Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་བེུད་ཚོས་འཛམ་གླིང་འདི་ཞི་བདེ་ལྡན་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བེུད་ཚོས་འཛམ་གླིང་ཞི་བདེར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༢ ཚེས་ ༡༤ ནས་བོད་ཀྱི་ལོ་གསར་བར་དུ་༸སྐུའི་བཅད་རྒྱར་བཞུགས་གནང་མཛད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལྟར། ཁ་སང་ཚེས་ ༢༣ ཉིན་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་དུ་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་ཐེངས་དང་པོར་བཅར་མཁན་སྐུ་ཚབ་ ༣༠༠ ལྷག་ལ་དུས་ཡུན་ཆུད་ཚོད་གཅིག་ཙམ་རིང་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་འདུག་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་ཚོགས་བཅར་བ་རྣམ་པར་ཐེངས་འདིའི་ཚོགས་ཆེན་ག་འདྲ་བྱུང་མིན་ཐད་བཀའ་འདྲི་གནང་པ་དང་སྦྲགས། གཙོ་བོ་དམིགས་ཡུལ་ངེས་ཅན་ཞིག་བསྒྲུབ་ཐབས་སླད་ཆེད་མངགས་འདིར་ལྷན་འཛོམས་གནང་པ་ཞིག་ཡིན་སྟབས། སྐད་ཆ་འདྲ་ཆགས་པོ་ཞིག་བཤད་ནས་འགྲིག་གི་མེད་པ་དང་། དུས་རྒྱུན་ལྡན་ནས་ལག་བསྟར་ཡག་པོ་བྱེད་རྒྱུར་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་བཀའ་ནན་བསྩལ་འདུག ༸གོང་ས་མཆོག་གིས་ད་ལྟའི་ང་ཚོའི་འཛམ་གླིང་འདིའི་ཐོག་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་པ་དེ་ནི་གཙོ་བོ་བྱམས་བརྩེ་མི་གདང་བ་དང་བྱམས་བརྩེ་དང་བྲལ་བའི་ལྷག་བསམ་མེད་པར་བརྟེན་ནས་བྱུང་གི་ཡོད་སྐོར་བཀའ་བསྩལ་དང་འབྲེལ། བེུད་ཚོར་རང་བཞིན་ལྷན་སྐྱེས་ཀྱི་བྱམས་དང་སྙིང་རྗེའི་ནུས་པ་ཆེ་བ་ཡོད་སྟབས། བེུད་ཚོས་དུས་རབས་ ༢༡ དེའི་ནང་འགོ་ཁྲིད་མང་ཙམ་གནང་ཐུབ་ན། འཛམ་གླིང་འདི་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པར་ཐུགས་རེ་མཛད་ཀྱི་ཡོད་པ་སོགས་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དེས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་ཕན་པ་བསྒྲུབ་རྒྱུའི་དུས་ཚོད་ཞིག་སླེབས་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག ཕོ་མོ་འདྲ་མཉམ་དགོས་སྐོར་བཤད་པ་ཙམ་གྱིས་འགྲིག་གི་མེད་པས་དོན་དངོས་ཐོག་ཕོ་མོ་འདྲ་མཉམ་ཡོང་རྒྱུའི་ཆ་རྐྱེན་གཙོ་བོ་དེ་བྱམས་བརྩེས་ཟིན་པའི་ཤེས་ཡོན་ལ་ཐུག་ཡོད་པ་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་བོད་པའི་ལོ་རྒྱུས་ཁྲོད་དགེ་བཤེས་མ་གཏོང་རྒྱུའི་ལམ་སྲོལ་གསར་པ་ཞིག་གཏན་འབེབས་བྱུང་དོན་བཞིན་ཉེ་དུས་སུ་དགེ་བཤེས་མ་ཐོན་མཁན་བོད་པའི་བཙུན་མ་ ༢༠ ཐམ་པ་བྱུང་ཡོད་པ་དེ་དག་ལས་དམིགས་དཔེ་བླངས་ཏེ། ཁྱིམ་པ་ཕོ་མོ་ཚོའི་ཁྲོད་དུའང་རིམ་བཞིན་རིགས་ལམ་གཙོ་བོར་གྱུར་པའི་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལ་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་མཐིལ་ཕྱིན་གནང་དགོས་གལ་ཡིན་པ་ལམ་སྟོན་མཛད་ཡོད་པ་རེད། མཐར་༸གོང་ས་མཆོག་གིས་ད་ལན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་བོད་པའི་བེུད་ཀྱི་ཚོགས་ཆེན་དེ་འདྲ་བ་ཞིག་བསྐོང་ཚོགས་གནང་ཡོད་སྟབས། ད་རེས་ཚོགས་ཆེན་དེའི་བརྒྱུད་ལས་དོན་གསར་པ་གང་ཞིག་དབུ་འཛུགས་གནང་འཆར་ཡོད་པ་དེ་ཤོག་བུའི་སྟེང་འདྲ་ཆགས་ཆགས་བཞག་པ་ཙམ་མིན་པར།  ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཐོན་པ་དང་ངོ་སོ་ཐོན་པ་ཡོང་རྒྱུར་ཚང་མས་ཤུགས་སྣོན་བསྐྱོན་དགོས་ཀྱི་རེད་ཅེས་ལམ་སྟོན་གྱི་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་མཛད་ཡོད། རྩ་བའི་ད་རེས་བཞུགས་སྒར་དུ་ཚོགས་པའི་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་དེའི་ཐོག་རྒྱ་གར་དང་བལ་ཡུལ། དེ་བཞིན་ཕྱི་རྒྱལ་བཅས་ཀྱི་ས་ཁུལ་མི་འདྲ་བ་ ༥༣ ནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྡེ་ ཁག་དང་། མཐོ་སློབ་ཁག་ཏུ་སློབ་སྦྱོང་གནང་བཞིན་པའི་བེུད་སྐུ་ཚབ་ ༣༠༠ ཙམ་ལྷན་འཛོམས་གནང་ཡོད་པ་རེད། ཉིན་གསུམ་གྱི་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་བོད་ཀྱི་བེུད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་དོན་ཚན་བདུན་ཅན་ཐོག་གྲོས་བསྡུར་རིམ་པ་གནང་མཐར་སྲིད་བྱུས་དེ་ལག་བསྟར་གནང་ཕྱོགས་ཀྱི་བསམ་འཆར་ ༥༧ གཏན་འབེབས་གནང་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅིུས་ཉིན་ནས་དབུ་འཛུགས་ཀྱིས་ལོ་ལྟར་ཟླ་གསུམ་པའི་ཚེས་བཅིུས་ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོར་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་རྒྱུ་ཡིན་པ་ཡོངས་ཁྱབ་གནང་ཡོད་པ་རེད།

རྒྱལ་ཁབ་ཀྱི་བདག་དབང་གཙོ་བོ་ཡུལ་དེའི་མང་ཚོགས་ལ་ཡོད་པ་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གསར་ཁང་གྲགས་ཅན་ NDTV གསར་ཁང་གིས་ཆེད་དོན་བཀའ་འདྲིར་བཀའ་ལན་སྩལ་བའི་ཁྲོད། མགོན་པོ་༸གང་ཉིད་མཆོག་གིས་དེང་སང་འཛམ་གླིང་ནང་གི་དཀའ་ངལ་ཁག་ཅིག་ལ་གདོང་ལེན་དང་ཨ་རིའི་སྲིད་འཛིན་གསར་པའི་སྲིད་བྱུས་ཐོག་དགོངས་ཚུལ་ཇི་ཡོད་སོགས་གནད་དོན་ཁག་ཅིག་གི་སྐོར་བཀའ་ལན་བཀྲིན་བསྩལ་འདུག ལས་རིམ་དེ་ནི་ཁ་ཉིན་ཟླ་ ༡ ཚེས་ ༡༨ ཉིན་གསར་ཁང་དེའི་ Off the Cuff ཞེས་པའི་སྐར་མ་ ༤༠ རིང་བཀའ་འདྲིའི་ལས་རིམ་ཐོག་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Shekhar Gupta ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་ལས་རིམ་ཐོག་བསྐྱར་དུ་ཆིབས་བསྒྱུར་མཛད་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ད་ལྟའི་དཀའ་རྙོག་ཅན་གྱི་འཛམ་གླིང་འདིའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཞི་བདེ་བག་ཕེབས་ངང་ཇི་ལྟར་གནང་བཞིན་ཡོད་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པའི་སློབ་མ་ཞིག་ཡིན་པའི་ཆ་ནས་དཀའ་ངལ་གང་ཞིག་འཕྲད་རུང་དེའི་རྒྱུ་རྐྱེན་ཁག་རྩད་གཅོད་ཀྱིས་རྣམ་དཔྱོད་བེད་སྤྱོད་གནང་དགོས་སྟབས། དཀའ་ངལ་དེ་དག་ལ་བརྟེན་ནས་མགོན་པོ་༸གང་ཉིད་ལ་འཕྲད་བཞིན་པའི་སུན་སྣང་གི་ཚོར་བ་རྣམས་རིམ་པས་ཉུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོང་གི་འདུག་ཅེས་བཀའ་བསྩལ་འདུག གསར་འགོད་པ་སྐུ་ཞབས་ཤེ་ཁར་གུབ་ཏ་ལགས་ཀྱིས་ད་ལྟའི་འཛམ་གླིང་འདིའི་ནང་མང་གཙོའི་ལམ་ལུགས་ལས་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་དེ་དར་སྤེལ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནད་དོན་ལ་༸གོང་ས་མཆོག་གི་ངོས་ནས་གཟིགས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་ང་ཚོའི་འཛམ་གླིང་འདིའི་བདག་དབང་གཙོ་བོ་མང་ཚོགས་ལ་ཡོད་པ་ལས། འགོ་ཁྲིད་གང་ཟག་སྒེར་གཅིག་གཉིས་ལ་མེད་སྐོར་བཀའ་ནན་སྩལ་བ་མ་ཟད། འགྲོ་བ་མིའི་རང་བཞིན་དེ་སྙིང་རྗེ་ཅན་དང་བསམ་ཤེས་ཅན་ཞིག་ཡིན་སྟབས། མགོན་པོ་མཆོག་གིས་དུས་ཀུན་ཏུ་འགྲོ་བ་མི་ལ་ཡིད་ཆེས་གནང་གི་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཅེས་པ་རིམ་བཞིན་འཕོ་འགྱུར་འགྲོ་ངེས་ཡིན་པ་བཀའ་བསྩལ་འདུག སྤྱི་ཁྱབ་རྩོམ་སྒྲིག་པ་གུབ་ཏ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་དེ་རྒྱལ་སྤྱིའི་ཁྲོད་འགོ་ཁྲིད་བྱ་རྒྱུར་གྲ་སྒྲིག་འདུག་གམ་མི་འདུག་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་རྒྱ་ནག་དེ་ མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་གང་ཞིག་ལ་མི་མང་རྣམས་རིག་གཞུང་ལྡན་པ་ཞིག་ཆགས་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་ནང་གི་ལམ་ལུགས་དེ་ད་ལྟ་ཡིན་ནའང་ཆེས་དམ་བསྒྲགས་ཤིག་ཏུ་ཆགས་པ་བཀའ་སྩལ་དང་སྦྲགས། རྒྱ་ནག་དེ་རྒྱ་མི་རིགས་ལ་བདག་གི་ཡོད་པ་ལས་རྒྱལ་ཁབ་དེའི་ཆབ་སྲིད་ཚོགས་པ་དང་དེ་བཞིན་གང་ཟག་མི་སྒེར་རེ་བཟུང་ལ་བདག་དབང་ཡོད་པ་ཞིག་མ་རེད་ཅེས་བཀའ་ལན་མཛད་ཡོད་པ་རེད། བཀའ་འདྲིའི་ལས་རིམ་དེའི་ཐོག་གསར་འགོད་པས་༸གོང་ས་མཆོག་ལ་ད་ལྟའི་ཨ་རིའི་སྲིད་འཛིན་གསར་པས་ཨ་རི་ནང་སྐྱབས་བཅོལ་ཡོང་རྒྱུར་བཀག་སྡོམ་བྱེད་བཞིན་པའི་གནད་དོན་ཐད་བཀའ་འདྲི་ཞུས་པའི་སྐབས་སུ་མགོན་པོ་མཆོག་གིས་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་སྐྱབས་བཅོལ་ཐོག་འཛིན་པའི་སྲིད་བྱུས་དེར་ད་ཆ་སྤྱི་ཚོགས་ཁྲོད་ལ་ལབ་གླེང་གང་ཙམ་བྱུང་བཞིན་ཡོད་སྟབས། དེའི་ཐད་དམིགས་བསལ་གང་ཡང་གསུང་རྒྱུ་མེད་སྐོར་བཀའ་སྩལ་བ་དང་ཆབས་ཅིག སྲིད་འཛིན་ Donald trump མཆོག་གི་ལས་དོན་གང་འདྲ་གནང་མིན་ཐད་ང་ཚོའི་རིམ་བཞིན་ཤེས་ཀྱི་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་སྐབས་དེར་གསར་འགོད་པས་༸གོང་ས་མཆོག་ལ་ད་ལྟའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་ལ་དམིགས་བསལ་ལམ་སྟོན་གང་ཞིག་མཛད་རྒྱུ་ཡོད་མད་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་མང་ཚོགས་ལ་གསུང་བཤད་དང་མི་སྣ་མཇལ་འཕྲད་བཅས་གནང་སྐབས་སྐབས་དེའི་ཁོར་ཡུག་གནས་བབ་ལ་གཞིགས་ཏེ་བཀའ་མོལ་གནང་པ་ལས། དམིགས་བསལ་གྱི་གྲ་སྒྲིག་གང་ཡང་གནང་སྲོལ་མེད་ཅེས་བཀའ་སྩལ་དང་འབྲེལ། མ་འོངས་པར་སྲིད་འཛིན་ Donal Trump མཆོག་དང་མཇལ་འཕྲད་བྱ་རྒྱུའི་གོ་སྐབས་ཐོབ་ཚེ་སྐབས་དེའི་གནས་བབ་ལ་གཞིགས་ཏེ་ཁོང་དང་ལྷན་བཀའ་མོལ་མཛད་རྒྱུ་ཡིན་ཅེས་བཀའ་བསྩལ་འདུག

༸གོང་ས་མཆོག་ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གདན་ཞུ་གནང་རྒྱུ།

ཨ་མི་རི་ཀའི་ཁལ་ཕོ་ནི་ཡ་མངའ་སྡེའི་གྲོང་ཁྱེར་ SanDiego ནང་རྟེན་གཞི་བྱས་པའི་ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གཞུང་དང་ཁུལ་དེར་ཡོད་པའི་རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་བྱས་པར་ལྟོད་མེས་ཀྱིས་བོད་མིའི་བླ་ན་མེད་པའོ་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གདན་ཞུ་གནང་རྒྱུ་ཡིན་ཅེས་གསུངས་འདུག རྩ་བའི་ཟླ་ ༢ ཚེས་ ༢ ཉིན་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Pradeep Khosla ལགས་དང་ཨ་རིའི་ནང་གི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མགྲིན་ཚབ་པ་གྲྭ་བསྟན་འཛིན་དོན་ལྡན་ལགས་རྣམ་གཉིས་ཀྱིས་རིང་མིན་འདི་ལོའི་ཟླ་ ༦ ཚེས་ ༡༧ ཉིན་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གདན་ཞུ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་དགེ་ལས་སློབ་གཉེར་བ་ཡོངས་ལ་བཀའ་སློབ་བཀྲིན་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་སློབ་གཉེར་ཁང་དེར་ཁུལ་དེའི་ས་གནས་མང་ཚོགས་ལ་བཀའ་སློབ་ བསྩལ་རྒྱུའི་མཛད་འཆར་ཁག་ཡོངས་བསྒྲགས་གནང་ཡོད་པ་ལྟར། ཕྱི་ཚེས་ ༣ ཉིན་སློབ་གཉེར་ཁང་དེའི་ནང་དུ་ཡོད་པའི་ CSSA ཞེས་པའི་རྒྱ་རིགས་སློབ་གཉེར་ཚོགས་པ་གཙོས་པའི་ས་གནས་རྒྱ་རིགས་སློབ་ཕྲུག་ཚོགས་པ་དང་རྒྱ་རིགས་ཚོང་པ་ཚོགས་པ་སོགས་ཟུང་འབྲེལ་གྱིས་སྤྱི་ཚོགས་འབྲེལ་མཐུད་སྐད་འཕྲིན་དང་ངོ་དེབ་སོགས་ཀྱི་ཐོག་བསྒྲགས་གཏམ་ཞིག་སྤེལ་ཏེ་སློབ་གཉེར་ཁང་དེའི་ནང་དུ་རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད། དེ་བཞིན་ཆེ་མཐོང་ལ་གནོད་པའི་གསུང་བཤད་རིགས་གནང་ཚེ་ཁོང་ཚོའི་སེམས་ཚོར་ལ་ཕོག་ཐུག་བྱུང་གི་ཡོད་སྐོར་སོགས་བརྗོད་འདུག གཙུག་ལག་སློབ་གཉེར་ཁང་ནས་༸གོང་ས་མཆོག་གདན་ཞུ་གནང་པ་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་དང་སྦྲགས། ཚོགས་པའི་ཚོགས་མི་ཚོས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ཕྱིར་འཐེན་བྱ་དགོས་པ་སོགས་ཀྱི་ངོ་རྒོལ་ཡང་ཤུགས་ཆེ་བྱས་ཡོད་པ་རེད། འོང་ཀྱང་ཁ་ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Pradeep Khosla ལགས་ཀྱིས་རྒྱ་རིགས་ཚོགས་པ་དེ་དག་གྱི་སྐུ་ཚབ་རྣམས་བསྐོང་སྟེ་ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁྲོད་མགོན་པོ་༸གང་ཉིད་མཆོག་ནས་ཆབ་སྲིད་དང་འབྲེལ་བའི་ཐ་སྙད། རང་དབང་རྩོད་ལེན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་སོགས་སྤྱོད་དེ་བཀའ་སློབ་བསྩལ་རྒྱུ་མིན་པའི་ཐོག་གཙུག་ལག་སློབ་གཉེར་ཁང་གིས་རྐང་འགན་བཞེས་རྒྱུ་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་རིགས་ཚོགས་པ་ཚོས་རེ་འདུན་ཕུལ་དོན་ལྟར་༸གོང་ས་མཆོག་གི་མཛད་འཆར་ཁག་ཕྱིར་འཐེན་གནང་རྒྱུ་མིན་ཞེས་གསུངས་འདུག ཀོ་ལམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་གི་བོད་རིག་པའི་མཁས་པ་སྐུ་ཞབས་ Robert Barnett ལགས་ཀྱིས་ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་རིགས་ཚོགས་པ་ཁག་གི་རེ་འདུན་འོག་མགོ་བོ་མ་སྒུར་བ་དེ་ནི་གཟི་བརྗིད་ཅིག་རེད་ཅེས་བསྔགས་བརྗོད་གནང་པ་དང་འབྲེལ། དཀའ་རྙོག་དེ་དག་སེལ་ཐབས་སུ་ཐབས་ལམ་ཡག་ཤོས་དེ་ནི་གྲོས་མོལ་ཡིན་སྟབས། ཁལ་ཕོ་ནི་གཙུག་ལག་སློབ་གཉེར་ཁང་ནས་ད་རེས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་མཛ་སྐབས་མགོན་པོ་༸གང་ཉིད་མཆོག་དང་རྒྱ་རིགས་སློབ་ཕྲུག་དབར་དམིགས་བསལ་གྱི་གྲོས་བསྡུར་ལས་རིམ་ཞིག་གོ་སྒྲིག་ཞུ་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པའི་དགོངས་ཚུལ་ཕུལ་གནང་འདུག རྩ་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་གྲོང་ཁྱེར་དེའི་ནང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་དང་མང་ཚོགས་བཅས་ལ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་བཀའ་སློབ་བསྩལ་བ་ལས། རང་དབང་འཐབ་རྩོད་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་སོགས་རྒྱ་རིགས་ཀྱི་སེམས་ཁམས་ལ་དོ་ཕོག་ཐེབས་གཞི་གང་ཡང་བཀའ་བསྩལ་གནང་མེད་པ་རེད། གཞི་རྩའི་རྒྱ་རིགས་ཚོགས་པ་དེ་དག་ནས་ཁུལ་དེའི་༸གོང་ས་མཆོག་གི་མཛད་འཆར་ཁག་ཕྱིར་འཐེན་དགོས་པའི་ངོ་རྒོལ་བྱས་པ་དེར། ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ནས། རྒྱ་རིག་སློབ་ཕྲུག་སྡེ་ཚན་གྱི་རྒྱ་ནག་གཞུང་ཚབ་ལྷན་དུ་འབྲེལ་བ་བྱེད་དེ་༸གོང་ས་མཆོག་གིས་བཀའ་སློབ་ལས་རིམ་ལ་དགག་པ་རྒྱབ་པ་དེ་ནི་ཨ་རིའི་ཤེས་ཡོན་རང་དབང་གི་ཐད་ལ་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་ཐབས་ལམ་འདྲ་མིན་བརྒྱུད་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་དང་འབྲེལ་བའི་ཐག་གཅོད་ལ་ཐད་བྱུས་བྱེད་བཞིན་པའི་ཐད་ཨ་མི་རི་ཀའི་གཞུང་དམངས་ཡོངས་དང་གྲོས་ཚོགས་བཅས་ནས་དམིགས་གསལ་དོ་སྣང་གནང་དགོས་གལ་ཡིན་སྐོར་གསུངས་ཡོད་པ་རེད། ལྷག་པར་དུ་ཨ་རིའི་ Goergia གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་རྒྱ་རིག་སློབ་མ་ Yi Sulaiman Gu ལགས་ཀྱིས་ཡོངས་ཁྱབ་ཕྱག་བྲིས་ཞིག་སྤེལ་བའི་བརྒྱུད་ཁོང་རང་ཉིད་རྒྱ་རིགས་ཤིག་ཡིན་ཡང་༸གོང་ས་མཆོག་གི་བཀའ་སློབ་ལས་རིམ་ལ་དགའ་མོས་ཆེན་པོ་བྱེད་མཁན་ཞིག་ཡིན་ཅེས་ངོ་སྤྲོད་དང་འབྲེལ། CSSA ཞེས་པའི་རྒྱ་རིགས་སློབ་ཕྲུག་ཚོགས་པ་དེས་རྒྱ་རིགས་སློབ་མ་ཡོངས་ཀྱི་མིང་སྤྱོད་དེ་རྒྱ་ནག་གཞུང་ཚབ་ཁང་དང་ལག་འབྲེལ་གྱིས་གཙུག་ལག་སློབ་གཉེར་ཁང་གི་ལས་དོན་ལ་དགག་པ་བྱས་དེ་ནི་རྒྱ་ནག་གཞུང་གི་དམ་བསྒྲགས་ཀྱི་སྲིད་བྱུས་རྣམས་ཨ་རིའི་སློབ་གཉེར་ཁང་དུ་སླེབ་བཞིན་ཡོད་པ་སོགས་སྐྱོན་བརྗོད་ནན་པོ་གནང་འདུག རྒྱ་རིགས་སློབ་ཕྲུག་ཚོགས་པ་དེ་དག་རང་དབང་ཅན་གྱི་སློབ་ཕྲུག་ཚོགས་ཤིག་རྩ་བ་ནས་མིན་པ་དང། ཚོགས་པ་དེ་དག་གི་མགོ་ཁྲིད་དང་ལས་ཀ་བྱེད་མཁན་རྣམས་རྒྱ་ནག་གཞུང་ཚབ་ཁང་གི་བསྐོ་གཞག་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ཚོས་རྒྱ་ནག་གཞུང་ཚབ་ཁང་གིས་གང་བཤད་པ་མ་གཏོགས་རང་ངོས་ནས་ཐག་གཅོད་བྱ་ཆོག་གི་མེད་པ་རེད་པ་འདུག རྩ་བའི་ཨ་རི་ནང་ལ་ཡོད་པའི་རྒྱ་རིགས་སློབ་མ་ཚོས་༸གོང་ས་མཆོག་གི་མཛད་འཆར་སོགས་ཀྱི་ཐོག་ལ་ངོ་རྒོལ་བྱེད་པ་ད་རེས་ཐེངས་དང་པོ་མ་ཡིན་པར། དེ་སྔ་ཨ་རའི་ཝ་ཤིང་ཊོན་གཙུག་ལག་སློབ་གཉེར་ཁང་གིས་མགོན་པོ་༸གང་ཉིད་མཆོག་ལ་ཆེས་མཐོའི་ཕྱག་འཁྱེར་འབུལ་བཞེས་མཛད་སྐབས་སུའང་ས་གནས་རྒྱ་རིགས་རྣམས་ཚོས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།

༸གོང་ས་མཆོག་ཨི་ཊ་ལི་ནང་་ཆིབས་བསྒྱུར་དང་འབྲེལ་རྒྱ་རིགས་ཚོང་པ་ཚོས་ AC Milan རྐང་སྤོལ་རུ་ཁག་ཉོ་བར་དཀའ་རྙོག་བཟོ་བ།

རྒྱ་ནག་གཞུང་གིས་སྔ་ལོའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་གྲོང་འཁྱེར་མི་ལན་ནང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་མཛད་འཕྲིན་ཁག་བེད་སྤྱོད་ནས་རྒྱ་རིགས་ཚོང་པ་ཚོས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཨི་ཊ་ལིའི་རྐང་སྤོལ་རུ་ཁག་ AC Milan ཞེས་པ་དེ་ཉོ་བར་དཀའ་རྙོག་བཟོ་བཞིན་འདུག ཁ་སང་ཟླ་ ༢ ཚེས་ ༡༤ ཉིན་ Bloomberg གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྔ་ལོའི་ཟླ་བཅུ་པའི་ནང་ Milan གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་ Giuseppe Sala ལགས་ཀྱིས་རྒྱ་གཞུང་གི་གནོན་ཤུགས་སོགས་ལ་མ་ལྟོས་པར་༸གོང་ས་མཆོག་ཁུལ་དེའི་ནང་ལ་གདན་ཞུ་གནང་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ལ་གྲོང་ཁྱེར་མི་ལན་གྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཕུལ་ཡོད་སྟབས། རྒྱ་གཞུང་གིས་༸གོང་ས་མཆོག་ཨི་ཊ་ལི་ནང་ཆིབས་བསྒྱུར་གནང་པའི་གནད་དོན་དང་འབྲེལ་རྒྱ་རིགས་ཚོང་པ་ཚོས་ AC Milan རྐང་སྤོལ་རུ་ཁག་ཉོ་བར་དཀའ་རྙོག་བཟོ་བཞིན་ཡོད་པ་རེད། གཞི་རྩའི་སྐབས་དེར་༸གོང་ས་མཆོག་མི་ལན་གྲོང་ཁྱེར་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་སུ་ རྒྱ་ནག་གཞུང་ཚབ་ཁང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་པ་མ་ཟད། ཕྱོགས་གཉིས་ཀྱི་ཚོང་ འབྲེལ་ལ་མཇུག་འབྲས་ངན་པ་ཡོང་ངེས་ཡིན་སྐོར་གྱི་ཉེན་བརྡ་ཡང་བཏང་ཡོད་པ་རེད། ལྷག་པར་དུ་གནས་ཚུལ་དེའི་ནང་ལ་མིང་མི་མངོན་པའི་གང་ཟག་ཞིག་གིས་སྐབས་དེའི་རྒྱ་གཞུང་གི་ཉེན་བརྡ་དེར་བློ་དོགས་དང་སྦྲགས་ཏེ་གསུངས་པར་རྒྱ་ནག་གཞུང་གིས་བར་སྐབས་ཤིག་ནས་རྒྱ་རིགས་ཚོང་པ་རྣམས་ Italy སྤྱི་དང་ལྷག་པར་དུ་ Milan གྲོང་ཁྱེར་ནང་དཔལ་འབྱོར་སོགས་ཀྱི་མ་རྩ་འཛུགས་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་ཨི་ཊ་ལི་དང་རྒྱ་ནག་དབར་ཚོང་དོན་སོགས་ཀྱི་སླད་ཆེད་འཛུགས་གནང་པའི་མ་དངུལ་གཏོང་ལེན་གན ང་སའི་བརྒྱུད་ལམ་ཁག་ཀྱང་བཀག་སྡོམ་བྱེད་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག དེར་བརྟེན་གསར་ཁང་དེའི་གསར་འགོད་པས་རྒྱ་ནག་གཞུང་ཚབ་ལས་ཁུངས་སུ་གནད་དོན་དེ་བདེན་རྫུན་གང་ཡིན་ཐད་བཅར་འདྲི་གནང་ཡང་རྒྱ་ནག་གཞུང་ཚབ་ཁང་ནས་བཟང་ངན་གྱི་བསལ་བཤད་གང་ཡང་བྱས་མེད་པ་རེད་འདུག གཞི་རྩའི་ཨེ་སི་མི་ལན་རྐང་རྩེད་སྤོ་ལོའི་རུ་ཁག་ཉོ་ཚོང་བྱ་རྒྱུ་དེ་ནི་༸གོང་ས་མཆོག་ཁུལ་དེའི་ནང་ལ་ཆིབས་བསྒྱུར་མ་གནང་པའི་གོང་ནས་ཕྱོགས་གཉིས་དབར་ཨ་སྒོར་ས་ཡ་ ༧༨༥ ཐོག་ཐག་ཆོད་ཟིན་པའི་གནད་དོན་ཞིག་ཡིན་པ་རེད། ད་ཆ་རྒྱ་ནག་གཞུང་གིས་མ་དངུལ་དེ་དག་རྒྱ་ནག་ནས་མི་ལན་ནང་གཏང་བར་བཀག་སྡོམ་བྱེད་བཞིན་ཡོད་སྟབས། རིང་མིན་ཕྱི་ཟླ་ ༣ ཚེས་ ༡ དང་ ༣ གཉིས་ལ་ད་ཡོད་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྦྱིན་བདག་རྣམས་ལྷན་འཛོམས་གནང་སྟེ་མཐའ་མའི་ཐག་གཅོད་གནང་རྒྱུ་ཡིན་པ་རེད། རྩ་བའི་སྤྱི་ལོ་ ༡༨༩༩ ལོར་གསར་འཛུགས་གནང་པའི་ AC Milan རྐང་རྩེད་སྤོ་ལོའི་རུ་ཁག་དེ་ནི་རྒྱལ་སྤྱའི་ཐོག་མང་ཚོགས་དུ་མས་དགའ་མོས་ཆེན་པོ་གནང་སའི་རུ་ཁག་ཞིག་ཡིན་པ་དང་། རུ་ཁག་དེས་ད་བར་སྐད་གྲགས་ཆེ་བའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་གཟེངས་རྟགས་མང་དག་ཞིག་ཐོབ་མྱོང་ཡོད་པ་མ་ཟད། ད་ལྟའི་ཆར་མང་ཚོགས་ཀྱི་དགའ་མོས་ཆེན་པོ་བྱ་ས་ Champions League ཞེས་པའི་རྒྱལ་སྤྱིའི་རྩེད་འགྲན་གྱི་གཟེངས་རྟགས་མང་ཤོས་གཉིས་པ་ཐོབ་མྱོང་མཁན་གྱི་རུ་ཁག་ཞིག་ཀྱང་ཆགས་ཡོད།  

༸གོང་ས་མཆོག་བོད་ཀྱི་ལོ་གསར་བར་༸སྐུའི་བཅད་རྒྱར་བཞུགས་གནང་མཛད་རྒྱུ།

ཁ་སང་ཟླ་ ༢ ཚེས་ ༡༣ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྐྱངས་པའི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ནས་དབུ་འཛུགས་ཀྱིས་བོད་མེ་བྱ་ལོའི་གནམ་ལོ་གསར་བཞད་བར་ཁྱོན་གཟའ་འཁོར་གཉིས་ལྷག་རིང་ལ་༸སྐུའི་བཅད་རྒྱར་བཞུགས་གནང་མཛད་ཀྱི་ཡོད་པ་དང་། དུས་ཡུན་དེའི་རིང་ལ་མང་ཚོགས་དང་སྒེར་བཅས་ལ་མཇལ་ཁ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་གང་ཡང་མེད་པ་རེད་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༣ ཉིན་ནས་ཁ་སང་བར་ཁྱོན་ཉིན་གྲངས་ ༡༠ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང། ལྷོ་ནུབ་ཀྱི་མངའ་སྡེ་ Andhra predesh དང་ Telengana བཅས་ཀྱི་ནང་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་དང། བཀའ་སློབ། མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ། དེ་བཞིན་ཨ་མྲ་ཝ་ཏི་གྲོང་ཁྱེར་དུ་ཚོགས་པའི་རྒྱ་གར་རྒྱལ་ཡོངས་བེུད་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་མཛད་སྒོར་དབུ་བཞུགས་ཀྱིས་ལམ་སྟོན་གནང་པ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་སྔ་དྲོ་ཚོུད་ ༩།༣༠ ཙམ་གྱི་ཐོག་ལ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དྷ་རྨ་ས་ལར་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།

ཧེ་དར་བྷ་ཏི་གྲོང་ཁྱེར་ནང་༸གོང་ས་མཆོག་གི་མཚན་ཐོག་ཏུ་བཟང་སྤྱོད་ལྟེ་གནས་ཁང་ཆེད་འཛུགས་གནང་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ནུབ་ Telangana མངའ་སྡེའི་གྲོང་ཁྱེར་ཧེ་དར་བྷ་ཏི་ནང་ Dalia Lama Center for  Ethics ཞེས་ཏཱ་ལའི་བླ་མའི་བཟང་སྤྱོད་ལྟེ་གནས་ཁང་ཆེད་འཛུགས་གནང་རྒྱུའི་ས་གནས་སུ་རབ་གནས་མཛད་ཡོད་པ་རེད། ཁ་སང་ཟླ་ ༢ ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་ཡུལ་གྱི་ལྷོ་ཨེ་ཤ་ཡའི་ཏཱ་ལའི་བླ་མའི་བཟང་སྤྱོད་ལྟེ་གནས་ཁང་ཡན་ལག་ཆེད་འཛུགས་གནང་རྒྱུ་དེའི་ལས་འཆར་ནི། ཨ་རིའི་ནང་རྟེན་གཞི་བྱས་པའི་ Massachusetts Institute of Technology འཕྲུལ་རིག་ལྟེ་གནས་ཁང་དང། Telangana མངའ་སྡེ་གཞུང་གཉིས་ཐོུང་གིས་ཆེད་འཛུགས་ཞུ་རྒྱུའི་ལས་འཆར་ཞིག་ཡིན་པ་དང། ལས་འཆར་དེའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ Telangana མངའ་སྡེ་སྤྱི་ཁྱབ་བློན་ཆེན་གཞོན་པ་ Mohammad Mahmood Ali མཆོག་དང་། Telangana མངའ་སྡེ་སྲིད་སྐྱོང་། ESL Narasimhan མཆོག ལྟེ་གནས་ཁང་ཆེད་འཛུགས་གནང་མཁན་སྐུ་ཞབས་ Tenzin Priyadarshi ལགས་བཅས་ཀྱིས་གཙོས་པའི་མང་ཚོགས་༡༠༠༠ ལྷག་འདུ་འཛོམས་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་མཛད་སྒོའི་སྐབས་ཐོག་མར་མང་ཚོགས་ལ་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེ་ཡིན་པར་བཀའ་སྩལ་བ་དང་འབྲེལ། འཛམ་གླིང་འདིའི་སྟེང་ཡོད་པའི་རྒྱལ་ཁབ་ཀྱི་རྒྱལ་པོ་དང་རྒྱལ་མོ་ཡིན་ནའང་འདྲ། ཆོས་ལུགས་ཀྱི་དབུ་ཁྲིད་དང་ཡང་ན་སྤྲང་པོ་ཞིག་ཡིན་ཀྱང་ཆེས་ཐོག་མ་མ་ལས་བཙལ་བ་ནས་མཐར་ཤི་དགོས་པ་ནི་གཅིག་མཚུངས་ཡིན་སྟབས།  ཚང་མས་ཆོས་ལུགས་དང་རྒྱལ་ཁོངས། ལྟ་གྲུབ། མི་རིགས་དབྱེ་འབྱེད་ཀྱི་ཀུན་སློང་དེ་དོར་ཏེ་འགྲོ་བ་མི་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་རྒྱུ་ནི་དེང་གི་དུས་རབས་དང་ཆེས་མཐུན་པའི་གནད་ཆེ་ཡིན་པར་ལམ་སྟོན་མཛད་འདུག ཁྱད་པར་དུ་༸གང་ཉིད་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་བསྔགས་བརྗོད་གནང་པ་དང་འབྲེལ་ཏེ་རྒྱལ་ཁབ་གཞན་ཚོས་ཀྱང་སྒྲོམ་གཞི་དེ་ནས་མིག་དཔེ་བླངས་དགོས་ཞེས་བཀའ་ནན་བསྩལ་འདུག དེ་བཞིན་མ་འོངས་པར་རྒྱལ་ཁབ་ཁྱོན་ཡོངས་མཐུན་ཚོགས་གཅིག་གི་སྒྲོམ་གཞི་འོག་གནས་ནས་འཛམ་གླིང་འདི་དམག་དོན་མཚོན་ཆ་གཅིག་ཀྱང་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུགས་རེ་གནང་བཞིན་ཡོད་པ་དང། འཛམ་གླིང་འདིའི་ཐོག་འཕྲད་བཞིན་པའི་ངལ་བ་དེ་དག་ཕན་ཚུན་དབར་འཚེ་བ་མེད་པའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་གལ་ཡིན་པ་དང་། དེའང་དོན་དངོས་དང་མཐུན་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་རེད་ཅེས་བཀའ་སྩལ་རྒྱ་ཆེ་ཕེབས་ཡོད་པ་རེད། གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་ལ་ཡོད་པའི་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ལེགས་བྱང་ཞིག་ཡིན་པ་དང་། སྐབས་རེ་ཆོས་ལུགས་ཕན་ཚུན་དབར་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད་ཀྱང་། རྒྱ་གར་ནང་ད་བར་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་རྣམས་ཕན་ཚུན་བརྩི་བཀུར་དང་ཞི་བདེའི་ཐོག་ངང་མཉམ་གནས་གནང་བཞིན་པ་འདི་ནི་འཛམ་གླིང་ཁྲོད་ཆེས་མིག་དཔེ་འོས་པའི་རྒྱལ་ཁབ་ཅིག་ཡིན་པར་བསྔགས་བརྗོད་དང་འབྲེལ། ད་ལྟའི་དུས་སྐབས་འདིར་རྒྱ་གར་གྱི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པ་དེར་དོ་སྣང་མང་ཙམ་བྱེད་དགོས་ཞེས་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Andhra Pradesh དང་ Telengana མངའ་སྡེ་གཉིས་ཀྱི་གཞུང་ནས་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཁ་སང་གྲོང་ཁྱེར་Hyderbad ནང་ཏཱ་ལའི་བླ་མའི་བཟང་སྤྱོད་ལྟེ་གནས་ཁང་ཞེས་པ་ཆེད་འཛུགས་གནང་རྒྱུའི་ས་གནས་སུ་རབ་གནས་དང་མང་ཚོགས་ལ་བཀའ་སློབ་མ་སྩལ་གོང་ཟླ་འདིའི་ཚེས་ ༡༡ ཉིན་གྲོང་ཁྱེར་ཧེ་དར་བྷ་ཏི་ནང་རྟེན་གཞི་བྱས་པའི་ Sardar Vallabhbhai Patel National Police Academy  ཞེས་པར་རྒྱ་གར་ཉེན་རྟོག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་རྒྱ་གར་གནའ་བོའི་རིག་གཞུང་ལས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཉིས་པོའི་བརྒྱུད་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་གནད་ཆེ་ཡིན་པ་དང། ལྷག་དོན་རྒྱ་གར་གྱི་ཉེན་རྟོག་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་དྲང་པོ་དང་ལྷག་བསམ་རྣམ་དག་གིས་ཡུལ་ཁྲིམས་སྲུང་སྐྱོབ་དང།  ཉམ་ཐག་མི་མང་ཚོར་མགོན་སྐྱབས་བྱེད་ཐུབ་པ་ཞིག་བྱེད་དགོས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༢ ཚེས་ ༣ ཉིན་ནས་ཁ་སང་བར་ཁྱོན་ཉིན་གྲངས་ ༡༠ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང། ལྷོ་ནུབ་ Andhra predesh དང་ Telengana མངའ་སྡེ་གཉིས་ཀྱི་ནང་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་དང། བཀའ་སློབ། མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ། དེ་བཞིན་ཨ་མྲ་ཝ་ཏི་གྲོང་ཁྱེར་དུ་ཚོགས་པའི་རྒྱ་གར་རྒྱལ་ཡོངས་བེུད་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་མཛད་སྒོར་དབུ་བཞུགས་ཀྱིས་ལམ་སྟོན་གནང་པ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་དྲོ་ཚོུད་ ༩།༣༠ ཙམ་ལ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དྷ་རྨ་ས་ལར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

དུས་རབས་ ༢༡ པའི་མགོ་སྟོད་འདིར་བེུད་ཚོས་བྱམས་བརྩེ་གོང་འཕེལ་ཐད་འགན་འཁུར་ཆེ་ཙམ་བཞེས་དགོས་པར་ལམ་སྟོན་བསྩལ་བ།

རྒྱ་གར་གྱི་ལྷོ་ནུབ་ Andhra མངའ་སྡེ་གཞུང་དང་གྲོས་ཚོགས་ཀྱིས་གོ་སྒྲིག་འོག་ཁུལ་དེའི་གྲོང་ཁྱེར་Amravati ནང་རྒྱལ་ཡོངས་བེུད་གྲོས་ཚོགས་ ༢༠༡༧ ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་གར་གྱི་བེུད་ཆིག་ཁྲི་བརྒལ་བའི་ཚོགས་ཆེན་རྒྱས་འཛོམས་ཐེངས་དང་པོ་ཞིག་བསྐོང་ཚོགས་གནང་ཡོད་པ་རེད། དེ་རིང་ཟླ་ ༢ ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཐོག་ཚོགས་ཆེན་གྱི་ཉིན་དང་པོའི་སྐུ་མགྲོན་ཁོངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་གཞུང་གི་དྲིལ་བསྒྲགས་དང་གྲོང་སྡེ་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ M Venkaiah Naidu མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Chandrababu Naidu མཆོག་དང་། Bangladesh གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ S Sharmin Chaudhury མཆོག་སོགས་ཕྱི་ནང་གི་གཞུང་འབྲེལ་དཔོན་རིགས་དང་གློག་བརྙན་འཁྲབ་སྟོན་པ་སོགས་གདན་ཞུ་ཕུལ་དོན་ལྟར་༸གོང་ས་མཆོག་གིས་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་ལམ་སྟོན་བཀའ་སློབ་བསྩལ་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ National Women’s Parliament 2017 འམ་རྒྱ་གར་རྒྱལ་ཡོངས་ནང་གི་མཐོ་རིམ་སློབ་གཉེར་དང་འགན་འཁུར་སྣེ་ཁྲིད་སོགས་གནང་བཞིན་པའི་བེུད་ཆིག་ཁྲི་བརྒལ་བར་བླང་དོར་བཀའ་སློབ་བསྩལ་བའི་ཁྲོད། མགོན་པོ་མཆོག་གིས་བེུད་ཀྱི་ལྷན་སྐྱེས་ཀྱི་ཡོན་ཏན་དང་རང་བཞིནདང་དེ་མཚུངས་ནུས་སྟོབས་སྐོར་བཀའ་བསྩལ་གནང་པ་དང་སྦྲགས། བེུད་རྣམས་ལུས་ཀྱི་སྒྲུབ་ཆའི་ཆ་ནས་མིའི་བྱམས་པ་དང་བརྩེ་བའི་རིན་ཐང་གོང་འཕེལ་གཏོང་རྒྱུའི་ནུས་པ་ཆེ་བ་ཡོད་སྟབས། ད་ལྟ་དུས་རབས་ ༢༡ མགོ་སྟོད་འདིར་བེུད་ཚོས་མིའི་གཞི་རྩའི་རིན་ཐང་དེ་དག་གོང་འཕེལ་ཡོང་བར་འགན་འཁུར་ཆེ་ཙམ་བཞེས་དགོས་པའི་ལམ་སྟོན་བསྩལ་སོང་། ༸གང་ཉིད་མཆོག་གིས་ད་དུང་༸རྒྱལ་བའི་ཡུམ་ཆེན་དམ་པ་མཆོག་ནས་༸སྐུ་ཉིད་ལ་ཁོང་ཁྲོའི་རྣམ་འགྱུར་རྩ་བ་ནས་བསྟན་མྱོང་མེད་སྟབས། མགོན་པོ་མཆོག་གིས་བྱམས་སྙིང་རྗེའི་ཉམས་ལེན་གྱི་དགེ་རྒན་ཆེས་ཐོག་མ་དེ་༸རྒྱལ་ཡུམ་དམ་པ་དེ་ཉིད་ཆགས་ཀྱི་ཡོད་པ་དཔེ་མཚོན་དང་འབྲེལ་ལམ་སྟོན་མཛད་ཡོད། ལྷག་པར་དུ་༸གོང་ས་མཆོག་གིས་དེ་གར་འདུས་པའི་བེུད་ཀུན་ལ་༸གང་ཉིད་མཆོག་གི་མཛད་འཁུར་རྣམ་གསུམ་ལས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་སྐོར་བཀའ་གནང་པ་དང་སྦྲགས། འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་སྟབས། ཁྱེད་རྣམ་པས་དུས་ནམ་ཡང་ང་སྐྱོ་བོ་ཡིན་བསམ་པའི་བསམ་བློ་དེ་དོར་ཏེ་རང་ལ་བྱམས་བརྩེའི་གོང་འཕེལ་གྱི་ནུས་སྟོབས་སོགས་ཆེ་བ་ཡོད་སྟབས། ཡོན་ཏན་དེ་དག་དྲན་ནས་གདེང་སྤོབས་ཡོད་པའི་ཐོག་ནས་ལས་དོན་འདྲ་མིན་སྟེང་དཀའ་ལས་རྒྱག་རྒྱུ་ནི་ཤིན་ཏུ་གནད་ཆེ་ཡིན་པར་ལམ་སྟོན་བཀྲིན་རྒྱ་ཆེ་མཛད་ཡོད་པ་རེད། རྩ་བའི་དེ་རིང་སྔ་ཐོག་ Amravati ནང་ཚོགས་པའི་རྒྱལ་ཡོངས་བེུད་གྲོས་ཚོགས་ཞེས་པའི་ཚོགས་ཆེན་དབུ་འབྱེད་ཀྱིས་ཐོག་མར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Chandrababu Naidu མཆོག་དང་དབུས་གཞུང་གི་དྲིལ་བསྒྲགས་དང་གྲོང་སྡེ་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ M Venkaiah Naidu མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་སྔོན་དུ་ཞུ་བའི་ཐོག་ནས་ཚོགས་ཆེན་དང་འབྲེལ། རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གིས་དབུ་ཁྲིད་པའི་གཞུང་དང་དེ་བཞིན་མངའ་སྡེའི་གཞུང་གིས་བེུད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་མུས་ཐོག་ཚོགས་ཆེན་འདི་ལྟ་བུ་རྒྱ་གར་ཙམ་མ་ཟད། འཛམ་གླིང་གི་ལོ་རྒྱུས་ནང་འགོད་ཐུབ་པའི་གོམ་པ་མདུན་སྤོས་གནང་གལ་ཡིན་པ་སོགས་གསུང་བཤད་རྒྱ་ཆེ་གནང་ཡོད་པ་རེད། མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་གིས་སང་ཉིན་ཚེས་ ༡༡ ཉིན་ Telengana མངའ་སྡེའི་རྒྱལ་ས་ Hydrabad ནང་དུ་ཆིབས་བསྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཉེན་རྟོག་སྦྱོང་བསྡར་ལྟེ་གནས་ཁང་དུ་ཆིབས་བསྒྱུར་དང། དེ་བཞིན་མང་ཚོགས་ལ་བཀའ་སློབ་བཀྲིན་བསྩལ་གནང་མཛད་ཀྱི་འདུག

༸གོང་ས་མཆོག་གིས་ཡུ་ཊ་ནང་སྡོད་ཁྱིམ་མེད་པའི་མང་ཚོགས་ཚོར་ཨ་སྒོར་ ༢༥༠༠༠ ཞལ་འདེབས་བསྩལ་འདུག

ཁ་སང་ཟླ་ ༢ ཚེས་ ༩ ཉིན་ཨ་རིའི་ Utah མངའ་ཁུལ་གྱི་ SaltLakeTribune གསར་ཁང་གིས་གནས་ཚུལ་སྤེལ་བར། སྔ་ལོའི་ཕྱི་ ༦ པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Utah ནང་དུ་ཆིབས་བསྒྱུར་མཛད་པ་དང་བསྟུན། ཡུལ་དེའི་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་སྐབས་སུ་བསྡུ་རུབ་བྱུང་བའི་དངུལ་འབོར་ཡོངས་རྫོགས་ཁུལ་དེའི་ཉམ་ཐག་དང་དགོས་ངེས་ཅན་ལ་གནང་དགོས་པའི་བཀའ་བསྩལ་མཛད་དོན་ལྟར། ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ Utah ས་ཁུལ་གྱི་ Homeless People འམ་ཉམ་ཐག་སྡོད་ཁྱིམ་མེད་པའི་མི་མང་ཚོགས་ཀྱི་རྩོད་ལེན་པ་ལྕམ་ Pamela Atkinson ལགས་ལ་ཉམ་ཐག་དེ་དག་གི་ཆེད་དུ་ཨ་སྒོར་ ༢༥༠༠༠ ཞལ་འདེབས་བསྩལ་མཛད་ཡོད་པ་དང་། དེ་མིན་ཨ་སྒོར་ ༢༥༠༠༠ ཞིག་ཁུལ་དེའི་བྱིས་པའི་སྨན་ཁང་ལ་གསོལ་བསྩལ་གནང་ཡོད་པ་དང་དངུལ་འབོར་ལྷག་མ་རྣམས་ Utan བོད་ཀྱི་ཐེབས་རྩ་ཁང་ལ་གསོལ་བསྩལ་མཛད་འདུག ལྕམ་ Pamela Atkinson ལགས་ཀྱིས་ཉེ་སྔོན་ཁུལ་དེའི་སྡོད་ཁྱིམ་མེད་པའི་མི་མང་གི་གནད་དོན་དང་འབྲེལ་བའི་ཚོགས་འདུའི་ཐོག་༸གོང་ས་མཆོག་གིས་ཞལ་འདེབས་གནང་ཡོད་སྐོར་གསུངས་པ་དང་འབྲེལ། ༸གོང་ས་མཆོག་ནི་༸སྐུ་ཉིད་ཀྱི་མཛད་འཆར་དང་འབྲེལ་ལས་རིམ་ཁག་ལས་དངུལ་གྱི་ཁེ་ཕན་རྩ་བ་ནས་བཞེས་རྒྱུ་མེད་པར་ཕྱག་བསྟར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ་ཏེ་ཁོང་རྣམས་ནས་དངུལ་འབོར་དེ་དག་བེད་སྤྱོད་ལེགས་པོ་གནང་སྟེ་དེའི་སྐོར་༸གོང་ས་མཆོག་ལ་སྙན་གསེང་ཞུ་རྒྱུ་ཡིན་ཅེས་གསུངས་འདུག

༸སྐུའི་ཡང་སྲིད་ཐད་བདག་དབང་ཡོད་སྐོར་བཤད་བཞིན་པ་ནི་འགྲོ་ལུགས་དང་མཚུངས་ཀྱི་མེད་སྐོར་གསུངས་པ།

བོད་མིའི་སྒྲིག་འཛུགས་ཀྱི་ Brussels སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཁེ་ཉིན་ཚེས་ ༧ ཉིན་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་ནག་ལ་གལ་ཆེ་ཆགས་དགོས་དོན་ཞེས་པའི་བརྗོད་གཞི་ཐོག་མཁས་པའི་གསུང་བཤད་ཀྱི་ལས་རིམ་ཞིག་ཚོགས་པའི་ཁྲོད། ཡོ་རོབ་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པ་དང་གུ་ཡངས་ཚོགས་པ། དེབཞིན་ EPP དང་ S&D སོགས་ཆབ་སྲིད་ཚོགས་པ་ཆེ་གྲས་ཁག་ཅིག་གི་འཐུས་མི་སྐུ་ཞབས་ Thomas Mann མཆོག་དང་སྐུ་ཞབས་ Preda མཆོག གྲོས་ཚོགས་འཐུས་མི་ལྕམ་ Molly Scott Cato མཆོག་སོགས་ནས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་བ་དང་ཆབས་ཅིག དེང་སང་རྒྱ་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐོག་ལ་བདག་དབང་ཡོད་ཚུལ་བཤད་བཞིན་པ་ནི་བོད་ཀྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གྱི་འགྲོ་ལུགས་དང་མཚུངས་ཀྱི་མེད་པ་མགྲིན་དབྱངས་གཅིག་ཏུ་གསུངས་འདུག

Latest news