཟིགས་རྐྱེན་བཙན་བྱོལ་དུ་མ་ཕེབས་ཀ་མེད་བྱུང་ནས་ཕྱིས་སུ་བཙན་བྱོལ་དུ་ཕེབས་མ་ཐག་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་བཅས་མི་ཉམས་རྒྱུན་འཁྱོངས་ཡོང་སླད་ཐོག་མར་གཞིས་ཆགས་དང་སློབ་གྲྭ དེ་ནས་ཆོས་སྒར་སོགས་རིང་པོར་མ་འགོར་བར་ཟུར་བཙུགས་མཛད་པ་མ་ཟད། དེ་ནས་རིམ་པ་གཉིས་པའི་ཚུལ་དུ་འདས་པའི་ལོ་ ༣༠ ཙམ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་ཙམ་མ་ཡིན་པར་བོད་ཀྱི་ཆོས་རིག་སྤྱི་དང་སྒོས་སུ་སེམས་ཁམས་རིག་པ་དང་ཚད་མ་རིག་པ། དེ་བཞིན་ལྟ་གྲུབ་སྐོར་དེ་དག་གིས་སེམས་ཀྱི་དཀའ་ངལ་འཕྲད་བཞིན་པའི་དུས་རབས་འདིར་འཛམ་གླིང་སྤྱི་ལ་དགོས་མཁོའི་ཕན་པ་ཇི་ལྟར་བསྒྲུབ་ཐུབ་པའི་ཐད་ལ་དགོངས་བཞེས་གནང་བཞིན་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག ང་ཚོ་མི་རབས་རྫོགས་འགྲོ་གི་ཡོད་ནའང་ཆོས་རིག་དང་སྐད་ཡིག་སྲུབ་སྐྱོབ་ཀྱི་ལས་འགན་མུ་མཐུད་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་རང་དབང་ལུང་པའི་ནང་གི་བོད་མི་ཚོས་རང་མི་རིགས་རིག་གཞུང་བདག་པོ་ཐུབ་ཚེ་འདི་ནི་བོད་མིའི་མི་གོ་ཆོད་པ་གཅིག་དང་བཙན་བྱོལ་ནང་བསྡད་ནས་སྡོད་གོ་ཆོད་པ་ཞིག་ཡིན་སྐོར་སོགས་ཀྱི་ལམ་སྟོན་བསྩལ་སོང་།

༸གོང་ས་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་རྣམ་དཔྱོད་ཀྱི་ནུས་པ་མི་འདུག་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་མི་འདུག་ཅེས་བཀའ་བསྩལ་འདུག དེའང་ཁ་སང་ཨ་མི་རི་ཀའི་ཨེཆ་བི་ཨོ་བརྙན་འཕྲིན་དགོད་བྲོའི་ལས་རིམ་མདོ་འཛིན་པ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཐོག་བཤད་པ་རྒྱག་མཁན་གྲགས་ཅན་པ་སྐུ་ཞབས་ John Oliver ལགས་གཟའ་འཁོར་སྔོན་མའི་ནང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་དང་བོད་ནང་གི་གནས་སྟངས། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་གནས་དོན་སོགས་ཀྱི་ཐོག་ལ་དམིགས་བསལ་གྱི་བཀའ་འདྲི་ཁག་ཅིག་ཞུས་འདུག སྐབས་དེར་སྐུ་ཞབས་ John Oliver ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གཞུང་གིས་དུས་རྟག་ཏུ་མགོན་པོ་༸གང་ཉིད་མཆོག་ལ་བདུད་སོགས་མཚན་སྨད་ཞུས་ཏེ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པར་དགོངས་ཚུལ་གང་ཡོད་བཀའ་འདྲི་ཞུས་པར། ༸གོང་ས་ཆོག་གིས་རྒྱ་གཞུང་གིས་མགོན་པོ་༸གང་ཉིད་མཆོག་ལ་བདུད་སོགས་སྐྱོན་བརྗོད་གང་བྱེད་ཀྱང་དེ་ནི་ཁོ་ཚོའི་རང་དབང་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་ལས། རྒྱ་ནག་གི་འགོ་ཁྲིད་གཙོས་པའི་རྒྱ་རིགས་རྣམས་ལ་འཁོན་འཛིན་གང་ཡང་མེད་ཅེས་བཀའ་ལན་སྩལ་བ་དང་ཆབས་ཅིག ༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་གཞུང་གི་དྲག་པོའི་ཐོག་ནས་སྐྱོན་བརྗོད་དང་ཁོང་ཁྲོ། དེ་བཞིན་བློ་དོགས། སོམ་ཉི་ཅན་གྱི་རྣམ་དཔྱོད་ལ་བཟོད་བསྲན་དང་བྱམས་སྙིང་རྗེའི་ཀུན་སློང་གི་ཐོག་ནས་གོདང་ལེན་མཛད་ཀྱི་ཡོད་ཅེས་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགོན་པོ་༸གང་ཉིད་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་གདན་དོན་དང་འབྲེལ་བའི་མགོན་པོ་༸གང་ཉིད་མཆོག་གིས་དུས་ཀུན་ཏུ་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ལྷག་གི་བདེ་སྡུག་དང་། ཐོུང་མ་ཡིན་པའི་ནང་པའི་གཞུང་ལུགས་ཁག་སྲུང་སྐྱོབ་གནང་རྒྱུ་ལས་དེ་མིན་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་ཐུགས་ཚབས་དེ་ཙམ་གནང་གི་མེད་ཅེས་བཀའ་བསྩལ་བ་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་པ་དང་། མ་འོངས་པར་༸སྐུའི་ཡང་སྲིད་དེ་རྒྱ་གཞུང་རང་ཉིད་ཀྱིས་ངོས་འཛིན་ཞུ་ཐབས་བྱེད་བཞིན་པ་དེ་ནི་གླེན་རྟགས་ཤིག་རེད་ཅེས་འགྲེལ་བརྗོད་དང་སྦྲགས་ཏེ་རྒྱ་གག་གི་འགོ་ཁྲིད་རྣམས་ལ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་དེ་མི་འདུག་ཅེས་བཀའ་ནན་མཛད་འདུག སྐུ་ཞབས་ John Oliver ལགས་ཀྱིས་བོད་ནང་གི་གནས་སྟངས་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་རང་སྲེག་གི་གནད་དོན་ལ་རྒྱབ་སྐྱོར་དང་འགག་པ་གང་ཡང་མ་གནང་པར་བཏང་སྙོམས་སུ་བཞུགས་རྒྱུ་དེ་ཐབས་ལམ་བཟང་ཤོས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་བཀའ་ལན་བསྩལ་འདུག་པ་དང་། ལྷག་དོན་༸གོང་ས་མཆོག་གིས་རང་ལུས་མེར་སྲེག་གི་གནད་དོན་དེ་ནི་ཡིད་སྐྱོ་བའི་གནད་དོན་ཞིག་ཡིན་ཀྱང་།  གལ་སྲིད་མགོན་པོ་༸གང་ཉིད་མཆོག་ནས་བཀག་སྡོམ་གནང་ཚེ་རང་སྲེག་གནང་མཁན་དང་ཁོང་རྣམ་པའི་ཤུལ་ལུས་ནང་མི་ཚོས་༸གང་ཉིད་ཀྱི་བཀའ་དགོངས་དང་འགལ་བར་སེམས་ནས་བློ་ཕམ་ཡོང་ངེས་ཡིན་སྐོར་སོགས་བཀའ་ལན་བསྩལ་ཡོད་པ་རེད། གཞན་ཡང་༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་དབར་གྱི་འབྲེལ་བའི་སྐོར་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གིས་ངོས་འཛིན་གནང་པའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ད་ཆ་རིན་པོ་ཆེ་ཁོང་གང་དུ་བཞུགས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་མངོན་གསལ་མི་བྱེད་པར་རིན་པོ་ཆེ་མཆོག་བདེ་ཐང་ངང་ཆོས་ཕྱོགས་ཀྱི་སློབ་གཉེར་ཁག་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་བྱེད་མུས་ཡིན་ཀྱང་།  རྒྱལ་མཚན་ནོར་བུ་པཎ་ཆེན་ལ་ངོས་འཛིན་བྱས་པ་དེ་ནི་རྒྱ་གཞུང་གིས་གང་བཤད་པ་དང་བྱ་སྤྱོད་གཉིས་ལ་འགལ་ཟླ་ཆེན་པོ་ཡོད་པའི་ཟུར་ཟ་དང་སྐྱོན་བརྗོད་ཀྱང་མཛད་འདུག གཞི་རྩའི་༸གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་བརྙན་འཕྲིན་དེའི་ནང་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་། གཞི་རིམ་མང་ཚོགས་ཀྱི་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་གཞས་མ་གྲགས་ཅན་ Lady Gaga ལགས་དང་གློག་བརྙན་འཁྲབ་བསྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་སོགས་རྒྱལ་སྤྱིའི་སྒྱུ་རྩལ་བ་ཁག་ཅིག་ནས་༸གོང་ས་མཆོག་དང་མཇལ་མོལ་ཞུས་པ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་པར་བརྟེན་རྒྱ་ནག་ནང་བསྐྱོད་རྒྱུར་དམ་བསྒྲགས་བྱས་པའི་གནད་ཚུལ་སོགས་ཀྱང་འགྲེལ་བརྗོད་གནང་འདུག བཀའ་འདྲི་ཞུས་པའི་ལེ་ཚན་དེའི་མཇུག་ཏུ་སྐུ་ཞབས་ John Oliver ལགས་ནས་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་དམ་པ་སྐུ་ཞབས་ Franklin Roosevelt རྣམ་གཉིས་ཀྱི་མཛའ་གྲོགས་དྲན་གསོ་ཞུས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ལ་དེང་དུས་ཀྱི་ཕྱག་ཚོད་ཅིག་ཀྱང་འབུལ་ལམ་ཞུས་ཡོད་པ་རེད།

༸གོང་ས་མཆོག་ཨ་རུ་ནཱ་ཅལ་དུ་ཆིབས་བསྒྱུར་གནང་རྒྱུའི་གནད་དོན་ཐད་རྒྱ་གཞུང་གིས་རྒྱ་གར་ལ་སླར་ཉེན་བརྡ་བཏང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་མཛད་འཆར་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཁ་སང་སླར་ཡང་གནད་དོན་དེའི་ཐོག་རྒྱ་གར་ལ་ཉེན་བརྡ་བཏང་འདུག དེའང་དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཆེ་གྲས་མང་པོའི་ཐོག་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་ ༤ ཚེས་ ༤ ནས་ ༡༣ བར་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་རྒྱུའི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་ཡོད་པ་དང། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་ཁ་སང་རེས་གཟའ་པ་སངས་ཉིན་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ༸གོང་ས་མཆོག་མངའ་སྡེ་དེའི་ནང་ཆིབས་བསྒྱུར་མཛད་པ་ཡིན་ན། དེས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པ་དང། རྒྱ་གར་དབུས་གཞུང་ནས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་ནག་དང་འགལ་ཟླ་བཟོ་གཞིའི་སྡིངས་ཆ་བསྐྲུན་རྒྱུ་མེད་སྐོར་སྐྱོན་བརྗོད་དང་སྦྲགས། ཏཱ་ལའི་རུ་ཚོགས་ཀྱིས་དུས་ཡུན་རིང་པོ་ནས་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྣ་མང་སྤེལ་བ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་རྙོག་གླེང་བཟོས་ཡོད་སྐོར་སོགས་ཀྱང་ནན་བཤད་བྱས་འདུག འོན་ཀྱང་རྒྱ་ནག་ནས་ཉེན་བརྡ་བཏང་པར་ལྟོས་མེད་ཀྱིས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གནད་དོན་དེའི་ཐོག་རྒྱ་གར་གཞུང་གི་འཛིན་པའི་སྲིད་བྱུས་དེ་ཡོངས་གྲགས་ཡིན་པ་དང། དེར་འགྱུར་བ་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་འདུག རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་༸གོང་ས་མཆོག་མངའ་ཁུལ་དེའི་ནང་ཆོས་ལུགས་དབུ་ཁྲིད་ཀྱི་ངོ་བོ་ཐོག་ནས་ཆིབས་བསྒྱུར་གནང་གི་ཡོད་སྟབས་དེར་བཀའ་སྡོམ་གནང་དགོས་དོན་མེད་པ་དང། ཨ་རུ་ནཱ་ཅལ་མངའ་ཁུལ་གྱི་དད་ལྡན་མང་ཚོགས་རྣམས་ཀྱིས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་རྒྱུར་རེ་འདུན་ཤུགས་ཆེ་གནང་པར་བརྟེན་མགོན་པོ་༸གང་ཉིད་མཆོག་ཁུལ་དེའི་ཆིབས་བསྒྱུར་གནང་གི་ཡོད་པ་དང་། ཆིབས་བསྒྱུར་དེའི་སྐབས་སྐུ་ཞབས་ Kiren Rijiju མཆོག་གིས་གཙོས་པའི་རྒྱ་གར་དབུས་གཞུང་གི་སྐུ་ཚབ་ཁག་ཅིག་ནས་༸གང་ཉིད་མཆོག་དང་ལྷན་མཇལ་མོལ་ཞུ་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་འདུག གཞི་རྩའི་༸གོང་ས་མཆོག་ཟླ་ ༤  པའི་ནང་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་ནི་ཁུལ་དེར་ཆིབས་བསྒྱུར་བསྐྱང་ཐེངས་ ༢ ཆགས་ཀྱི་ཡོད་པ་དང་། དེ་སྔ་ ༢༠༠༩ ལོར་ད་ལྟའི་སྤྱི་ཁྱབ་བློན་ཆེན་པདྨ་འགྲོ་མཆོག་གི་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་སུ་༸གོང་ས་མཆོག་ས་གནས་དེར་གདན་ཞུ་གནང་ཡོད་པ་རེད། ཉེ་ལམ་ཟླ་ ༡ ཚེས་ ༢༢ ཉིན་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་རྟ་དབང་ནང་ཡོད་པའི་ཡིད་དགའ་ཆོས་འཛིན་དགོན་པར་ཆེད་ཕེབས་ཀྱིས་༸གང་ཉིད་མཆོག་གི་ཆིབས་བསྒྱུར་གྲ་སྒྲིག་དང་འབྲེལ་བའི་ལས་གཞི་ཁག་གི་ཐོག་ལ་དངོས་སུ་་གཟིགས་ཞིབ་གནང་པ་དང་འབྲེལ་དེར་དགོས་གལ་གྱི་དགོངས་འཆར་རིགས་ཕུལ་འདུག་པ་མ་ཟད། ཁུལ་དེར་མགོན་པོ་༸གང་ཉིད་མཆོག་གི་དབུ་འབྱེད་གནང་ཡུལ་ High Altitude རྩེད་ཐང་གི་ Rostrum སྡིངས་ཆ་གསར་པར་ཞིབ་འཇུག་ཆེད་བསྐྱོད་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༡༧ ལོའི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་གསལ་བསྒྲགས།

ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་སློབ་ཡོན་ཐེངས་བདུན་པ་སྟེ་ཕྱི་ལོ་ ༢༠༡༧༌༌༢༠༡༨ ལོའི་སློབ་ཡོན་འབུལ་རྒྱུ་གསལ་བསྒྲགས་བསྐྱངས་འདུག  དེའང་ཨ་རིའི་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་དགེ་རྩ་ཁང་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་གནང་འབྱོར་བྱུང་བར་གཞིགས་ན། དགེ་རྩ་ཁང་གི་ངོས་ནས་འདི་ལོ་བྱང་ཨ་རི་དང་ཡུ་རོབ ཨོ་སི་ཊོ་ལི་ཡ་བཅས་སུ་གཙུག་ལག་རབ་འབྱམས་པ་དང༌། འབུམ་རམས་པའི་སློབ་སྦྱོང་གནང་འདོད་ཡོད་མཁན་བཙན་བྱོལ་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གྲངས་ ༡༠ ནས་ ༡༥ ཙམ་ལ་ཨ་སྒོར་ཁྲི་གཅིག་བར་གྱི་སློབ་ཡོན་ཕུལ་རྒྱུ་ཡིན་པ་དང། ཚང་སྙན་འབུལ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༢ འགྱངས་མེད་དགོས་ངེས་ཡིག་ཆ་ཁག་མཉམ་སྦྱར་གྱིས་འཚང་སྙན་འགེངས་ཤོག་བཅས་དགེ་རྩ་ཁང་ལ་ངེས་འབུལ་དགོས་པའི་གསལ་བསྒྲགས་གནང་འདུག གཞི་རྩའི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་རིགས་ན་གཞོན་སློབ་མ་སོ་སོའི་འདོད་མོས་ཀྱིས་ཁྱད་དུ་འཕགས་པའི་གཙུག་ལག་གི་ཤེས་ཡོན་གང་ཞིག་སྙེག་པར་རྒྱ་བསྐྱོར་གནང་པའི་ཐོག་ནས་ཤེས་ཡོན་ལྡན་པའི་བོད་མི་འཕེལ་རྒྱས་ཡོང་ཕྱིར་ཡིན་པ་དང། དགེ་རྩ་ཁང་གི་ངོས་ནས་དམིགས་བསལ་རྒྱ་གར་དང་བལ་ཡུལ་ནང་དུ་ཡོད་པའི་བོད་རིགས་སློབ་མ་ཚོས་སློབ་ཡོན་དེར་སྙན་ཞུ་འབུལ་རྒྱུའི་སྐུལ་མ་གནང་བཞིན་འདུག སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་གང་ཡིན་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་སླད་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་དྲ་གནས་ dalailamatrust.org  ནང་གཟིགས་རྒྱུ་ཡོད་པ་དང། སློབ་ཡོན་དེའི་ཆེད་གཙོ་བོ་སློབ་མ་རྣམས་བོད་རིགས་ཡིན་དགོས་པ་དང། ཁོང་རྣམ་པས་ཡུ་རོབ་དང་ཨོ་སི་ཊོ་ལི་ཡ། བྱང་ཨ་རི་བཅས་ཀྱི་མཐོ་སློབ་ཁག་ཏུ་གཙུག་ལག་རབ་འབྱམས་པ་དང༌འབུམ་རམས་པའི་སློབ་སྦྱོང་གི་སློབ་འཇུག་ཟིན་པའམ་ཐོ་འགོད་གནང་པའི་ངོས་སྦྱོར་ཡིག་ཆ་ཡོད་དགོས་ཀྱི་འདུག ཡང་དེའི་བར་ན་ཁེ་ན་ཌ་བོད་ཕྲུག་ལས་འཆར་ཚོགས་པས་ཀྱང་འདི་ག་རླུང་འཕྲིན་ཁང་གི་བརྒྱུད་གསལ་བསྒྲགས་ཤིག་སྤེལ་སྟེ། བོད་དང་། རྒྱ་བལ་འབྲུག་གསུམ་དུ་འཚོ་གནས་བྱེད་པའི་བོད་ཕྲུག་ཉམ་ཐག་མཐོ་སློབ་ཁག་ཏུ་སློབ་སྦྱོང་གནང་བློ་ཡོད་རིགས་བོད་པའི་ན་གཞོན་སློབ་མ་ ༡༥ ལ་སློབ་ཡོན་རོགས་རམ་གསལ་སྒྲགས་གནང་ཡོད་པ་རེད། སྤྱིར་ཚོགས་པ་དེའི་ངོས་ནས་ཕྱི་ལོ་༢༠༠༢ ནས་སློབ་ཡོན་གྱི་ལས་གཞི་དེ་དབུ་འཛུགས་གནང་ཡོད་པ་དང། ཚོགས་པ་དེས་ཕྱི་ལོ་ ༢༠༡༧ ལོའི་ནང་འཛིན་རིམ་བཅིུས་ཀྱི་སྦྱང་འབྲས་བརྒྱ་ཆ་ ༧༥ ཡན་གྱི་སློབ་མ་དྲག་གྲས་གསུམ་ལ་ལོ་རེར་ཧིན་སྒོར་བདུན་ཁྲི་ལྔ་སྟོང་དང་། སློབ་མ་གཞན་རྣམས་ལ་སློབ་ཚན་དང་འགྲོ་གྲོན་ལ་གཞིགས་ཏེ་ཧིན་སྒོར་ལྔ་ཁྲི་ལྔ་སྟོང་ནས་དྲུག་ཁྲི་ལྔ་སྟོང་བར་གནང་རྒྱུའི་གསལ་བསྒྲགས་གནང་འདུག ཚང་སྙན་འབུལ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༩  འགྱངས་མེད་དགོས་ངེས་ཡིག་ཆ་ཁག་དང་མཉམ་སྦྱར་གྱིས་འཚང་སྙན་འགེངས་ཤོག་བཅས་ངེས་འབུལ་དགོས་པའི་ཡོངས་ཁྱབ་གནང་བ་དང་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་གང་ཡིན་ཞིབ་ཕྲའི་གནས་ཚུལ་  tcpconline.ca  ནང་གཟིགས་རྒྱུ་འདུག

Latest news