Tibetan Royal Year of 2151 | Year of the Wood Dragon

Day2

སྐབས་ ༡༧ པའི་སྤྱི་འཐུས་རྣམ་པའི་དབར་བཞུགས་མོལ་ཚོགས་འདུ་འཚོགས་གཏན་འཁེལ་བ།

སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཁྲོད་སྤྱི་འཐུས་རྣམ་པ་ཤོག་ཁག་གཉིས་སུ་གྱེས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་འོས་འདེམས་མ་ཐུབ་པའི་ངལ་བ་འཕྲད་བཞིན་པ་དེ་སེལ་ཆེད་ཟླ་བ་འདིའི་ཚེས་ ༢༧ ཉིན་སྤྱི་འཐུས་རྣམ་པ་ཡོངས་མཉམ་འཛོམས་ཐོག་ནས་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་འདུགདེ་རིང་སྤྱི་ཚོགས་དྲ་ལམ་ཐོག་སྐབས་ ༡༧ པའི་ཕྱི་རྒྱལ་སྤྱི་འཐུས་རྣམས་ཀྱིས་སྤྱི་འཐུས་གཞན་རྣམས་ལ་ཕུལ་བའི་ཕྱག་ཡིག་ཞིག་ཡོངས་གྲགས་བྱུང་འདུག་པར་ཕྱག་སྦྲེལ་སྤྱི་འཐུས་ཡོངས་ནས་ནང་མོལ་ཚོགས་འདུར་ཞུགས་རྒྱུའི་ཐུགས་ཐག་བཅད་གནང་བ་ལྟར་ཟླ་བ་འདིའི་ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་གྱི་ཕྱག་ཚོད་ ༥ བར་དུ་བཞུགས་སྒར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་གནང་རྒྱུ་དང།  ནང་མོལ་ཚོགས་འདུ་དེ་དངོས་སུ་ཟླ་ ༩ ཚེས་ ༢༧ ཉིན་རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པའི་ཕྱག་ཚོད་ ༩༌༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གང་རུང་ཞིག་ཏུ་དབུ་འཛུགས་གནང་རྒྱུ་ཡིན་པ་བཅས་བཀོད་འདུག གསར་འགོད་པས་ཨོ་སི་ཊོ་ལི་ཡའི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་སུ་ཞལ་པར་བརྒྱུད་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཕྱག་ཡིག་ནང་དུ་འཁོད་དོན་ལྟར་གོང་ཚེས་ཉིན་བཞུགས་མོལ་ཚོགས་འདུ་གནང་རྒྱུ་དང་ངལ་བ་དེ་སེལ་ནས་གྲོས་ཚོགས་འཚོགས་རྒྱུ། ཚོགས་གཙོ་སྦྲེལ་པོ་འོས་འདེམས་གནང་རྒྱུ། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་གཞག་གནང་རྒྱུ་སོགས་ཀྱི་ཕྱག་ལས་ཁག་རྣམ་ཀུན་བཞིན་གནང་ཐུབ་པར་སྤྱི་འཐུས་ ༤༥ ཚང་མར་འོས་འགན་ཡོད་སྟབས་དེ་ལྟར་གནང་ཐུབ་པའི་རེ་བ་ཆེན་པོ་ཡོད་པར་གསུངས་ཡོད།དེ་བཞིན་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་སུ་རིང་མིན་འཚོགས་གཏན་ཁེལ་བའི་བཞུགས་མོལ་ཚོགས་འདུ་གྲ་སྒྲིག་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་འབྲེལ་ཡོད་ཚོ་དང་གྲོས་བསྡུར་གནང་མུས་ཡིན་པར་གསུངས་ཡོད།རྩ་བའི་འདི་ལོའི་ཕྱི་ཟླ་ ༣ ནང་ཚོགས་པའི་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་པའི་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཁྲིམས་ཞིབ་པ་གསུམ་ལྡེབ་གཅིག་ལ་འཕོ་འགྱུར་བཏང་བའི་གྲོས་ཆོད་ཨང་ ༣༩ པ་དེ་གཏན་འབེབས་དང་འབྲེལ་ཏེ་ཁྲིམས་ཞིབ་པ་རྣམས་ལས་གནས་ལས་ཕྱིར་བཤོལ་གནང་བའི་རྗེས་སུ་ཁྲིམས་ཞིབ་པ་གསར་འདེམས་ཆེད་མི་འགྲོ་མ་རག་པ་དང་སྐབས་ ༡༦ པའི་སྤྱི་འཐུས་རྣམ་པའི་གྲོས་ཚོགས་འཕར་མ་ཚོགས་མ་ཐུབ་པ། དེ་རྗེས་ཁྲིམས་ཞིབ་པ་རྣམ་པས་དོན་ཚན་ལྔ་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་བ་དང་འབྲེལ་ལས་ཁུར་རྒྱུན་སྐྱོང་གནང་བ་སོགས་ཀྱི་གནང་སྟངས་ཁྲོད། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་མཛད་སྒོའི་སྐབས་དབུས་གཙང་དང་མདོ་སྨད་སྤྱི་འཐུས་ ༢༡ ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་། མདོ་སྟོད་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་གཙོས་སྤྱི་འཐུས་གཞན་གཉིས་བཅས་སྤྱི་འཐུས་ ༢༢ ཀྱིས་གྲོས་ཚོགས་ཀྱིས་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་དྲུང་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་ཐབས་མེད་སྐོར་གསུངས་པ་དང་འབྲེལ། ༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་ཞུས་པའི་རྐྱེན་གྱིས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་གསལ་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་སྟབས། གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན་ཚོགས་གཙོ་སྦྲེལ་པོ་འོས་འདེམས་ཀྱི་ལས་རིམ་གནང་ཐབས་མེད་སྐོར་གསུངས་ཡོད། གང་ལྟར་ད་བར་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཆ་ཚང་བ་ཞིག་བྱུང་མ་ཐུབ་པ་དང་དེའི་རྐྱེན་གྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་འོས་འདེམས་མ་ཐུབ་པ། སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་གཞག་མ་ཐུབ་པ་སོགས་ཀྱི་དཀའ་ངལ་རིམ་པ་འཕྲད་དང་འཕྲད་མུས་རེད།བཙན་བྱོལ་བོད་མིའི་ཁྲོད་གནད་དོན་དེའི་ཐོག་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེན་སྟོན་མཁན་བྱུང་དང་འབྱུང་བཞིན་པ་མ་ཟད། སྤྱི་འཐུས་ཁག་ཅིག་དང་བཀའ་ཟུར། ཚོགས་སྡེ་ཁག་འདྲ་མིན་གྱིས་དཀའ་ངལ་དེ་སེལ་ཐབས་ཀྱི་ཐབས་ལམ་སྣ་ཚོགས་ཆེད་བཏོན་གནང་བ་དང་། ལ་ལས་དམ་འབུལ་ཞུ་ཕྱོགས་ཁག་གཉིས་ཀར་ངོས་བཞེས་ཀྱིས་གྲོས་ཚོགས་ཀྱི་ལས་རིམ་ཁག་རྒྱུན་སྐྱོང་དགོས་པ། དེ་བཞིན་ཁག་ཅིག་གིས་བཅའ་ཁྲིམས་དོན་ཚན་ ༤༧ ནང་གསལ་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་ཏེ་རྗེས་སུ་གྲོས་ཚོགས་ཚོགས་རྗེས་ཡིག་ཆ་ཨང་ ༣༩ ཐོག་ཕེབས་དགོས་པ། ཡང་གཞན་ཁག་ཅིག་གིས་ཁྲིམས་ཞིབ་པ་རྣམ་པ་ལས་གནས་ནས་དགོངས་ཞུ་གནང་དགོས་པ་སོགས་ཞུ་སྐུལ་འདྲ་མིན་གནང་ཡོད་ཀྱང་ད་ལྟའི་ཆར་ངལ་བ་དེ་མུ་མཐུད་ནས་ལྷག་བཞིན་པའི་ཁྲོད་ཕྱི་ཟླ་ ༩ པའི་གྲོས་ཚོགས་ཀྱང་འཚོགས་མ་ཐུབ་པའི་གནས་སྟངས་གྱུར་ཡོད་པ་རེད།

ད་ལྟའི་གོ་སྐབས་དམ་འཛིན་གྱིས་གཞུང་མང་གཉིས་ནས་ལས་འགུལ་སྤེལ་དགོས།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གཉིས་པའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བོད་མི་མང་སྤྱི་འཐུས་ ༡༧ གྱིས་སེམས་འཚོར་ཆེན་པོས་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་འདི་བཞིན་ཁ་ཞེ་གཉིས་མེད་ཅིག་ཡོང་ཐབས་སུ་བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་དགོས་པ་དང་། བོད་ཀྱི་སྐད་ཡིག་གཙོས་རིག་གནས་ཁག་ལ་དོ་སྣང་གནང་དགོས་པ་སོགས་གནད་དོན་མང་དག་ཅིག་གི་ཐོག་བགྲོ་གླེང་གནང་སོང་། སྤྱི་འཐུས་ཁག་གཅིག་གིས་ད་ལྟའི་ཆར་རྒྱལ་སྤྱི་ཁྱོན་ཡོངས་ནས་རྒྱ་ནག་ལ་ལྟ་སྟངས་བཟང་པོ་མེད་པ་དང་ལྷག་པར་དུ་རྒྱ་ནག་གཞུང་ལ་ཧོང་ཀོང་དང་ཐེ་ཝན། ཤིན་ཅང་སོགས་ཀྱི་གནད་དོན་དང་འབྲེལ་ཆབ་སྲིད་ཀྱི་ཆ་ནས་གདོང་ལེན་བྱེད་དགོས་པའི་གནད་དོན་རབ་དང་རིམ་པ་འཕྲད་བཞིན་པའི་སྐབས་འདིར་རྒྱ་ནག་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་སོགས་ཀྱི་གོ་སྐབས་དང་བསྟུན་ནས་བོད་མིས་དུས་ཚོད་དམ་འཛིན་གྱིས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་སྤྱི་ཡོངས་ཀྱི་ངོས་ནས་ལས་འགུལ་སྤེལ་དགོས་གལ་ཡིན་པར་མ་ཟད། བོད་མི་མང་ཚོགས་ཀྱིས་ཀྱང་ལས་འགུལ་ནང་མཉམ་ཞུགས་གནང་གནད་ཡིན་པ་སོགས་གསུངས་ཡོད།   ལྷག་པར་དུ་སྤྱི་འཐུས་གཅིག་གིས་ཉེ་ཆར་རྒྱ་ནག་ནང་ཚོགས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་གྱི་ཚོགས་འདུ། དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་བཅས་ཚོགས་ཡོད་པ་དང་། ཚོགས་འདུ་དེ་དག་ཐོག་རྒྱ་གཞུང་གིས་ཆེད་བཏོན་བྱས་པའི་གྲོས་གཞི་དང་ཞི་ཅིན་ཕིང་གི་ཚོགས་འདུ་དེ་དག་ཐོག་བཤད་པའི་གཏམ་བཤད་ཁག་ལ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ཡོངས་ནས་ཐུགས་སྣང་གནང་དགོས་པར་མ་ཟད། རྒྱ་ནག་གཞུང་ལ་དེ་འབྲེལ་བརྡ་ལན་ཞིག་ངེས་པར་གནང་དགོས་པ་སོགས་གསུངས་ཡོད། བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་ནས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་དུ་དབུ་མའི་ལམ་གྱི་སྐོར་འཁོད་པར་རྒྱབ་སྐྱོར་ཞུས་པ་དང་སྦྲགས། འཛིན་སྐྱོང་གི་ངོས་ནས་དབུ་མའི་ལམ་ངོ་སྤྲོད་ཙམ་མ་ཡིན་པར་དེ་འབྲེལ་ལས་འགུལ་ཐོག་དགོངས་པ་བཞེས་དགོས་སྐོར་གསུང་མཁན་བྱུང་སོང་། སྤྱི་འཐུས་ཁག་གཅིག་གིས་རྒྱལ་སྤྱིའི་ཁོར་ཡུག་གི་གནས་སྟངས་དང་འགྱུར་ལྡོག་ལ་གཞིགས་ཏེ་ད་ཡོད་སྲིད་བྱུས་ལ་འགྱུར་ལྡོག་ཞིག་ངེས་པར་དུ་གནང་དགོས་པ་གསུངས་ཡོད་པ་རེད།དེ་བཞིན་སྤྱི་འཐུས་ལ་ལས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་སྐབས་ཞལ་ཙམ་མ་ཡིན་པར་བཙན་བྱོན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་བོད་ཀྱི་སྐད་ཡིག་ལ་སྨན་པའི་ཞབས་འདེགས་ཞུ་དགོས་གལ་ཡིན་པར་གསུང་མཁན་བྱུང་ཡོད། སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་བོད་ནང་གི་བོད་མིས་གཙོས་པའི་དཔའ་པོ་དཔའ་མོ་རྣམས་ཀྱི་སྙིང་སྟབས་དང་མངོན་འདོད་ལ་ཡི་རང་བསྔགས་བརྗོད་སོགས་ཞུས་པ་དང་ཆབས་ཅིག བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་རང་དབང་ལུང་པ་ཁག་ལ་སྨན་བཅོས་ཆེད་ཕེབས་རྒྱུའི་ཐད་ང་ཚོའི་ངོས་ནས་འབོད་སྐུལ་ཞུ་དགོས་སྐོར་གསུངས་པ་དང་། དེ་བཞིན་བཙན་བྱོལ་བོད་མི་རྣམས་མཐུན་སྒྲིལ་གནང་ཐུབ་ཚེ་བོད་ནང་གི་བོད་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་གདུང་སེམས་མཉམ་བསྐྱེད་ཞུས་པ་ཞིག་ཆགས་ཀྱི་རེད་ཅེས་སོགས་གསུངས་ཡོད། གཞི་རྩའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ནང་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དབའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རང་དང་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད། དེ་བཞིན་རྒྱ་གཞུང་གི་འགོ་ཁྲིད་རྣམས་གུ་དོག་མཁྲེགས་འཛིན་གྱི་ལྟ་བ་དོར་ནས་བོད་རྒྱ་འབྲེལ་མོལ་གང་མགྱོགས་དབུ་འཛུགས་གནང་ཐབས་གནང་དགོས་པ་སོགས་ཁྱོན་གྲོས་ཆོད་དོན་ཚན་ ༦ འཁོད་ཡོད་པ་དང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སང་ཉིན་མུ་མཐུད་སྤྱི་འཐུས་རྣམས་ནས་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་སྔོན་རྩིས་སྤྱི་ཡོངས་ཐོག་བགྲོ་གླེང་།

དེ་རིང་སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༠ པའི་ལས་ཉིན་གཉིས་པའི་ཐོག་དཔལ་བྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གི་སྔོན་རྩིས་གསུང་བཤད་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྤྱི་ཡོངས་ཐོག་བགྲོ་གླེང་ལྷུག་པོ་གནང་སོང་།ཁ་སང་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གསུང་བཤད་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡་༢༠༢༢ ལོར་ཕྱོགས་བསྡོམས་འགྲོ་གྲོན་དགོས་དངུལ་སྒོར་ས་ཡ་ ༢༦༩༩་༠༡ འགོད་འབུལ་ཞུས་ཡོད་པའི་ཁྲོད་ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༦༣༧ ལྷག་ཙམ་དང་ཤེས་ཡོན་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༦༠༢ ལྷག་ཙམ། དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༩༡་༠༢ སྤྱི་ཚོགས་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༠༦་༩༩ གཞན་ཡང་འཕྲོད་བསྟེན་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༢༣༥ ལྷག་ཙམ། ཁྲིམས་བཟོ་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༦༢་༢༡ དང་ཆོས་རིག་དང་འབྲེལ་བའི་འགྲོ་གྲོན་སྒར་ས་ཡ་ ༦༠་༥༧ བཅས་འཆར་འབུལ་ཞུས་ཡོད་པ་རེད།དཔལ་འབྱོར་བཀའ་བློན་མཆོག་གིས་ཁ་སང་གི་སྔོན་རྩིས་གཏམ་བཤད་ཁྲོད་བཀའ་ཤག་སྐབས་ ༡༥ པའི་ལས་ཡུན་རིང་བོད་མའི་སྒྲིག་འཛུགས་ཀྱི་མ་དངུལ་ལོ་ལྟར་ཕྲན་དུ་འཕར་སྣོན་བྱུང་བ་དང་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་གནས་སྟངས་ཡག་པོ་ཆགས་ཡོད་སྐོར་གསུངས་ཡོད་པ་ལྟར་དེ་རིང་གི་གྲོས་ཚོགས་ཐོག་སྤྱི་འཐུས་ཁག་གཅིག་གིས་དེའི་ཐོག་བཀའ་བློན་ལ་བཀའ་འདྲི་ནན་པོ་ཞུ་མཁན་བྱུང་སོང་།བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ཡོང་འཆར་གཙོ་བོ་དང་བླངས་དཔྱ་དངུལ་དང་འབྲེལ་སྤྱི་འཐུས་ཁག་གཅིག་གིས་ཚོར་ཤུགས་ཆེན་པོས་བོད་མི་ཡོངས་ནས་དཔྱ་དངུལ་ངེས་པར་དུ་འབུལ་ལམ་ཞུ་དགོས་པའི་སྐུལ་མ་གནང་སོང་བར་མ་ཟད། ལ་ལས་དཔྱ་ཁྲལ་གྱི་བསྡུ་འབབ་སྤར་ཆ་དགོས་པའི་དགོངས་འཆར་ཕུལ་མཁན་བྱུང་ཡོད་པ་ལྟར་བཀའ་བློན་མཆོག་གིས་བཀའ་ཤག་སྐབས་ ༡༥ པའི་ངོས་ནས་བོད་མི་ཡོངས་ནས་དཔྱ་དངུལ་བསྡུ་རྒྱུ་གལ་ཆེར་རྩིས་པ་ལས་དཔྱ་དངུལ་ལ་སྤར་ཆ་གནང་རྒྱུར་དགོངས་པ་བཞེས་མེད་ཅེས་གསུངས་སོང་།ཉིན་རྒྱབ་ཀྱི་ཚོགས་དུས་ཐོག་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་བཞིན་བོད་རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་ཁག་གི་སྔོན་རྩིས་ཐོག་བགྲོ་གླེང་ཁྲོད་སླར་ཡང་དཔྱ་ཁྲལ་ལག་དེབ་དང་འབྲེལ་སྤྱི་འཐུས་ཁག་གཅིག་གིས་བཀའ་ཤག་ལ་བཀའ་འདྲི་མང་དག་ཅིག་ཞུས་པའི་ཁོངས་སུ་རྩ་འཛིན་ལག་དེབ་རྐྱེན་གྱིས་དཔྱ་ཁྲལ་ལག་དེབ་ནང་གི་མིང་སོགས་ལ་ནོར་བཅོས་ཀྱི་ཆ་རྐྱེན་ལ་ངལ་འཕྲད་ཐོག་བཀའ་འདྲི་ནན་པོ་ཕེབས་དོན་ལྟར་དཔལ་འབྱོར་བཀའ་བློན་མཆོག་གིས་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཏེ་བསྐྱར་ཞིབ་ཀྱི་དགོངས་པ་བཞེས་ཀྱི་ཡོད་པ་གསུང་སོང་།རྩ་བའི་སྔ་ལོའི་སྔོན་རྩིས་བཀའ་འཁྲོལ་ཐོབ་ཟིན་པའི་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཁྲོད་དམིགས་བསལ་དང་དམིགས་བཀར་གྱི་ལས་འཆར་ཁྲོད་འདས་ལོར་ཧིན་སྒོར་ས་ཡ་ ༧༠ ཙམ་གྱི་ལས་གཞི་ཕྱག་ལྟར་གནང་མ་ཐུབ་པའི་གནས་སྟངས་ཆགས་གྱུར་ཡོད་ཁག་ད་རེས་བསྐྱར་དུ་རྒྱབ་གཉེར་ཞུས་འདུག

གྲོས་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་།

དེ་རིང་གྲོས་ཚོགས་ཀྱི་ཚོགས་དུས་བརྒྱད་པའི་ལས་ཉིན་གཉིས་པའི་ཐོག་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་བསྡུས་པ་དང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བ། དེ་བཞིན་ལས་བསྡོམས་སྙན་སྒྲོན་ཟིན་པར་བགྲོ་གླེང་སོགས་ཡོངས་སུ་མཇུག་སྒྲིལ་གནང་སོང་། ཁ་སང་ཉིན་རྒྱབ་ཀྱི་ཚོགས་དུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་ཡོད་པ་ལྟར། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་ལས་ཡུན་ནང་ལས་དོན་གང་གནང་བ་དང་གྲུབ་འབྲས་ཇི་སོན་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ཤིག་གྲོས་ཚོགས་སུ་སྙན་སྒྲོན་ཞུས་སོང་བ་དང། དེ་རྗེས་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ནས་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་ལྟ་ཞིབ་གནང་བའི་སྙན་ཐོ་སྒྲོག་ལྗངས། དེ་བཞིན་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་བཅས་ཀྱི་ལས་རིམ་ཁག་ཡོངས་རྫོགས་གྲུབ་རྗེས་ལས་བསྡོམས་སྙན་སྒྲོན་ཟིན་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་ཕེབས་པའི་ཁྲོད་ཁ་སང་ནས་དེ་རིང་སྔ་དྲོ་ཚོགས་ཐེངས་གཉིས་པའི་བར་ཁྱོན་སྤྱི་འཐུས་ ༡༧ གྱིས་བགྲོ་གླེང་ཤ་ཆས་བཞེས་པ་དང་ཆོས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་། བགྲོ་གླེང་ཁྲོད་སྤྱི་འཐུས་རྣམས་ནས་ཆོས་རིག་ལས་ཁུངས་ཀྱི་ནང་པའི་ལྟ་གྲུབ་ངོ་སྤྲོད་ཀྱི་ལས་རིམ་དང་འབྲེལ་ཏེ་ནང་ཆོས་ངོ་སྤྲོད་གནང་སྐབས་སུ་ཆོས་བརྒྱུད་གང་གི་ལྟ་གྲུབ་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་ཀྱང་ཆོས་བརྒྱུད་དེའི་ཆོས་འབྱུང་དང་། ལོ་རྒྱུས། རྣམ་ཐར་བཅས་པར་གཞིར་བཞག་ངོ་སྤྲོད་གནང་དགོས་གལ་ཡིན་པ་ལྟར་དེའི་ཐོག་གོ་སྒྲིག་གནང་མཁན་རྣམས་ནས་བཏང་འཛིན་ཡག་པོ་གནང་དགོས་པ། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་འཁྲབ་སྟོན་ཁྲོད་གླིང་སྒྲུང་དེ་ཁྱད་དུ་འཕགས་པ་ཞིག་དང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་ལྟར། དེའི་ཐོག་དོ་སྣང་དང་འཁྲབ་སྟོན་གོ་སྒྲིག་གནང་དགོས་པ། བོད་པའི་ཟློས་གར་འཁྲབ་སྟོན་པ་རྣམས་འདི་ལོ་བཞིན་ཕྱི་རྒྱལ་ ཁག་ལ་འཁྲབ་སྟོན་སླད་ཕེབས་ཐུབ་ཐབས་སུ་ཆོས་རིག་ལས་ཁུངས་དང་འཛིན་སྐྱོང་བཀའ་ཤག་ནས་རྒྱབ་སྐྱོར་གནང་དགོས་པ་སོགས་གསུངས་ཡོད། སྤྱི་འཐུས་ཁག་གཅིག་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་དགོན་སྡེ་ཁག་ནས་ཆོས་ཕྱོགས་ཀྱི་ལས་དོན་ཙམ་མ་ཟད་མི་མང་གི་བདེ་སྡུག་དང་འབྲེལ་བའི་སྤྱི་ཚོགས་ནང་ལས་དོན་རྒྱ་ཆེ་སྒྲུབ་བཞིན་པར་བསྔགས་བརྗོད་དང་སྦྲགས། ཆོས་རིགས་ལས་ཁུངས་ནས་དགོན་སྡེ་དེ་དག་གི་ལས་གཞིའི་ཐོག་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་དང་ལྷག་པར་དུ་མི་སྐྱ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོ་ཀྱི་ལས་གཞི་སྤེལ་སྐབས་གཞོན་སྐྱེས་ཀྱི་བློ་དང་འཚམས་པའི་སྤེལ་གལ་ཡིན་པ་སོགས་གསུངས་ཡོད།  ཆོས་རིགས་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་སྤྱི་འཐུས་ཁག་གཅིག་གིས་དེང་སྐབས་བཞུགས་སྒར་གཙོ་བོར་གྱུར་པའི་ས་གནས་ཁག་ཏུ་དགོན་སྡེ་ཁག་གི་གྲྭ་བཙུན་མི་ཉུང་བ་ཞིག་རྒྱ་སྐད་དང་དབྱིན་སོགས་སྐད་ཡིག་གཞན་ལ་སློབ་གཉེར་གནང་སྟེ་བཞུགས་བཞིན་ཡོད་པ་རྣམས་ལ་མཐུན་འགྱུར་སྦྱོར་དགོས་པ་དང་། ཆོས་རིགས་ལས་ཁུངས་ནས་རྒྱལ་སྤྱི་ཁྱོན་ཡོངས་ལ་ཡོད་པའི་བོད་པའི་ཆོས་ཚོགས་ཁག་དང་འབྲེལ་བ་གནང་དགོས་པ། ལྷག་པར་དུ་ཕྱི་ཟླ་ ༡༡ ནང་འཚོགས་གཏན་ཁེལ་བའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐོག་ཆོས་རིག་བཀའ་བློན་མཆོག་ནས་འདས་པའི་ལོ་ངོ་ ༦༠ ནང་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་དང་འབྲེལ་བའི་སྟོང་བཤིག་གི་ལས་དོན་གང་སྤེལ་བ་རྣམས་ཕྱོགས་བསྡོམས་གནང་སྟེ་གསུང་བཤད་ཅིག་གནང་གནད་ཡིན་པ་སོགས་ཀྱི་དགོངས་འཆར་ཡང་ཕུལ་སོང་།    རྩ་བའི་ཆོས་རིག་ལས་ཁུངས་ནས་རྩིས་ལོའི་ནང་བོད་མིའི་གཞིས་སྒར་ཁག་ ༣༩ ནང་ནང་པའི་ལྟ་གྲུབ་ངོ་སྤྲོད་ཆོགས་ཆུང་ཡོད་པའི་ཁོངས་ནས་ས་གནས་ཚོགས་ཆུང་ཁག་ ༢༩ ནས་ལས་འགུལ་སྤེལ་བ་བཞིན་ཆོས་རིག་ལས་ཁུངས་ནས་འགྲོ་གྲོན་ཕྱིར་གསབ་ཞུས་ཡོད་པ་དང། རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ཏུ་སྒྲིག་ཞུགས་གྲྭ་བཙུན་རང་ལོ་ ༦ ནས་ ༢༥ བར་ལ་བོད་མིའི་སྒྲིག་འཛུགས་ནས་ལོ་ ༡༥ རིང་ཟླ་རེར་སྒོར་ ༣༠༠ རེའི་རོགས་སྣོན་ཞུ་མུས་བཞིན། འདི་ལོ་ཡང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཐད་ཀར་གསོལ་བསྩལ་མཛད་པ་ཕུད་རྩིས་ལོའི་ནང་གྲྭ་བཙུན་གྲངས་ ༣༤༩༠ ལ་སློབ་ཡོན་གནང་འབུལ་ཞུས་འདུག་པ་སོགས་ལས་བསྡོམས་ནང་འཁོད་འདུག དེ་རིང་གྲོས་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་སྒྲིལ་གནང་བ་དང་འབྲེལ། དེ་རིང་སྔ་དྲོའི་ཚོགས་ཐེངས་གཉིས་པ་ནས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།  

སྐྱབས་བཅོལ་ལག་དེབ་དུས་ཐོག་ཏུ་དུས་འགྱངས་ཞུ་དགོས་པའི་འབོད་སྐུལ།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༢ པའི་ཚོགས་དུས་གཉིས་པ་དང་གསུམ་པའི་ཐོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་ཕྱོགས་བསྡོམས་ཐད་བགྲོ་གླེང་གནང་ཡོད་པ་ལྟར། བདེ་སྲུང་བཀའ་བློན་མཆོག་གིས་རྒྱ་གར་དུ་གནས་བཞུགས་བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་ཀྱི་སྐྱབས་བཅོལ་ལག་དེབ་དུས་ཐོག་ཏུ་དུས་འགྱངས་ཞུ་དགོས་པའི་འབོད་སྐུལ་གནང་སོང་།གྲོས་ཚོགས་སུ་སྤྱི་འཐུས་མང་དག་ཅིག་ནས་བོད་མིའི་སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་དུས་འགྱངས་ཀྱི་ཉེས་ཆད་དེ་ཨ་སྒོར་གྱི་ཚད་གཞིའི་ཐོག་ནས་ཉེས་ཆད་གཅོད་ཀྱི་ཡོད་པ་དེ་རྒྱ་གར་ནང་སྲིད་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་ཀྱི་བཀོད་ཁྱབ་ནང་བོད་མིས་ཨ་སྒོར་འབུལ་དགོས་པ་ཞིག་བཀོད་ཡོད་མེད་དང་བོད་མི་སྐྱབས་བཅོལ་ལག་དེབ་འཁྱེར་མཁན་ཞིག་ནས་ཨ་སྒོར་ནང་ཉེས་ཆད་དངུལ་སྤྲོད་དགོས་པའི་རྒྱུ་མཚན་གང་ཡིན་པ་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་མེད། སྤྱི་འཐུས་ཁག་གཅིག་ནས་སྐྱབས་བཅོལ་ལག་དེབ་མེད་པ་རྣམས་ལ་གསར་བཟོ་ག་ཚོད་ཙམ་གནང་ཡོད་པ་དང་གསར་བཟོ་མ་ཐུབ་པ་ཇི་ཡོད། དེ་བཞིན་ཕྱིར་སྐྱོད་ལག་འཁྱེར་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པའི་སྐོར་དང་འབྲེལ་བའི་བགྲོ་གླེང་གནང་སྐབས་བཀའ་བློན་མཆོག་གིས་འབྲེལ་ཡོད་ས་གནས་སྤྱི་བདེ་ལས་ཁུངས་དང་། ཉེན་རྟོག་ལས་ཁུངས། གསང་བའི་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་ལ་ཞུ་གཏུགས་གནང་མུས་ཡིན་པ་དང་། རིང་མིན་གྲུབ་འབྲས་ཐོན་རྒྱུར་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། བོད་མི་ཚོའི་ངོས་ནས་རང་ཉིད་ཀྱི་སྐྱབས་བཅོལ་ལག་དེབ་དུས་ཐོག་ཏུ་དུས་འགྱངས་ཞུ་དགོས་པའི་འབོད་སྐུལ་གནང་སོང་།བོད་མི་མང་སྤྱི་འཐུས་ཁག་གཅིག་གིས་དེ་སྔ་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་ཀྱི་མིང་ཐོག་ནས་ཨོ་སི་ཊོ་ལི་ཡར་བསྐྱོད་པའི་བོད་མི་ཁག་གཅིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་ངོ་རྒོལ་གནང་མཁན་དང་རྒྱ་ནག་གཞུང་ཚབ་ཁང་སོགས་ལ་ལས་ཀ་བྱེད་བཞིན་པ་ཁག་ཅིག་ཡོང་བཞིན་ཡོད་སྟབས། དེར་བདེ་སྲུང་ལས་ཁུངས་ནས་ཞིབ་བཤེར་དང་དོ་དམ་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་བདེ་སྲུང་བཀའ་བློན་མཆོག་གིས་བོད་མི་ཆབ་སྲིད་བཙོན་ཟུར་ཨོ་སི་ཊོ་ལི་ཡར་གཏོང་རྒྱུ་དེ་བོད་མི་དེ་དག་ནས་དེ་སྔ་བོད་ནང་ཕྱག་ལས་གང་གནང་ཡོད་མེད་དང་། ཕ་མས་གང་གནང་ཡོད་མེད་བཅས་ལ་གཞིགས་ཏེ་ཆབ་སྲིད་བཙོན་ཟུར་ལ་ངོས་འཛིན་གནང་གི་ཡོད་པ་བཀའ་ལན་གནང་ཡོད།བདེ་སྲུང་བཀའ་བློན་མཆོག་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དང་དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་མང་དག་ཅིག་ཞུས་དང་ཞུ་བཞིན་པར་བདེ་སྲུང་ལས་ཁུངས་ནས་ཐུགས་སྣང་གནང་གི་ཡོད་སྐོར་གསུངས་པ་དང་སྦྲགས། སྐྱོན་བརྗོད་གནང་མཁན་དེ་དག་གི་ངོ་དེབ་ནང་མིང་དང་པར་སོགས་མེད་པའི་སྤྱི་ཚོགས་དཀྲུག་མཁན་མང་པོ་ཞིག་འབྱུང་བཞིན་ཡོད་ཀྱང་བདེ་སྲུང་ལས་ཁུངས་ལ་རྒྱ་གར་ཉེན་རྟོག་ལས་ཁུངས་ལྟར་བཏང་འཛིན་གནང་ཆོག་ཆོག་མེད་སྐོར་ལན་འདེབས་གནང་ཡོད།རྩ་བའི་དེ་རིང་བདེ་སྲུང་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་སྔོན་རྩིས་བགྲོ་གླེང་སྐབས་དེ་སྔོན་སྤྱི་འཐུས་ཁག་གཅིག་ནས་གསུང་ཆོས་དང་། དུས་འཁོར་དབང་ཆེན་སོགས་ཀྱི་སྐབས་སུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གདན་ཐོབ་དང་འབྲེལ་བའི་གནང་ཕྱོགས་ལ་དྲི་བ་ཁག་ཅིག་ཕུལ་ཡོད་པ་དང། བདེ་སྲུང་བཀའ་བློན་མཆོག་གིས་གདན་ཐོབ་ཀྱི་ལམ་སྲོལ་དེ་བཀའ་ཤག་གིས་ལམ་སྟོན་གནང་བ་བཞིན་གནང་ཡོད་པ་གསལ་བཤད་གནང་བའི་རྗེས་སུ་སྤྱི་འཐུས་ཁག་གཅིག་ནས་བཀའ་ཤག་གི་ལམ་སྟོན་དེའི་ཐོག་འདྲི་རྩད་གནང་བ་ལྟར། ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གནད་དོན་དེ་ནི་ཚོགས་གཙོས་སྔ་མའི་ལས་དོན་མཇུག་སྐྱོང་གནང་རྒྱུ་ཞིག་ཆགས་ཡོད་པ་དང་། ད་ལྟ་མཇུག་སྐྱོང་གནང་གྲབས་ཡོད་སྟབས་སླད་མར་བཀའ་སྤྱི་ལྷན་འཛོམས་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་ཞེས་གསལ་བཤད་གནང་ཡོད།གཞན་ཡང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པར་སྤྱི་འཐུས་ཁག་གཅིག་ནས་རིང་མིན་ཕྱི་ཟླ་ ༥ པའི་ནང་འཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་གཉིས་པོ་དང། ལྷག་པར་དུ་བརྗོད་གཞི་གཉིས་པ་༸གོང་ས་མཆོག་དང་བོད་མི་དབར་གྱི་འབྲེལ་བའི་ཐོག་ལ་དོགས་འདྲི་ཞུས་པ་ལྟར་སྐབས་དེར་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ཀྱི་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་པ་གསུངས་ཡོད།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་མང་མོས་ཀྱིས་གཏན་འབེབས་གནང་བ།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༢ པའི་སྔ་དྲོ་ཚོགས་དུས་ཐོག་ད་བར་བོད་དོན་ཆེད་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་རྒྱུའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་བཅས་ནས་མུ་མཐུད་བགྲོ་གླེང་གི་ཆ་ཤས་བཞེས་ཡོད་པ་རེད།གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་ཁ་སང་དང་དེ་རིང་སྔ་དྲོ་བཅས་སུ་བོད་མི་མང་སྤྱི་འཐུས་ ༢༥ ལྷག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ནས་ཆ་ཤས་བཞེས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་དང་འབྲེལ་ཏེ་ཉེ་ལམ་བོད་མིའི་གསུམ་བཅུའི་དུས་དྲན་དེ་བཞུགས་སྒར་གཙོ་གྱུར་ས་གནས་གང་སར་སྲུང་བརྩི་ཚགས་ཚུད་གནང་བར་བསྔགས་བརྗོད་དང་ལས་འགུལ་དེའི་རིགས་མུ་མཐུད་སྤེལ་དགོས་གལ་ཡིན་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་སྤྱིར་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་ནུས་སྟོབས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གི་གནང་ལུགས་གནང་སྟངས་ཀྱི་ཐོག་ལ་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནས་དོགས་ཟོན་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་སོགས་འགྲེལ་བརྗོད་གནང་བ་མ་ཟད། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་ལྟ་སྟངས་ཀྱི་ཁོར་ཡུལ་ལའང་འགྱུར་བ་འགྲོ་བཞིན་སྐབས་ང་ཚོས་གོ་སྐབས་འདི་དམ་འཛིན་དང་དོ་སྣང་གནང་དགོས་གནད་ཡིན་པ་ལྟར་འཛིན་སྐྱོང་བཀའ་ཤག་གིས་ཀྱང་རྒྱལ་ཚོགས་ཐོག་བོད་དོན་ལས་འགུལ་ཚགས་ཚུད་ཡོང་སླད་ལས་བྱེད་མང་དུ་གཏང་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་ཅེས་གསུངས་ཡོད། བོད་མི་མང་སྤྱི་འཐུས་བདུན་གྱིས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་འབྲེལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་གནང་དགོས་གལ་ཡིན་པ་མ་ཟད་གྲོས་ཆོད་ཀྱི་སྔོན་གླེང་དང་གྲོས་ཆོད་སོ་སོའི་ཐོག་འཁོད་པའི་ཐ་སྙད་དང་ནང་དོན་སོགས་ཀྱི་ཐོག་བགྲོ་གླེང་གནང་ཡོད་པ་རེད། སྤྱི་འཐུས་རྣམ་པའི་བགྲོ་གླེང་དང་སྲིད་སྐྱོང་མཆོག་གི་གསལ་བཤད་བཅས་གྲུབ་མཚམས་སུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་སྐབས་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་གྲོས་ཆོད་གྲོས་འཆར་དེར་རྒྱབ་སྐྱོར་གནང་མེད་སྟབས། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་མང་མོས་ཀྱིས་གཏན་འབེབས་གནང་ཡོད།གཞི་རྩའི་དེ་རིང་སྔ་དྲོའི་ཚོགས་དུས་སྐབས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་ཟིན་མཚམས་སུ་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་ཟིན་ཚོགས་ཆུང་གི་སྙན་ཐོ་བཅས་ཀྱི་ཐོག་བགྲོ་གླེང་དང་ལན་འདེབས། དེ་བཞིན་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་གི་ཡོད་པ་རེད།

ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་འོས་འདེམས་གནང་བ།

དེ་རིང་ཟླ་ ༩ ཚེས་ ༡༩ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ནང་ལ་ལོ་ངོ་བཞི་བཅུ་ལྷག་ཕྱག་ལས་གནང་མྱོང་ཡོད་པ་ད་ལྟའི་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་མང་མོས་ཐོག་འོས་འདེམས་གནང་སོང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༦ དོན་ཚན་ ༦༣ ནང་གསེས་དང་པོའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྦྲེལ་པོ་མཆོག དེ་བཞིན་སྲིད་སྐྱོང་མཆོག་བཅས་ནས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་ལགས་བཅས་ལས་གྲུབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ཞིག་ཆེད་འཛུགས་གནང་དོན་ལྟར། དེ་རིང་གྲོས་ཚོགས་སུ་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་རྣམ་གཉིས་ཁྲིམས་ཞིབ་པ་གཞན་གཅིག་གི་འོས་མིག་ཏུ་མཚན་འདོན་གནང་ཡོད་པ་རེད། དེ་རིང་གྲོས་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་གི་ཆེད་དུ་ངོ་ཡོད་སྤྱི་འཐུས་ ༤༣ རྣམས་ཀྱིས་འོས་ཤོག་འཕེན་པའི་ཁྲོད་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་སུ་འོས་གྲངས་ ༢༡ དང་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་སུ་འོས་གྲངས་ ༢༡ དེ་བཞིན་རྩིས་མེད་སོང་བའི་གྲངས་ ༡ བཅས་བྱུང་སྟབས་ངོ་ཡོད་སྤྱི་འཐུས་ལས་དགོས་ངེས་འོས་གྲངས་མ་ཚང་བར་བརྟེན་ཚོགས་གཙོ་མཆོག་གིས་དེ་འབྲེལ་ལས་རིམ་རེ་ཞིག་འཕར་འགྱངས་དང་བསྐྱར་དུ་འོས་འཕང་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་པ་རེད། གྲོས་ཚོགས་སུ་སླར་ཡང་འོས་འཕངས་པ་ལས་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་སུ་འོས་གྲངས་ ༡༩ དང་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་སུ་འོས་གྲངས་ ༢༡ དེ་བཞིན་བར་བཞུགས་གྲངས་ ༣ བཅས་བྱུང་སྟབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ངོ་ཡོད་སྤྱི་འཐུས་ལས་དགོས་ངེས་འོས་གྲངས་ཚང་པས་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་བྱུང་བའི་གསལ་བསྒྲགས་དང་སྦྲགས་འཚམས་འདྲི་གནང་ཡོད། ཚོགས་གཙོ་མཆོག་ནས་གསལ་བསྒྲགས་གནང་གྲུབ་མཚམས་སུ་བདམས་ཐོན་ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་ལགས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་དང་སྦྲགས། ཁོང་ཁྲིམས་ཞིབ་པར་འདེམས་ཐོན་བྱུང་བ་འདི་ནི་འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་བོད་པའི་སྤྱི་ཚོགས་ཁྲོད་ཕྱག་ལས་གནང་སྐབས་གཤིབ་འདྲིས་བྱུང་བའི་ལས་བྱེད་རྣམ་པའི་གྲུབ་འབྲས་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་སོང་། གཞི་རྩའི་བདམས་ཐོན་ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་ལགས་ནི་ ༡༩༥༨ ཟླ་ ༧ ཚེས་ ༡ ཉིན་བོད་ཀོང་པོར་སྐྱེས་ཤིང་བཙན་བྱོལ་དུ་འབྱོར་རྗེས་སློབ་སྦྱོང་ཁག་འཐུས་ཚང་གནང་རྗེས། ཤེས་རིག་དང་བདེ་སྲུང་ལས་ཁུངས་ཀྱི་བཀའ་དགོངས་བཞིན་དང་སློབ་ཏུ་ཆེད་བསྐྱོད་ཀྱིས་ལོ་ཤས་ཞབས་ཞུ་དང་། དེ་ནས་ཕྱི་ལོ་ ༡༩༧༦༌༧༧ བར་ལྡི་ལིར་རང་གཞུང་དཔལ་ལྡན་བཀའ་ཤག་གི་ཐད་ཀར་འཛིན་སྐྱོང་འོག་ཆབ་སྲིད་ལ་མཁོ་གནད་ཆེ་བའི་ལས་རིགས་སློབ་སྦྱོང་གནང་སྟེ་རིམ་པས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་ནང་ཚོང་ལས་འགན་འཛིན་དང་དྲུང་ཆེ། ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ལས་ཁང་གི་ལས་དྲུང་སོགས་གནང་ཡོད་པ་མ་ཟད་ཕྱི་ལོ་ ༢༠༠༡ ལོར་གནས་འཕར་གྱི་སྦེལ་ཀོབ་བདེ་སླར་དང་། མན་སྤར་ཕན་བདེ་གླིང་གཞིས་ཆགས། དེ་བཞིན་འབྲས་ལྗོངས་སྒང་ཏོག་ས་གནས་བཅས་ཀྱི་གཞིས་འགོ་དང་ཕྱི་ལོ་ ༢༠༡༦ ལོར་ལྷོ་གཞིས་ཁག་གི་ལྷོ་སྤྱི་བཅས་གནང་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོ་མཇུག་ཏུ་ལྷོ་སྤྱི་ནས་དྷ་ས་ཆོས་རིག་ལས་ཁུངས་སུ་གནས་སྤོས་ཀྱིས་དྲུང་འཕར་ལས་འགན་ཐོག་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེའི་སྣེ་ཤན་ཞབས་ཞུ་ཞུ་མུས་ཡིན་པ་རེད།

ཆོས་རིག་བཀའ་བློན་མཆོག་ལ་དགེ་བཤེས་མའི་གནས་བབ་སྐོར་འདྲི་རྩད་དང་ལས་གཞི་དེ་རྒྱུན་སྐྱོང་ཡོང་བའི་ཞུ་སྐུལ་གནང་བ།

ཁ་སང་དང་དེ་རིང་ཉིན་རྒྱབ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྐོར་བགྲོ་གླེང་གནང་སྐབས། དགེ་བཤེས་མའི་བསླབ་མཐར་དང་པོ་སོན་མཁན་བཙུན་མ་ཉི་ཤུའི་ཁྲོད་ནས་ཇི་ཙམ་བོད་པའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དུ་བསྐོ་གཞག་གནང་མིན་སྐོར་ལས་འཕྲོས་ཏེ་སྤྱི་འཐུས་ཁག་ཅིག་ནས་བཀའ་བློན་མཆོག་ལ་དགེ་བཤེས་མའི་གནས་བབ་སྤྱི་ཡོངས་སྐོར་འདྲི་རྩད་གནང་སོང་། ཁ་སང་ཉིན་རྒྱབ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་གྲུབ་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ནས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༣༡ བར་༸རྒྱལ་བའི་༸སྐུ་ཕྱཱ་དང་བསྟན་སྲིད་ཞབས་རིམ་སོགས་ཆོས་ཕྱོགས་ཀྱི་ལས་དོན་དང་གྲྭ་བཙུན་སྔགས་འཆང་གསུམ་ལ་མཐུན་རྐྱེན་སྦྱོར་སྤྲོད་སྐོར། སློབ་ཁག་གི་དགེ་རྒན་ཚོའི་གསོལ་ཕོགས་དང་བདེ་དོན། དེ་བཞིན་གཞུང་ཆེན་རིགས་གཅིག་རྐང་འཛིན་དང་དགེ་བཤེས་མའི་ལས་རིམ། སྤྱི་ཚོགས་ནང་ཆོས་རིག་ངོ་སྤྲོད་དང་ཟབ་སྦྱོང་གནང་ལུགས་བཅས་ཀྱི་ཐོག་ནས་ལོ་འཁོར་ལས་བསྡོམས་འགོད་འབུལ་གནང་ཡོད་པ་རེད། དེ་རིང་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་མུ་མཐུད་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་སྐབས་སྤྱི་འཐུས་ཁག་ཅིག་གིས་དགེ་བཤེས་མའི་ལས་རིམ་དེའི་ནང་ཆ་ཤས་བླངས་མཁན་བཙུན་མའི་ཞལ་གྲངས་དེ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཐད་སེམས་འཚབ་ཀྱིས་ཆོས་རིག་ལས་ཁུངས་ནས་གནད་དོན་དེའི་ཐོག་གང་གནང་ཡོད་མེད་དང་ཐེངས་དང་པོའི་དགེ་བཤེས་མ་ཉི་ཤུའི་ཁྲོད་ནས་ཇི་ཙམ་བོད་པའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དུ་བསྐོ་གཞག་གནང་མིན་སྐོར་ལས་འཕྲོས་ཏེ་སྤྱི་འཐུས་ཁག་ཅིག་ནས་བཀའ་བློན་མཆོག་ལ་དགེ་བཤེས་མའི་གནས་བབ་སྤྱི་ཡོངས་སྐོར་འདྲི་རྩད་གནང་སོང་། དེ་བཞིན་སྤྱི་འཐུས་གཅིག་གིས་བགྲོ་གླེང་དེའི་ཐོག་ཆ་ཤས་བཞེས་པར་དེ་སྔ་ཆོས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༣ ལོར་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ལས་རིམ་ཞིག་གསར་གཏོད་ལག་བསྟར་གྱིས་ལོ་རེ་བཞིན་སློབ་གཉེར་བ་ཁག་གི་གྲངས་ཚད་ངེས་ཅན་ཞིག་བསྡུ་རུབ་གནང་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང་། སྐབས་དང་པོ་ལས་གཉིས་པའི་སློབ་གཉེར་བའི་གྲངས་འབོར་དེ་ཉུང་དུ་ཕྱིན་ཡོད་པ་དང་དེ་རྗེས་ལོ་ཁ་ཤས་རིང་དེའི་སྐོར་གནས་ཚུལ་གང་ཡང་གོ་ཐོས་མེད་པར་གྱུར་དགོས་དོན་སྐོར་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་ལས་འཆར་དེ་ནི་གཙོ་བོ་༸གོང་ས་མཆོག་གི་བཀའ་སློབ་ཕེབས་དགོངས་ལྟར་རིན་ཐང་ཆེ་བར་ངོས་འཛིན་ཞུས་པའི་ཐོག་སྐབས་དེའི་ཆོས་རིག་ལས་ཁུངས་ནས་ལས་གཞི་དེ་དབུ་འཛུགས་གནང་བ་དང་ཕྱིས་སུ་འགྲོ་གྲོན་གྱི་ཆ་ནས་དཀའ་ངལ་གང་ཙམ་འཕྲད་རྐྱེན་ལས་གཞི་དེ་གནས་སྐབས་ཚོད་ལྟའི་ཚུལ་དུ་ཐེངས་གཉིས་གོ་སྒྲིག་ཞུས་ཡོད་ཀྱང་ཐོག་མའི་ཞལ་གྲངས་ལས་ཉུང་དུ་ཕྱིན་ཡོད་པ་དེ་ནི་གཙོ་བོ་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་མཁན་རྣམས་རང་ཉིད་ཁུངས་གང་ནས་ཡིན་པ་དེའི་ལས་གནས་ཁག་ཏུ་བསྐོ་གཞག་བྱུང་རྐྱེན་ལས་རིམ་དེ་ནས་ཕྱིར་ཐོན་གནང་གི་ཡོད་པ་སོགས་གསལ་བཤད་གནང་སོང་། སྤྱི་འཐུས་གཅིག་གིས་ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ལོའི་བབ་ཀྱི་ཆ་ནས་ངེས་པར་དུ་༸གང་ཉིད་མཆོག་གི་མཛད་འཆར་ཁག་ཉུང་འཕྲི་དགོས་པའི་ཚོར་ཤུགས་ཆེན་པོས་གསུངས་སོང་བར་བཀའ་བློན་མཆོག་གིས་བཀའ་ལན་གནང་ཡོད། དེ་རིང་ཆོས་རིག་གི་ལས་བསྡོམས་ཐོག་༸དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་ལའང་དྲི་བ་ཞིག་ཕེབས་ཡོད་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་སོང་བའི་ནང་འཛིན་སྐྱོང་བཀའ་ཤག་ནས་ད་བར་རིན་པོ་ཆེ་མཆོག་གི་༸སྐུའི་ཕྱྭའི་གནད་དོན་ཐད་ཐུགས་འཁུར་ཆེ་བཞེས་ཀྱིས་མཐུན་འགྱུར་གང་ཐུབ་ཞུས་བཞིན་ཡོད་པ་དང་ལྷག་དོན་རྒྱ་གར་གཞུང་ནས་རིན་པོ་ཆེ་མཆོག་རྒྱ་གར་ལ་ཕྱིར་ཕེབས་གནང་རྒྱུར་བཀག་སྡོམ་རྩ་བ་ནས་གནང་མེད་པ་མ་ཟད། ཕྱི་ལོ་ ༢༠༡༡ ནས་ད་བར་རིན་པོ་ཆེའི་གནས་སྟངས་ལ་ཡར་རྒྱས་གང་ཙམ་ཕྱིན་ཡོད་སྐོར་སོགས་གསལ་བཤད་གནང་སྟེ་རིན་པོ་ཆེ་མཆོག་རིང་མིན་ཕྱི་ཟླ་ ༡༡ ནང་བཞུགས་སྒར་དུ་བླ་ཆེན་ཁག་གི་ཚོགས་འདུ་ཐོག་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་གནང་བ་བཞིན་དེ་ལྟར་ངོས་འཛིན་གནང་བཞིན་ཡོད་པ་གསུངས་སོང་། གཞི་རྩའི་དེ་རིང་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་བགྲོ་གླེང་དེའི་ཁྲོད་སྤྱི་འཐུས་འགའ་ཞིག་གིས་ཆོས་རིག་ལས་ཁུངས་ཀྱི་ནང་ཆོས་ངོ་སྤྲོད་ལས་དོན་དང་འབྲེལ། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་གང་འདྲ་འགྲོ་མིན་དང་། དེ་བཞིན་དཔེ་ཁྲིད་དང་སྐད་ཡིག་དགེ་རྒན་རྣམས་ཀྱི་གསོལ་ཕོགས་སྤར་ཕྱོགས། དེ་བཞིན་དགེ་བཤེས་ལས་རིམ་དང་མཉམ་དུ་ཆོས་བརྒྱུད་གཞན་གྱི་མཁན་པོ་མ་དང་སློབ་དཔོན་མ་རྣམས་ལ་ཐོབ་ཐང་གཅིག་མཚུངས་གནང་རོགས་ཞེས་གསུང་མཁན་ཡང་བྱུང་སོང་།

Latest news