Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་པོ་ལན་ཌི་ནང་དུ་ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་France ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་Poland ནང་གི་ Wroclaw གྲོང་ཁྱེར་དུ་ཉིན་རྒྱབ་ཚོུད་ ༢།༠༠ ཙམ་ལ་༸ཞབས་སོར་བདེ་བར་འཁོད་འདུག་པ་དང་། ས་གནས་ཀྱི་ཉིན་དང་པོའི་མཛད་འཆར་དང་འབྲེལ་མགོན་པོ་མཆོག་གིས་Poland གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་པ་དང་མཇལ་འཕྲད་མཛད་ཀྱི་འདུག ༸གོང་ས་མཆོག་ད་རེས་Wroclaw གྲོང་ཁྱེར་ནང་དུ་ཉིན་གྲངས་གསུམ་རིང་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་དང་། དེའང་རྐང་གྲོང་ཁྱེར་དེ་གའི་སྤྱི་ཁྱབ་པ་Rafal Dutkiewicz མཆོག་གིས་གཞུང་འབྲེལ་གྱི་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་རེད་འདུག སང་ཉིན་ནས་༸གོང་ས་མཆོག་གིས་ཁུལ་དེའི་ནང་གི་གཞུང་འབྲེལ་དུས་ཆེན་ཞིག་ཏུ་ཆིབས་བསྒྱུར་དང་། དེ་བཞིན་སློབ་ཕྲུག་ཚོ་ལ་ལམ་སྟོན་བཀའ་སློབ་དང་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག རྩ་བའི་མགོན་པོ་མཆོག་གིས་ཁ་སང་France ནང་གི་ཉིན་མཐའ་མའི་མཛད་འཆར་ཁྲོད་༸གོང་ས་མཆོག་གིས་གྲོང་ཁྱེར་Strasbourg ནང་དུ་མང་ཚོགས་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་འདུག་པ་དང་། ཉིན་རྒྱབ་ཏུ་མང་ཚོགས་ཆིག་ཁྲི་བརྒལ་བར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་འདུག    France གཙོ་བོར་གྱུར་པའི་ཁྱིམ་མཚེས་རྒྱལ་ཁབ་ནས་བཅར་བའི་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་སྐབས་མགོན་པོ་མཆོག་གིས་མི་ཚེའི་དགོས་དོན་གཙོ་བོ་ནི་བདེ་སྐྱིད་ཡིན་པ་དང་། རེ་བ་ཞེས་པ་དེ་ང་ཚོའི་འཚོ་གནས་ཀྱི་གཞི་རྟེན་ལྟ་བུ་ཆགས་ཡོད་སྟབས། འཛམ་གླིང་ནང་གི་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱངས་རུང་བྱམས་བརྩེའི་ཐོག་ནས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་འཛམ་གླིང་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་སྐོར་བཀའ་གནང་གི་ཡོད་པ་གསུངས་འདུག ད་དུང་༸གོང་ས་མཆོག་གིས་ཆོས་དད་ཡོད་མིན་ལ་ལྟོས་མེད་ང་ཚོའི་ནང་སེམས་ཀྱི་བདེ་སྐྱིད་ཀྱི་གཞི་རྩ་གཞན་ཕན་དང་བྱམས་བརྩེར་ཐུགས་ཡོད་སྟབས། ཆོས་དང་མ་འབྲེལ་ཀུན་ཁྱབ་བཟང་སྤྱོད་ཀྱི་རིན་ཐང་དེ་དག་ལ་དོ་སྣང་དང་དེང་གི་ཤེས་ཡོན་སློབ་གསོའི་ཁོངས་སུ་བཞག་དགོས་གལ་དུ་གཟིགས་ཀྱི་ཡོད་པ་ལམ་སྟོན་མཛད་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ནས་༸གང་ཉིད་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱི་འགོ་ཁྲིད་ལ་གསོལ་བསྩལ་གནང་ཡོད་རུང་། ༸སྐུ་ཉིད་བོད་མི་གཅིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་མཛད་གནང་གི་སྐོར་ལ་བཀའ་གནང་པ་དང་སྦྲགས། མང་ཚོགས་ཁྲོད་བོད་ནང་བསྐྱོད་ཐུབ་མཁན་ཚོས་ས་གནས་ཀྱི་དངོས་ཡོད་གནས་གཟིགས་ནས་རྒྱ་རིགས་མང་ཚོགས་ལ་དངོས་ཡོད་གནས་ཚུལ་གསུངས་དགོས་ཡག་གལ་ཡིན་སྐོར་སོགས་གསུངས་འདུག རྩ་བའི་མགོན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༧ ནས་བཟུང་ཏེེ་འདས་པའི་བདུན་ཕྲག་གཉིས་མན་ཅམ་རིང་ལ་  Belgium གི་གྲོང་ཁྱེར་ Brussels དང་། France ཡི་ Strasbourg གྲོང་ཁྱེར་སུ་ཆིབས་སྒྱུར་བཀྲིན་བསྐྱངས་ནས་རྐང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དང་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་ཚོགས་དགོན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་མ་ཟད། གཞན་ཡང་ཡོ་རོབ་གྲོས་སུ་ཆིབས་སྒྱུར་མཛད་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་དང་། ལྷག་པར་དུ་མང་ཚོགས་ཁྲི་ཚོ་མང་པོར་ཆོས་འ་བྲེལ་དང་བརྗོད་གཞི་སྣ་མང་ཐོག་ལམ་སྟོན་བཀའ་སློབ་བཅས་གནང་ཡོད་པ་རེད།

༸གོང་ས་མཆོག་གི་མཛད་འཆར་ཕྱིར་འཐེན་བྱེད་རྐྱེན་ Sciences po སློབ་གཉེར་ཁང་གི་སློབ་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ།

ཧྥ་རན་སི་ནང་དུང་རྟེན་གཞི་བྱས་པའི་གི་ Sciences po གཙུག་ལག་སློབ་གཉེར་ཁང་ནས་ཉིན་ཤས་སྔོན་སློབ་ཁང་དེའི་ནང་གི་༸གོང་ས་མཆོག་གི་མཛད་འཆར་ཞིག་ཕྱིར་འཐེབ་བྱེད་རྐྱེན་ད་ཆ་སློབ་གཉེར་ཁང་དེའི་སློབ་ཕྲུག་ཁག་ཅིག་ནས་གནངས་ཚེས་ ༡༩ ཉིན་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་རེད་འདུག རྩ་བའི་༸གོང་ས་མཆོག་གིས་ཟླ་བ་འདིའི་ཚེས་ ༡༣ ཉིན་སློབ་གཉེར་ཁང་དེ་གའི་ནང་དུ་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་གཏན་འཁེལ་གསལ་བསྒྲགས་སོང་ཟིན་ཡོད་ནའང། ཉིན་གཅིག་གཉིས་སྔོན་དུ་ལྟེ་གནས་ཁང་དེ་ནས་གློ་བུར་དུ་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་ལས་རིམ་ཕྱིར་འཐེན་གནང་ཡོད་པ་རེད། སློབ་གྲྭ་དེའི་རང་ལོ་ ༡༩ སོན་པའི་སློབ་མ་ Matei  ལགས་ཀྱིས་ངོ་དེབ་སྟེང་སློབ་གྲྭར་སྐྱོན་བརྗོད་ཀྱི་ཡིག་ཆུང་ཞིག་སྤེལ་བའི་ནང་། ༸གོང་མ་མཆོག་གི་མཛད་འཆར་ཕྱིར་འཐེན་གྱི་གནས་ཚུལ་དེ་ཐོས་རྗེས་ཁོང་ཚོ་ཧང་སང་དགོས་པ་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། ཁོང་ཚོར་གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་ནས་ཐོས་པ་དང་། དེའང་སློབ་ཕྲུག་སྐོར་ཞིག་གིས་ལས་རིམ་དེ་ལ་ཐུགས་སྣང་མེད་སྐོར་གསུངས་ཡོད་པ་དེ་ནི་ Sciences Po ཤེས་ཡོན་ལྟེ་གནས་ཁང་གིས་ཕྱི་གསལ་ནང་གསལ་དང་དྲང་བདེན་མིན་པ་ཞིག་ཡིན་སྐོར་གསུངས་འདུག སློབ་མ་ Matei ལགས་དང་འདྲ་བ་སྐྱོན་བརྗོད་གནང་མཁན་སློབ་ཕྲུག་གཞན་ཁག་ཅིག་གིས་གསུངས་པར་མ་གཞི་ཁོང་ཚོ་ཚང་མ་ཡི་ཤུ་བ་ཞིག་ཆགས་ཡོད་པ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་ནང་པའི་དབུ་ཁྲིད་གཅིག་ཆགས་ཡོད་ཀྱང་།  ཁོང་རྣམས་ནས་༸གོང་ས་མཆོག་ལ་ཞི་བདེ་དང་གྲོས་མོལ་གོང་འཕེལ་གནང་མཁན་རྒྱལ་སྤྱིའི་གུས་བཀུར་ཞུ་ཡུལ་ཞིག་ཏུ་བརྩི་ཡི་ཡོད་སྟབས། འཛིན་གྲོགས་མང་པོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་རྒྱ་གཞུང་གིས་རིག་གཞུང་གཏོར་བཤིག་དང་བཙན་འཛུལ་སྲིད་བྱུས་ཐོག་འཚེ་མེད་ཞི་བའི་ཐབས་ལམ་དང་ལྟ་གྲུབ་འཛིན་ཕྱོགས་སྐོར་ལམ་སྟོན་བཀའ་སློབ་ཉན་འདོད་དང་ཤེས་འདོད་ཡོད་སྐོར་ཡང་གསུངས་འདུག དེ་རིང་ཧྥ་རན་སི་རྒྱལ་ནང་གི་གསར་གནས་ཐོག་དེ་དོན་གནས་ཚུལ་ཐོན་པར་ Sciences po གཙུག་ལག་སློབ་གཉེར་ཁང་གི་སློབ་མ་སློབ་མ་ Matei ལགས་ཀྱིས་གཙོས་པའི་གཞན་ཁག་ཅིག་ནས་ངོ་དེབ་སོགས་ཀྱི་སྟེང་སློབ་གྲྭའི་ཐག་གཅོད་དེ་ལ་སྐྱོན་བརྗོད་ཀྱིས་གནངས་ཉིན་རེས་གཟའ་ཟླ་བའི་ཉིན་སློབ་གཉེར་ཁང་དེ་གའི་ནང་ཞུ་གཏུགས་དང་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གནང་རྒྱུ་ཡིན་པ་དང་།  གཙོ་བོ་མ་འོངས་པ་ན་དེ་ལྟར་མི་ཡོང་བའི་སླད་དུ་ཡིན་པ་བརྗོད་འདུག ཕྱོགས་མཚུངས་ཡང་ཧྥ་རན་སི་ནང་གི་གསོལ་མགྲོན་ཁང་གྲགས་ཅན་ Park Hyett Paris ཡི་འགན་འཛིན་ལས་བྱེད་ཚོས་༸གོང་ས་མཆོག་དང་ལྷན་དུ་༸སྐུ་པར་སྒྲོན་པའི་པར་ཞིག་མགྲོན་ཁང་དེ་གའི་གཞུང་འབྲེལ་ངོ་དེབ་སྟེང་བཞག་སྟེ། ༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་གསོལ་མགྲོན་ཁང་དེ་གར་ཆིབས་སྒྱུར་མཛད་པར་བཀྲིན་ཆེ་ཞུ་གསུངས་འདུག་ཀྱང། མི་རིང་བར་རྒྱ་རིགས་མང་པོ་ཞིག་གིས་༸སྐུ་པར་དེའི་འོག་མཆན་འགོད་དེ་མགྲོལ་ཁང་གི་ལས་བྱེད་རྣམས་ལ་སྐྱོན་བརྗོད་ཀྱིས་ཁོང་ཚོ་ཁ་བྲལ་བ་དང་འཇིགས་སྐུལ་བ་ཞིག་དང་འབྲེལ་བ་བྱེད་ཀྱི་ཡོད་སྐོར་བརྗོད་སྟབས། གསོལ་མགྲོན་ཁང་དེས་༸གོང་ས་མཆོག་དང་ལྷན་རྒྱས་༸སྐུ་པར་སྒྲོན་ཡོད་པ་དེ་ཕྱིར་འཐེན་གནང་འདུག ༸གོང་ས་མཆོག་ད་རེས་ཡོ་རོབ་རྒྱལ་ཁབ་གསུམ་ནང་གི་མཛད་འཕྲིན་ཐོག་ལ་རྒྱ་གཞུང་གིས་སྐྱོན་བརྗོད་དང་འགོག་རྐྱེན་བཟོ་དང་བཟོ་མུས་ཡིན་ཀྱང་། ཕྱོགས་གཞན་ཞིག་ནས་ད་བར་འདས་པའི་ཉིན་ཤས་ཀྱི་མཛད་འཕྲིན་ཁྲོད་བྷེལ་ཇམ་དང་ཧྥ་རན་སི་གཞུང་གི་གནད་ཡོད་མི་སྣ་གཙོས། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་པའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་མང་དག་ནས་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་མ་ཟད། ཁྱད་པར་དུ་ཁུལ་དེ་དག་གི་མང་ཚོགས་ཁྲི་ཚོ་མང་པོས་༸གོང་ས་མཆོག་གི་བཀའ་སློབ་ཞུ་ཕྱིར་ཆེད་བཅར་ཞུས་ཞུ་མུས་ཡིན་པ་རེད། མཛད་འཆར་ལྟར་ན། དེ་རིང་མགོན་པོ་མཆོག་གིས་ཁུལ་དེའི་དད་ལྡན་མང་ཚོགས་ལ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་སྩལ་འདུག་པ་དང་། ཁ་སང་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་ Strasbourg གཙུག་ལག་སློབ་གཉེར་ཁང་དུ་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་བཀའ་བསྡུར་མཛད་རྒྱུ་དང་། དེ་བཞིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་ཆེ་བསྟོད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁ་སང་ཧྥ་རན་སི་གྲོང་ཁྱེར་ Strasbourg ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་དང། ཡོ་རོབ་ལྷན་ཚོགས་ནང་ཆིབས་སྒྱུར་གྱིས་བཀའ་སློབ་བཀྲིན་བསྩལ་པ་དང་འབྲེལ། ༸གང་ཉིད་མཆོག་གིས་ཡོ་རོབ་སྤྱི་མཐུན་ཚོགས་པའི་ཐོུང་གི་དམིགས་ཡུལ་གཅིག་གི་འོག་རང་ཉིད་ཀྱི་རྒྱལ་ཁབ་སོ་སོའི་རིག་གཞུང་གཅེས་ཉར་བྱེད་བཞིན་པའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་ཡི་རངས་ཀྱི་ཆེ་བསྟོད་མཛད་པ་དང་། བོད་མི་ཚོས་ཀྱང་རྒྱ་ནག་ནས་ཁ་བྲལ་རྩོད་ཀྱི་མེད་པ་མ་ཟད། ལྷག་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་རང་མི་རིགས་ཀྱི་ཆོས་དང་རིགས་གཞུང་དག་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་དགོས་ཅེས་བཀའ་ནན་བསྩལ་འདུག དེའང་༸གོང་ས་མཆོག་གིས་ཁ་སང་ Strasbourg གྲོང་ཁྱེར་ནང་གི་ཉིན་དང་པོའི་མཛད་འཆར་དབུ་འཛུགས་དང་འབྲེལ། སྔ་དྲོ་གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནང་ཆིབས་སྒྱུར་གྱིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ལགས་ Martin Schulz མཆོག་དང་མཇལ་འཕྲད་གནང་པ་དང་།  Council of Europe ཞེས་ཡོ་རོབ་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། དེ་བཞིན་ཁྲིམས་ལུགས་དབང་བསྒྱུར་གོང་འཕེལ་གནང་མཁན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བཅས་གནད་ཡོད་མི་སྣ་ཁག་ཅིག་ལ་བྱམས་བརྩེ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ལ་བཀའ་སློབ་བཀྲིན་བསྐྱངས་པ་མ་ཟད། བོད་དོན་ཀྱི་གནད་དོན་དེ་སེལ་ཐུབ་རྒྱུར་རེ་བ་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། གལ་འགངས་ཆེ་ཤོས་ཤིག་ལ་ཕྱིའི་རྒྱལ་ཁབ་དང་ལྷག་པར་དུ་ཡོ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུས་ཀུན་སློང་ཡང་དག་པའི་ཐོག་ནས་རྒྱ་ནག་གི་མ་འོངས་པའི་མདུན་ལམ་ལ་ཕན་ཕྱིར་རྒྱ་གཞུང་ལ་སྐབས་རེ་དོན་ཕན་ལྡན་པའི་སྐྱོན་བརྗོད་བྱེད་དགོས་ངེས་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཡོ་རོབ་སྤྱི་མཐུན་ཚོགས་པས་ད་བར་བོད་དོན་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་བཀའ་གནང་པ་དང་འབྲེལ། ལོ་རྒྱུས་ནི་ལོ་རྒྱུས་རང་རེད། ང་ཚོའི་ངོས་ནས་རྒྱ་ནག་ནས་རང་བཙན་རྩོད་ཀྱི་མེད་ཅེས་བཀའ་སྩལ་བ་དང་ཆབས་ཅིག  ང་ཚོའི་ངོས་ནས་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲོམ་གཞིར་ཡི་རངས་ཀྱི་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་བཀའ་བསྩལ་འདུག ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ཕྱུག་པོ་དེ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་བོད་མི་ཁོ་ན་ཙམ་མིན་པར་རྒྱ་ནག་ནང་གི་ནང་པའི་མང་ཚོགས་མང་པོ་ཞིག་ལ་ཧ་ཅང་གི་ཕན་ཐོགས་ཆེན་ཡོད་པ་མ་ཟད། ལྷག་དོན་དེང་གི་ཆར་རྒྱ་ནག་ནང་ལ་ནང་པའི་མང་ཚོགས་ས་ཡ་ ༤༠༠ ལྷག་ཡོད་པ་དང། དེ་དག་མང་ཆེ་བས་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ན་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་ཀྱི་ཆོས་ཚད་ལྡན་ཞིག་ལ་ངོས་འཛིན་གྱིས་དོ་སྣང་ཤུགས་ཆེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་འདུག གཞན་ཡང་ཉིན་རྒྱབ་ཏུ་ Strasbourg གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་གོ་སྒྲིག་འོག་ཁུལ་དེའི་ནང་གི་ཆོས་ལུགས་འདྲ་མིན་ཁག་གི་དབུ་ཁྲིད་ཁག་དང་ལྷན་ལྗགས་སྨིན་ལྷན་བཞེས་དང། དེ་བཞིན་གྲོང་ཁྱེར་དེའི་ཚོགས་ཁང་ཆེན་མོར་སློབ་ཕྲུག་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༢༠༠༠ ལྷག་ལ་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། སྔ་དྲོ་མགོན་པོ་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་དང། Council of Europe ནང་གི་གནད་ཡོད་མི་སྣ་ཁག་ཅིག་ལ་བཀའ་སློབ་བཀྲིན་སྩལ་བའི་ཁྲོད།

༸གོང་ས་མཆོག་ཡོ་རོབ་གྲོས་ཚོགས་སུ་གདན་ཞུ་གནང་རྐྱེན་རྒྱ་གཞུང་གིས་ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐོར་བསྐྱོད་ལས་རིམ་ཕྱིར་འགྱངས་བྱས་པ།

ཁ་སང་ཟླ་ ༩ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་ཧྥ་རན་སི་ Strasbourg  ནང་ལ་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་སུ་ཆིབས་སྒྱུར་བཀྲིན་བསྐྱངས་པའི་དབང་གིས་རྒྱ་ནག་གཞུང་ནས་རིང་མིན་ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཁག་ཅིག་རྒྱ་ནག་ནང་ལ་སྐོར་བསྐྱོད་ཕེབས་འཆར་གྱི་ལས་རིམ་ཞིག་ཕྱིར་འགྱངས་བྱས་འདུག དེའང་ཡོ་རོབ་གྲོས་ཚོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Jaume Duch Guillot ལགས་ཀྱིས་ The Politico ཞེས་པའི་གསར་ཤོག་ཐོག་འགྲེལ་བརྗོད་གནང་དོན་ལྟར་ན། ཡོ་རོབ་གྲོས་ཚོགས་ཀྱི་དཔལ་འབྱོར་དང་མ་དངུལ་ལས་དོན་ཚོགས་ཆུང་གི་སྐུ་ཚབ་ཁག་ཅིག་གཟའ་འཁོར་རྗེས་མའི་ནང་རྒྱ་ནག་གི་ Shanghai དང་རྒྱལ་ས་པེ་ཅིང་བཅས་སུ་ཆེད་ཕེབས་ཀྱིས་ཚོང་འབྲེལ་འགོ་ཁྲིད་ཁག་གཅིག་དང་མཇལ་མོལ་སོགས་ཀྱི་ལས་རིམ་གཏན་འབེབས་ཟིན་་ཡོད་ཀྱང། རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱིས་ཁ་སང་རང་ཡོ་རོབ་གྲོས་ཚོགས་སུ་གློག་འཕྲིན་ཞིག་བཏང་སྟེ། རྒྱ་གཞུང་གི་ངོས་ནས་༸གོང་ས་མཆོག་དང་འབྲེལ་བའི་གནད་དོན་རྐྱེན་གྱིས་གྲོས་ཚོགས་འཐུས་མིའི་སྐོར་བསྐྱོད་ལས་རིམ་དེ་གནས་སྐབས་རིང་ཕྱིར་འགྱངས་བྱས་པ་ཡིན་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག The Politico གསར་ཤོག་ལ་གློག་འཕྲིན་དེའི་ངོ་བཤུས་ཤིག་རག་སོན་བྱུང་བ་དེའི་ནང། རྒྱ་ནག་གཞུང་གི་འབྲེལ་ཡོད་དབུ་ཁྲིད་གཅིག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ Martin Schulz ལགས་ནས་རྒྱ་གཞུང་གི་འབོད་སྐུལ་བསྟུད་མར་བྱས་པར་ལྟོས་མེད་ཀྱིས་ཏཱ་ལའི་བླ་མ་ཡོ་རོབ་གྲོས་ཚོགས་སུ་ཨུ་ཚུགས་ཀྱིས་གདན་འདྲེན་ཞུས་པ་དང། དེ་ནི་ཡོ་རོབ་སྤྱི་མཐུན་ཚོགས་པས་འཛིན་བཞིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་དང་ཡོངས་སུ་འགལ་བ་མ་ཟད། ལྷག་དོན་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་དང་ཕྱོགས་གཉིས་ཀྱི་ཕན་ཚུལ་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུའི་གཞི་རྩ་ཞིག་རེད་ཅེས་བརྗོད་འདུག ཁ་སང་ཟླ་ ༩ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་། Council of Europe ཞེས་ཡོ་རོབ་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། དེ་བཞིན་ཁྲིམས་ལུགས་དབང་བསྒྱུར་གོང་འཕེལ་གནང་མཁན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ནང་ཆིབས་སྒྱུར་གྱིས་བཀའ་སློབ་བཀྲིན་བསྩལ་པ་དང་འབྲེལ། ༸གང་ཉིད་མཆོག་གིས་ཡོ་རོབ་སྤྱི་མཐུན་ཚོགས་ཀྱི་ཐོུང་གི་དམིགས་ཡུལ་གཅིག་གི་འོག་རྒྱལ་ཁབ་སོ་སོའི་རིག་གཞུང་གཅེས་ཉར་བྱེད་བཞིན་པའི་སྒྲིག་འཛུགས་ལམ་ལུགས་དེའི་སྙིང་སྟོབས་ལ་ཆེ་བསྟོད་མཛད་པ་དང་། བོད་མི་ཚོས་རྒྱ་ནག་ནས་ཁ་བྲལ་རྩོད་ཀྱི་མེད་པ་མ་ཟད། ལྷག་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་རང་མི་རིགས་ཀྱི་ཆོས་དང་རིགས་གཞུང་སྲུང་སྐྱོབ་ཡོང་བའི་ཁེ་དབང་རྩོད་ཀྱི་ཡོད་ཅེས་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ཧྥ་རན་སི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་མོལ་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་རན་སི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༣༠ སྐོར་ཞིག་དང་ལྷན་མཇལ་གྱིས་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་གི་དཔོན་རིགས་ཚོ་ལ་བོད་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་དོན་གང་ཡིན་འགྲེལ་བརྗོད་གནང་དགོས་པའི་རེ་སྐུལ་གནང་འདུག ཁ་སང་ཟླ་ ༩ ཚེས་ ༡༤ ཉིན་ཧྥ་རན་སི་རྒྱལ་ཁབ་གྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ༸གོང་ས་མཆོག་གིས་ཡུལ་དེའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༣༠ སྐོར་དང་ལྷན་དུ་རྒྱལ་ས་པེ་རིས་ནང་རྟེན་གཞི་བྱས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ Grand Building ཚོགས་ཁང་ཆེན་མོར་སྔ་དྲོའི་གསོལ་སྟོན་ཐོག་དབུ་བཞུགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་མོལ་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་ད་བར་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་མཛད་པ་དང་། བོད་པའི་བདེན་པའི་འཐབ་རྩོད་དེ་ཡང་ཐོག་མ་ཉིད་ནས་ འཚེ་མེད་ཞི་བའི་ལམ་གི་ཐོག་ནས་འགོ་བཙུགས་བྱས་པ་ཞིག་ཡིན་ཞིང་། ཉེ་བའི་ཆར་བོད་ནང་བྱུང་བཞིན་པའི་བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་དེའི་བརྒྱུད་ནས་བོད་མི་ཚོས་གཞན་ལ་འཚེ་བ་མེད་པའི་ཐོག་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་གསལ་པོ་རེད་ཅེས་བཀའ་བསྩལ་འདུག  ལྷག་དོན་ང་ཚོའི་ངོས་ནས་འདས་པའི་ལོ་རྒྱུས་ཕར་བཞག་སྟེ་རྒྱ་ནག་ནས་ཁ་བྲལ་རྩོད་ཀྱི་མེད་པ་ནི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས་ཤེས་གསལ་ཡིན་པ་མ་ཟད། ཉེ་ཆར་རྒྱ་ནག་ནང་གི་མང་ཚོགས་ཁྲོད་བོད་མིའི་དབུ་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྟོང་ཁྲག་ལྷག་སྤེལ་ཡོད་པ་དང་། ལྷག་དོན་ད་ཡོད་རྒྱ་གཞུང་གིས་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅེས་བཀའ་བསྩལ་འདུག ༸གང་ཉིད་མཆོག་གིས་ད་ལྟའི་ཆར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་བཞིན་དེ་སྔ་གཞུང་དེ་གསར་འཛུགས་བྱེད་མཁན་དམར་ཤོག་ཚོགས་པ་དེའི་ལམ་ལུགས་ཐོག་མུ་མཐུད་སྐྱོད་བཞིན་པ་དེ་ལྟར་ཡང། རྒྱ་ནག་ནང་ལ་འགྱུར་བ་འགྲོ་བཞིན་ཡོད་སྟབས། དམར་ཤོགས་ཚོགས་པའི་ལྟ་བ་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་དེ་ཚོ་བྱེད་སྟངས་མ་ཤེས་པར་ལྷག་ཡོད། རྒྱ་གཞུང་གིས་ད་བར་ཞི་བདེ་དང་བརྟན་ལྷིང་། ཆིག་སྒྲིལ་ཟེར་བའི་འབོད་ཚིག་འོག་འཛིན་པའི་སྲིད་བྱུས་དེ་དོན་དངོས་ཐོག་གྲུབ་འབྲས་གང་ཡང་སོན་མེད་ཅེས་བཀའ་གནང་པ་མ་ཟད། ༸གང་ཉིད་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་དེ་དག་ལ་གཞུང་མང་སྐྱོང་རྒྱུའི་ཀླད་པ་མེད་པ་འདྲ་ཞེས་བཀའ་བསྩལ་དང་འབྲེལ། མ་འོངས་པར་ཧྥ་རན་སི་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་གཞུང་གི་འགོ་ཁྲིད་ཚོ་དང་མཇལ་མོལ་བྱུང་ཚེ། ཁྱེད་ཚོས་བོད་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་དོན་གང་ཡིན་གྱི་རྒྱུ་རྒྱུ་མཚན་འགྲེལ་བརྗོད་གནང་དགོས་པའི་གཞེན་སྐུལ་གནང་པ་དང། དེ་ལྟར་བྱུང་བ་ཡིན་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་བཀའ་བསྩལ་ཡོད་པ་རེད། ཁྱད་པར་དུ་༸གོང་ས་མཆོག་གིས་ཉེ་བའི་ཆར་རྒྱ་རིགས་སློབ་ཕྲུག་དང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཕྱིའི་རང་དབང་རྒྱལ་ཁབ་ནང་འགྲོ་འོང་བྱེད་བཞིན་པར་བརྟེན། རྒྱ་རིགས་དེ་དག་གིས་རང་དབང་ལུང་པའི་ནང་གི་འགྲོ་བ་མིའི་འདྲ་མཉམ་གྱི་ཐོབ་ཐང་དང། བསམ་བརྗོད་རང་དབང་ཐད་ལ་གོ་རྟོགས་ཀྱི་ཤེས་ཡོན་མང་དག་ཐོབ་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་ རང་ཉིད་ཀྱི་རྒྱལ་ཁབ་དེ་བཞིན་ཕྱིའི་འཛམ་གླིང་ལ་སྒོ་མོ་ཕྱི་ནས་གུ་ཡངས་པོ་བྱ་ཚེ་རྒྱ་ནག་རང་ལའང་ཕན་ཐོགས་ཆེན་པོ་ཡོད་ཅེས་བཀའ་བསྩལ་འདུག གཞན་ཡང་༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ནས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན་ལ། ༸གང་ཉིད་མཆོག་གིས་བོད་ནང་གི་བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་པར་ལྷོས་མེད། རྒྱ་གཞུང་གིས་བཙན་དབང་འོག་བོད་མཐོ་སྒང་གི་ནགས་ཚལ་གཅོད་འབྲེག་དང། གཏེར་ཁ་སྔོག་འདོན་གྱི་ལས་གཞི་གང་མང་སྤེལ་སྟབས་གནམ་གཤིས་འགྱུར་ལྡོག་ཐོག་ད་ལྟའི་ཆར་འཛམ་གླིང་བྱང་སྣེ་དང་ལྷོ་སྣེ་གཉིས་ལས་བོད་མཐོ་སྒང་གི་རང་འབྱུང་ཁོར་ཡུག་གནད་དོན་གལ་ཆེ་ཆགས་ཡོད་ཅེས་བཀའ་བསྩལ་འདུག གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་བོད་ལ་ཆེད་བསྐྱོད་ཀྱིས་བོད་ཀྱི་རང་འབྱུང་ཁོར་ཡུག་གི་གནས་བབ་ཇི་ཆགས་ཐད་ཐུགས་ཞིབ་གནང་དགོས་པའི་གཞེན་སྐུལ་ཞུ་བཞིན་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ཧྥ་རན་སི་གྱི་རྒྱལ་ས་པེ་རིས་ Paris དུ་བཅར་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་མཐུད་པ་ཚེ་རིང་དོན་གྲུབ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཧྥ་རན་སི་སྲིད་འཛིན་མཆོག་གིིས་ཆབ་སྲིད་དང་རྒྱ་ནག་གི་ཚོང་འབྲེལ་ཆ་ནས་ད་ལན་༸གོང་ས་མཆོག་ལ་གཞུང་འབྲེལ་མཇལ་འཕྲད་ཞུས་མེད་ཀྱང་། ཁ་སང་ཧྥ་རན་སི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༣༠ སྐོར་ཞིག་གིས་༸གང་ཉིད་མཆོག་ལ་མཇལ་འཕྲད་ཞུས་པ་དེ་ནི་གྲོས་ཚོགས་འཐུས་མི་རྣམས་ནི་མང་ཚོགས་ཀྱིས་འོས་འདེབས་གནང་པ་ཞིག་ཡིན་པས་དོན་དངོས་ཐོག་ཧྥ་རན་སི་མང་ཚོགས་ཁྲོད་༸གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར་ཞུ་མཁན་ཡོད་པ་མངོན་གསལ་རེད་ཅེས་གསུངས་སོང། གཞི་རྩའི་ཟླ་ ༩ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧྥ་རན་སི་ནང་ཆིབས་སྒྱུར་མཛད་སྐབས་ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་ Francois Hollande མཆོག་གིས་གཙོས་གནད་ཡོད་མི་སྣ་འགས་མཇལ་འཕྲད་ཞུས་མེད་ཀྱང་། ཉེ་བའི་ཆར་ཁུལ་དེར་རྟེན་གཞི་བྱས་པའི་ IFOP POLL ཞེས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱེད་མཁན་གྱི་ལྟེ་གནས་ཁང་གིས་སྲིད་འཛིན་ཨོ་ལན་ཌི་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མིན་དང་འབྲེལ་མང་ཚོགས་ཀྱི་དགོངས་ཚུལ་ཁག་ཅིག་བསྡུ་རུབ་བྱས་ཡོད་པ་དང་། སྐབས་དེར་ཧྥ་རན་སི་ས་གནས་མང་ཚོགས་བརྒྱ་ཆ་ ༨༦ གིས་མང་མོས་ཐོག་སྲིད་འཛིན་ Hollande མཆོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་གནང་པའི་ཐོག་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་མཛད་པ་དང་བསྟུན་གཞུང་འབྲལ་གྱི་ཕེབས་བསུའི་མཇལ་འཕྲད་ཞུ་དགོས་གལ་ཡིན་པ་ཞུ་སྐུལ་གནང་འདུག དེ་བཞིན་ཁ་སང་ཚེས་ ༡༤ ཉིན་ཧྥ་རན་སི་ནང་གི་ཉིན་གཉིས་པའི་མཛད་འཆར་ཁྲོད། ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་ཀྱིས་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གནང་གལ་ཆེ་བར་བཀའ་སློབ་བསྩལ་ཡོད་པ་མ་ཟད། དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་ National Institute of Oriental Language and Civilization ལྟེ་གནས་ཁང་དུ་བོད་ཀྱི་སྐད་ཡིག་གི་གལ་འགངས་ཆེ་ཚུལ་སྐོར་སློབ་མ་ཚོར་བཀའ་སློབ་བསྩལ་ཡོད་པ་རེད། རྩ་བའི་ཁ་སང་༸གོང་ས་མཆོག་གིས་ཧྥ་རན་སི་རྒྱལ་ས་ Paris ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་རྗེས། ཕྱི་དྲོ་ཡུལ་དེའི་གྲོང་ཁྱེར་ Strasbourg ནང་ཆིབས་སྒྱུར་བསྐྱངས་གནང་ཡོད་པ་དང་། དེ་རིང་སྔ་དྲོ་མགོན་པོ་མཆོག་གིས་གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནང་ཆིབས་སྒྱུར་གྱིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ལགས་ Martin Schulz མཆོག་དང་མཇལ་འཕྲད་གནང་པ་མ་ཟད། Council of Europe ཞེས་ཡོ་རོབ་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། དེ་བཞིན་ཁྲིམས་ལུགས་དབང་བསྒྱུར་གོང་འཕེལ་གནང་མཁན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ལ་བྱམས་བརྩེ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ལ་བཀའ་སློབ་བཀྲིན་བསྐྱངས་གནང་ཡོད་པ་རེད།

རྒྱ་གཞུང་གིས་ཐེ་ཝན་ལ་༸གོང་ས་མཆོག་ཁུལ་དེར་ཕེབས་བཅུག་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག

འདས་པའི་ཉིན་ཤས་གོང་ཐེ་ཝན་གྲོས་ཚོགས་འཐུས་མི་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་པའི་གནས་ཚུལ་དྲིལ་བསྒྲགས་ཁྱབ་ཆེ་འགྲོ་བཞིན་པའི་དུས་སྐབས་འདིར། དེ་རིང་ཟླ་ ༩ ཚེས་ ༡༤ ཉིན་རྒྱ་གཞུང་གིས་ཐེ་ཝན་ལ་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱང་བཅུག་རྒྱུ་མེད་སྐོར་བརྗོད་དང་སྦྲགས་ཉེན་བརྡ་ཞིག་བཏང་འདུག དེའང་ཐེ་ཝན་གྲོས་ཚོགས་འཐུས་མི་ཁུལ་དེའི་ན་གཞོན་གཞས་པ་གྲགས་ཅན་སྐུ་ཞབས་ Freddy Lim ལགས་དང་ལྕམ་ Kulas Yotaka ལགས་རྣམ་གཉིས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༥ ཉིན་བཞུགས་སྒར་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་དང་ཆབས་ཅིག ཁོང་རྣམ་པས་གཞུང་འབྲེལ་ཐོག་ནས་༸གོང་ས་མཆོག་ཐེ་ཝན་དང་ཐེ་ཝན་གྱི་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་དང་། དེའི་རྗེས་སུ་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Su Jai Quan མཆོག་ནས་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་དུ་ག་དུས་ཕེབས་ཀྱང་དགའ་བསུ་ཡོད་ཅེས་གསུངས་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ལྷག་པར་དུ་ཁ་སང་ཚེས་ ༡༣ ཉིན་ཐེ་ཝན་གྱི་གྲོས་ཚོགས་ནང་དུ་གནད་དོན་དེའི་ཐོག་ལ་གྲོས་ཚོགས་འཐུས་མི་དང་གཞུང་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ David Lee དབར་ལ་གྲོས་བསྡུར་བྱུང་ནས་ཐེ་ཝན་གྱི་སྲིད་བློན་ Lin Chuan མཆོག་དང་ཕྱི་སྲིད་བློན་ཆེན་མཆོག་ནས་ཀྱང་གལ་སྲིད་༸གོང་ས་མཆོག་ལ་ཐེ་ཝན་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཡོད་ཚེ་གཞུང་ནས་དེ་ལ་ལན་འདེབས་གང་ལེགས་ཞུ་རྒྱུ་ཡིན་སྐོར་གསུངས་འདུག འོན་ཀྱང་འདིའི་བར་ན་དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱ་གཞུང་གི་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་ཐེ་ཝན་ཚན་པའི་ལས་ཁུངས་ཀྱི་མགྲིན་ཚབ་པ་ Ma Xiaoguang གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆོས་ཀྱི་ན་བཟའ་བཞེས་ནས་ཁ་བྲལ་ལས་འགུལ་སྤེལ་མཁན་ཞིག་ཡིན་པར་བཤད་པ་དང་སྦྲགས། ཐེ་ཝན་ནང་གི་སྡེ་ཁག་ཅིག་གིས་ཁ་བྲལ་བ་བོད་རང་བཙན་རྩོ་ད་མཁན་དང་ངན་པ་ལག་འབྲེལ་བྱ་རྒྱུའི་ཀུན་སློང་འཛིན་པ་ཡིན་ན། དེས་ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐོག་མཇུག་འབྲས་ངན་པ་ཐོན་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་འདུག ད་ལྟའི་གནས་སྐབས་འདིར་ཐེ་ཝན་གྲོས་ཚོགས་ནས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་རྗེས་ཁ་སང་བར་གྲོས་ཚོགས་ནང་བགྲོ་གླེང་བཀའ་བསྡུར་སོགས་བྱུང་ཡོད་པ་ལས། ཐེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་ Tsai Ing wen མཆོག་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་གང་ཡང་གསུངས་མེད་པ་རེད། གཞི་རྩའི་༸གོང་ས་མཆོག་ནས་དེ་སྔ་ ༡༩༩༧ དང་། ༢༠༠༡ བཅས་སུ་ཐེ་ཝན་ནང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། དེ་རྗེས་ཆིབས་སྒྱུར་མཐའ་མ་དེ་ ༢༠༠༩ ལོར་ཆགས་ཡོད་པ་དེ་ཡང་རྒྱ་གཞུང་གི་གནོན་ཤུགས་དང་ཐེ་ཝན་གྱི་ཆབ་སྲིད་དང་ཚོང་འབྲེལ་དཔལ་འབྱོར་སོགས་ཀྱི་གནད་དོན་རྐྱེན་པས་མགོན་པོ་ཁུལ་དེར་གདན་ཞུ་གསོལ་འདེབས་ཞུ་མཁན་བྱུང་ཡང་གཞུང་ནས་ཆོག་མཆན་ཕུལ་མེད་པ་རེད།

༸གོང་ས་མཆོག་གིས་རྒྱ་གཞུང་ནས་དེ་སྔ་ཕན་ཆད་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་དེ་རང་གཞན་གཉིས་ཀ་ཕུངས་རྒྱུ་ལས་ཕན་ཐོགས་ཅི་ཡང་མེད་སྐོར་བཀའ་བསྩལ་བ།

ཁ་སང་ཟླ་ ༩ ཚེས་ ༡༣ ཉིན་བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་རན་སིར་གནས་སྡོད་བོད་མི་ཚོར་རྒྱ་གཞུང་གིས་དེ་སྔ་ཕན་ཆད་མཁྲེགས་བཟུང་གིས་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ དེ་རང་གཞན་གཉིས་ཀ་ཕུངས་རྒྱུ་ལས་ཕན་ཐོགས་ཅི་ཡང་མེད་ཅེས་བཀའ་བསྩལ་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་རན་སིའི་རྒྱལ་ས་པེ་རེས་ Paris ནང་ཉིན་དང་པོའི་མཛད་འཆར་དབུ་འཛུགས་བསྐྱངས་པ་དང་འབྲེལ། ཉིན་རྒྱབ་ཏུ་ཁུལ་དེའི་ནང་གི་བོད་རིགས་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་བོད་རིགས་༣༡༠༠ ལྷག་ཞིག་ལ་བཀའ་སློབ་བཀྲིན་བསྩལ་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་སྔོན་གྱི་ལས་དང་སྨོན་ལམ་ལ་དབང་གིས་ང་ཚོ་ཚང་མ་བོད་མི་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་མ་ཟད། ད་རེས་འདིར་མཉམ་འཛོམས་བྱུང་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་ཁོག་པའི་ནང་ལ་མེ་འབར་ཡང་ཁ་ནས་ཕྱིར་དུ་བ་མི་ཐོན་པའི་གནས་སྟངས་འོག་ལུས་ཡོད་སྟབས།  ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་བོད་ནང་གི་དཀའ་ངལ་དེ་དག་སེལ་རྒྱུའི་འགན་ཁྲི་ཡོད་ཅེས་བཀའ་བསྩལ་མ་ཟད། ལྷག་པར་དུ་མགོན་པོ་མཆོག་གིས་ཆབ་སྲིད་ཀྱི་གནད་དོན་ཆ་ནས་རྒྱ་ནག་ནང་ལ་འགྱུར་བ་ཞིག་གཏན་གཏན་འགྲོ་ཡི་ཡོད་པ་རེད། རྒྱ་གཞུང་གིས་དེ་སྔ་ཕན་ཆད་མཁྲེགས་བཟུང་གིས་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་དེ་རང་གཞན་གཉིས་ཀ་ཕུངས་རྒྱུ་ལས་ཕན་ཐོགས་ཅི་ཡང་མེད་ཁར།  རྒྱ་ནག་ནང་གི་མང་ཚོགས་ཀྱང་ཡིད་ཆེས་བརླག་གཞི་མ་གཏོགས་རང་དབང་ངང་ཕྱིར་མིག་བྱེད་རྒྱུ་ཞིག་མེད་པ་རེད་ཅེས་བཀའ་བསྩལ་འདུག ད་དུང་མགོན་པོ་མཆོག་གིས་ད་ལྟའི་ཆར་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཞུམ་པ་མེད་པའི་སེམས་ཤུགས་དང་ལྷག་བསམ། རྒྱ་ནག་རང་གི་མང་ཚོགས་གཙོས་འཛམ་གླིང་ཁྲོད་ལ་བོད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་བཅས་ལ་བརྟེན་ནས་བོད་ཀྱི་བདེན་པའི་མཐའ་དེ་གཏན་གཏན་སེལ་རྒྱུ་ཡིན་སྟབས། བོད་མི་ཚོ་བློ་བདེ་པོ་བྱས་ནས་སྡོད་ཨ་ཅེས་བཀའ་སྩལ་འདུག གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཆོས་རྒྱལ་རྣམ་པ་དང། མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བོད་ལ་རྒྱ་གར་གྱི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་ཆོས་ཆ་ཚང་བ་ཞིག་ཡོད་པ་དང། ལྷག་པར་དུ་དེའི་ནང་ནས་ཀྱང་ད་ལྟའི་དུས་སྐབས་འདིར་མཁོ་བའི་བོད་ཀྱི་ནང་ཆོས ་ལས་སེམས་ཁམས་རིག་པའི་ལྟ་གྲུབ་དང། ཚད་མ་རིག་པ་བཅས་འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཡོད་སྟབས་བོད་མི་ཚོས་དེར་བདག་པོ་རྒྱབ་དགོས་པའི་གཞེན་སྐུལ་གནང་འདུག དེ་བཞིན་མགོན་པོ་མཆོག་གིས་དུས་རྒྱུན་ནང་པའི་དད་ལྡན་པ་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་པའི་སྐུལ་མ་ཡང་ཡང་གནང་གི་ཡོད་པ་དང། དེ་ཡང་གཙོ་བོ་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་བྱ་རྒྱུ་དེ་ཡིན་སྐོར་བཀའ་བསྩལ་མཛད་པ་མ་ཟད།  ལྷག་དོན་ད་བར་བོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་སེར་མོ་བ་ཚོས་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་གཉེར་གནང་སྟེ་ནུས་པ་གང་ལ་གང་འཚམ་ཐོན་པ་དང། ད་ལྟའི་དུས་སྐབས་འདིར་མང་ཚོགས་སྐྱ་བོ་ཚོས་ཀྱང་ནང་ཆོས་དང་ནང་པའི་ལྟ་གྲུབ་ཐོག་བསླབ་པ་སློབ་གཉེར་དང་དོ་སྣང་བྱེད་དགོས་ཀྱི་འདུག་ཅེས་བཀའ་ནན་བསྩལ་འདུག རྩ་བའི་༸གོང་ས་མཆོག་གིས་ཁ་སང་ཉིན་རྒྱབ་ཏུ་བོད་མི་ཚོར་བཀའ་སློབ་མ་བསྩལ་གོང་སྔ་དྲོ་ཁུལ་དེའི་ནང་གི་གསར་ཁང་འདྲ་མིན་ཁག་ཅིག་གི་གསར་འགོད་པ་ཚོ་དང་མཇའ་འཕྲད་གནང་པ་དང་། དེ་བཞིན་ཧྥ་རན་སི་ཁྲིམས་རྩོད་ལྷན་ཚོགས་ཀྱི་ཚོགས་མི་ཚོར་ཁོར་ཡུག་གི་གལ་གནད་སྐོར་ལ་བཀའ་སློབ་ཡང་བསྩལ་འདུག མཛད་འཆར་ལྟར་ན། དེ་རིད་ཚེས་ ༡༤ ཉིན་༸གང་ཉིད་མཆོག་གིས་བཟོད་སྒོམ་དང་གུས་བརྩི་ཞེས་པའི་བརྗོད་གཞིའི་ཐོག་གོ་སྒྲིག་ཞུས་པའི་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ལ་ཆིབས་སྒྱུར་གྱིས་བཀའ་སློབ་བཀྲིན་མཛད་རྒྱུ་དང་། དེ་རྗེས་སང་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཚེས་ ༡༩ བར་ཧྥ་རན་སའི་ Strasbourg གྲོང་ཁྱེར་དུ་བོད་ཀྱི་ནང་ཆོས་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ཁུལ་དེའི་དད་ལྡན་མང་ཚོགས་ལ་དཔལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་གནང་མཛད་རྒྱུ།  ཁྱད་པར་དུ་ཁུལ་དེར་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གིས་ཇི་ལྟར་གདན་ཞུ་ཕུལ་དོན་ལྟར། ༸གང་ཉིད་མཆོག་གིས་བཀའ་སློབ་བཀྲིན་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧྥ་རན་སིར་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཧྥ་རན་སི་ནང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག ཁ་སང་ཟླ་ ༩ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་༸གོང་ས་མཆོག་ཧྥ་རན་སིའི་རྒྱལ་ས་ Paris ནང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་༸གང་ཉིད་མཆོག་ལ་ཕེབས་བསུར་ Paris གྲོང་ཁྱེར་གཉིས་པའི་སྤྱི་ཁྱབ་པ་སྐུ་ཞབས་ Jacques Boutault ལགས་དང། རྒྱལ་ཁབ་དེའི་བློན་ཆེན་ཟུར་པ། ༸གང་ཉིད་མཆོག་གི་མཛའ་གྲོགས་སྐུ་ཞབས་ Robert Badinter ལགས་ཀྱིས་གཙོས། ས་གནས་ཀྱི་བོད་རིགས་ཚོགས་སྐྱིད་ཁག་ནས་བོད་ལུགས་ལྟར་གྲོ་སོ་ཕྱེ་མར་འདེགས་འབུལ་གྱིས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཧྥ་རན་སི་འབྲེལ་མཐུད་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་གསུངས་དོན། དེ་རིང་༸གོང་ས་མཆོག་གིས་པེ་རིས་ནང་ཉིན་དང་པོའི་མཛད་འཆར་དབུ་འཛུགས་དང་འབྲེལ་ཏེ་སྔ་དྲོ་གསར་ཁང་འདྲ་མིན་ ༥༠ ལྷག་གི་གསར་འགོད་པ་ཚོ་དང་མཇལ་འཕྲད་གནང་པ་དང་། ཉིན་རྒྱབ་ཏུ་ཧྥ་རན་སི་ནང་ཁྲིམས་རྩོད་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུ་དོན་ལྟར་མགོན་པོ་མཆོག་གིས་ཁོར་ཡུག་གནད་དོན་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ།  དེ་རྗེས་ཁུལ་དེའི་ནང་གནས་སྡོད་བོད་མི་ཚོར་བླང་དོར་གྱི་བཀའ་སློབ་བཀྲིན་བསྩལ་གནང་གི་ཡོད་པ་གསུངས་སོང་། སང་ཉིན་ཚེས་ ༡༤ ཉིན་༸གང་ཉིད་མཆོག་གིས་བཟོད་སྒོམ་དང་གུས་བརྩི་ཞེས་པའི་བརྗོད་གཞིའི་འོག་གོ་སྒྲིག་ཞུས་པའི་ཆོས་ལུགས་མཐུན་འབྲེལ་ལྷན་ཚོགས་ཐོག་བཀའ་སློབ་བཀྲིན་མཛད་རྒྱུ་དང་། དེ་བཞིན་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཚེས་ ༡༩ བར་ཧྥ་རན་སའི་ Strasbourg གྲོང་ཁྱེར་དུ་བོད་ཀྱི་ནང་ཆོས་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ཁུལ་དེའི་དད་ལྡན་མང་ཚོགས་ལ་དཔལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་གནང་མཛད་རྒྱུ།  གཞན་ཡང་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་མཛད་རྒྱུ་མ་ཟད། ཁྱད་པར་དུ་ཁུལ་དེར་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གིས་ཇི་ལྟར་གདན་ཞུ་ཕུལ་དོན་ལྟར། ༸གང་ཉིད་མཆོག་གིས་བཀའ་སློབ་བཀྲིན་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད། རྩ་བའི་ཁ་སང་ཕྱི་དྲོ་༸གོང་ས་མཆོག་ཧྥ་རན་སི་ནང་ཆིབས་མ་མཛད་གོང་མགོན་པོ་༸གང་ཉིད་མཆོག་གིས་སྔ་དྲོ་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་རྟེན་གཞི་ young Presidents Association ཚོགས་པའི་ཚོགས་མི་གཞོན་སྐྱེས་སྐོར་ཞིག་ལ་སྒེར་གྱི་མི་ཚེ་དང། དུས་རྒྱུན་ཚོང་འབྲེལ་ལས་དོན་སོགས་ཀྱི་ནང་དུ་བྱམས་བརྩེའི་ཀུན་སློང་ཉམས་ལེན་ལག་བསྟར་གནང་ཕྱོགས་བཅས་ཀྱི་ཐོག་བཀའ་སློབ་དང་ཐུགས་བརྩེ་ཆེན་པོས་གླེང་མོལ་གནང་ཡོད་པ་དང། དེ་རྗེས་ཁུལ་དེར་ Louvain གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་ཀྱིས་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་དང་ཆོས་ལུགས་མཐུན་འབྲེལ་གྱི་གལ་གནད་སོགས་ཀྱི་སྐོར་བཀའ་སློབ་ཕེབས་གནང་མཛད་འདུག

ཡི་ཤུའི་བླ་ཆེན་པོབ་མཆོག་གིས་༸གོང་ས་མཆོག་ལ་ཆོས་ལུགས་མཐུན་འབྲེལ་གྱི་ཞི་བདེ་ལྷན་ཚོགས་ཐོག་གདན་ཞུ་ཕུལ་མེད་པ་རེད།

ཡི་ཤུའི་བླ་ཆེན་ Popེe Francis མཆོག་གིས་ཨི་ཊི་ལིའི་ Assisi གྲོང་ཁྱེར་ནང་ཚོགས་གཏན་འཁེལ་བའི་འཛམ་གླིང་ཆོས་ལུགས་མཐུན་འབྲེལ་གྱི་ཞི་བདེ་ལྷན་ཚོགས་ཐོག་༸གོང་ས་མཆོག་ལ་གདན་ཞུ་ཕུལ་མེད་པ་རེད། དེ་རིང་ཟླ་ ༩ ཚེས་ ༡༣ ཉིན་ཨེ་ཤེ་ཡ་གསར་ཁང་འམ་ Asia News ཡི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རིང་མིན་ཟླ་ ༩ ཚེས་ ༢༠ ཉིན་ཨི་ཊི་ལིའི་ Assisi གྲོང་ཁྲེར་དུ་དེ་སྔ་ ༡༩༨༦ ལོར་ཡི་ཤུའི་ཆོས་དཔོན་ St. John Paul དམ་པ་དེ་ཉིད་ཀྱིས་རྐང་འགན་བཞེས་ཏེ་ཆོས་ལུགས་མཐུན་འབྲེལ་གྱི་ཞི་བདེ་ལྷན་ཚོགས་ཆེས་ཐོག་མ་བསྐོང་ཚོགས་གནང་ཡོད་པ་དང་། ད་ཆ་དེ་ལྟར་གནང་ནས་མི་ལོ་ངོ་ ༣༠ ཧྲིལ་པོ་ འཁོར་བའི་ཉིན་མོ་འཁེལ་གྱི་ཡོད་སྟབས། ཡི་ཤུའི་བླ་ཆེན་ Pope Francis མཆོག་གིས་ད་ལན་གྱི་ལྷན་ཚོགས་ཐོག་དབྱིན་ཡུལ་གྱི་ཡི་ཤུའི་ཆོས་དཔོན་དང་། Syrian ཆོས་བརྒྱུད་ཀྱི་སྐུ་ཚབ། ཁ་ཆེའི་ཆོས་ལུགས་ཀྱི་སྐུ་ཚབ། དེ་བཞིན་འཇིའུ་ཡི་སྐུ་ཚབ་བཅས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཆོས་ལུགས་ཁག་གི་དབུ་ཁྲིད་ ༤༠༠ ལྷག་གདན་ཞུ་ཕུལ་ཡོད་པ་མ་ཟད། ཁོང་རྣམས་ནས་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་དེའི་ཐོག་གཙོ་བོ་ཡིད་ཆེས་དང་སྤྱི་ཚོགས། ཆབ་སྲིད་དབར་གྱི་དོན་དམ་གྱི་འབྲེལ་ལམ་ཐད་ལ་གླེང་སློང་གནང་གི་ཡོད་པ་རེད། འོན་ཀྱང་གནད་དོན་དེའི་ཐོག་ཨེ་ཤེ་ཡའི་ AsiaNews གསར་ཁང་གི་གསར་འགོད་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་ད་ལྟའི་ཆར་༸གོང་ས་མཆོག་ཆོས་ལུགས་མཐུན་འབྲེལ་གྱི་ཞི་བདེ་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་རྒྱུའི་འཆར་གཞི་གང་ཡང་མེད་སྐོར་དང་། ལྷག་དོན་༸གང་ཉིད་མཆོག་ལ་ཆིབས་བསྒྱུར་གསོལ་འདེབས་ཀྱི་མགྲོན་བརྡའང་ཕུལ་འབྱོར་བྱུང་མེད་པ་གསལ་བཤད་གནང་འདུག གསར་ཁང་དེས་༸གོང་ས་མཆོག་ནས་དེ་སྔ་ཨི་ཊི་ལི་ནང་ཚོགས་པའི་ཆོས་ལུགས་མཐུན་འབྲེལ་གྱི་སྨོན་ལམ་ལྷན་ཚོགས་ཐེངས་དང་པོའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་ལུང་འདྲེན་དང་སྦྲགས། སྨོན་ལམ་ལྷན་ཚོགས་དེ་རིམ་པས་བསྐོང་ཚོགས་གནང་འགོ་འཛུགས་ཏེ་ད་ཆ་མི་ལོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་དེའི་ཐོག་༸གང་ཉིད་མཆོག་ལ་གདན་ཞུ་གསོལ་འདེབས་ཕུལ་མེད་པ་དེས་རྒྱལ་སྤྱིའི་མང་ཚོགས་ཁྲོད་༸གོང་ས་མཆོག་ལ་མཐོང་ཆེན་ཞུ་བཞིན་པར་འགོག་རྐྱེན་བཟོ་བའི་རྣམ་པ་གསལ་བཏོན་བྱེད་ཀྱི་ཡོད་སྐོར་མ་ཟད། ད་ཆ་ཡི་ཤུའི་བླ་ཆེན་གྱི་གདན་ས་ཝེ་ཊི་ཁཎ་ Vatican དང་རྒྱ་ནག་གཉིས་དབར་གལ་ཆེའི་གྲོས་མོལ་འགྲོ་བཞིན་པའི་དུས་མཚམས་འདིར་པེ་ཅིང་དང་རྒྱལ་ས་ Rome གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུའི་གནད་དོན་ཁག་ལས་གཡོལ་ཐབས་བྱེད་བཞིན་ཡོད་ཅེས་ཟུར་ཟ་དང་གནང་པ་དང་ཆབས་ཅིག གནད་དོན་དེའི་རྒྱབ་ལ་རྒྱ་གཞུང་གིས་གནོན་ཤུགས་ཡོད་པར་ཚོད་དཔག་གནང་བཞིན་འདུག རྩ་བའི་ཡི་ཤུའི་བླ་ཆེན་པོབ་ཧྥ་རན་སིས་མཆོག་གིས་དེ་སྔ་ ༢༠༡༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊི་ལིའི་རྒྱལ་ས་ Rome ནང་དུ་ནོ་བེལ་ཞི་བདེའི་ལྷན་ཚོགས་ཐེངས་ ༡༤ ཐོག་ཆིབས་བསྒྱུར་མཛད་པའི་སྐབས་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུ་མེད་པར་མང་ཚོགས་ཁག་ཅིག་ནས་ཡི་ཤུའི་བླ་ཆེན་མཆོག་ལ་སྐྱོན་བརྗོད་ཞུས་པ་མ་ཟད། ལྷག་པར་དུ་པོབ་མཆོག་རྒྱ་གཞུང་ལ་ཞེད་ནས་མགོན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་མ་རེད་ཅེས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། ཕྱིས་སུ་པོབ་མཆོག་གིས་བརྒྱུད་ལམ་ཁག་ཏུ་གནད་དོན་དེའི་ཐད་གསལ་བཤད་དང་འབྲེལ་བླ་ཆེན་ཁོང་ནས་རྒྱ་ནག་ལ་ཞེད་ནས་༸གོང་ས་མཆོག་དང་མཇལ་འཕྲད་མ་ཞུས་པ་མིན་སྐོར་དང་། བླ་ཆེན་མཆོག་ཁོང་ནས་མགོན་པོ་༸གང་ཉིད་མཆོག་ལ་ཆེ་བསྟོད་དང་གུས་བརྩི་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

Latest news