Tibetan Royal Year of 2151 | Year of the Wood Dragon

བོད།

བོད་ནང་གི་གལ་ཆེའི་ལས་གནས་ཁྲོད་རྒྱ་རིགས་མང་དག་ཡོད་པའི་སྙན་ཐོ་འདོན་སྤེལ།

བོད་ནང་ས་ཁུལ་དང་ཞིང་ཆེན་རིམ་པའི་ལས་གནས་ཁག་ལ་བོད་མིའི་སྐུ་ཚབ་ཡོད་པ་དེ་ལྟར་ཡང་བོད་མི་དེ་དག་ལ་གོ་གནས་མཐོ་བ་དང་དབང་ཆ་ཡོད་པའི་ལས་གནས་རག་པ་དེ་ཙམ་མེད་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ཌི་སི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་སོ་ཁྲོན། མཚོ་སྔོན། ཀན་སུ། ཡུ་ནན་བཅས་ཀྱི་ཞིང་ཆེན་དང་རྫོང་རིམ་པའི་ཚོགས་པ་ཁག་དང་སྲིད་གཞུང་། དེ་བཞིན་དམག་དཔུང་གི་ལས་གནས་སོགས་གནད་ཆེ་བའི་གོ་གནས་ཡོད་མཁན་གྱི་གྲངས་ཐོ་ཕྱོགས་སྒྲིག་གིས་ Position without Power – Tibetan Representation in the Chinese Administrative System ཞེས་རྒྱ་ནག་སྲིད་གཞུང་གི་ལམ་ལུགས་ནང་བོད་མིར་དབང་ཆ་མེད་པའི་ལས་གནས་སུ་བསྐོ་གཞག་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་ཡོད་དོ་ཅོག་གི་བོད་མི་རྣམས་ནས་སྲིད་གཞུང་གི་ལས་དོན་ནང་མཉམ་ཞུགས་སླད་ཐོབ་ཐང་ཡོད་པར་མ་ཟད་སྒོས་རྒྱ་ནག་གིས་དབང་སྒྱུར་འོག་ཡོད་པའི་མི་རིགས་རྣམས་ནས་ད་ཆ་སྲིད་གཞུང་གི་ལས་གནས་གལ་ཆེ་ཁག་ཏུ་ཕྱག་ལས་གནང་གི་ཡོད་ཅེས་བརྗོད་པ་དེ་ལྟར་ཡང་། བོད་སྤྱི་ཡོངས་ནང་དབང་ཆ་ཡོད་པ་དང་ལས་གནས་གལ་ཆེ་དག་གི་ཁྲོད་བོད་མི་སྐུ་ཚབ་མེད་པར་ཐེར་འདོན་གནང་འདུག སྙན་ཐོའི་ནང་བོད་ནང་གི་ས་ཁུལ་རིམ་པ་དང་ཞིང་ཆེན་ཁག་གི་ཚོགས་པ་ཁག་ཏུ་བོད་མི་མིན་པ་འབའ་ཞིག་གིས་ལས་གནས་དེ་དག་བཟུང་ཡོད་པ་དང་། ས་ཁུལ་རིམ་པ་ཁག་ ༡༧ དང་རྫོང་རིམ་པ་ ༢ ཡོད་པ་དེ་དག་ཁྲོད་བཞི་ཙམ་གྱི་ཚོགས་པའི་དྲུང་ཆེ་བོད་མི་ཡིན་པ་མ་གཏོགས་དེ་མིན་འགོ་ཁྲིད་གཞན་ཆ་ཚང་རྒྱ་རིགས་ཡིན་པ་མངོན་གསལ་གནང་འདུག ད་ཆ་བོད་མི་སུ་ཞིག་ཀྱང་ཞིང་ཆེན་རིམ་པའི་ནང་གོ་གནས་མཐོ་བའི་ལས་གནས་ཁྲོད་མེད་པར་མ་ཟད། ད་བར་བོད་མི་སུ་ཞིག་ཀྱང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་གོ་སྐབས་རག་མེད་སྐོར་བཀོད་འདུག ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་རིམ་པ་དང་གྲོང་ཁྱེར་ ༧ ཁྲོད་ལྷ་ས་དང་གཞིས་ཀ་རྩེ་གཉིས་ནང་གི་ཚོགས་པའི་དྲུང་ཆེ་བོད་མི་ཡིན་པ་མ་གཏོགས་གཞན་ལྔ་རྣམས་ཀྱི་དྲུང་ཆེ་དེ་རྒྱ་རིགས་ཡིན་པ་དང་། དེ་བཞིན་མཚོ་སྔོན་ནང་གི་ས་ཁུལ་རིམ་པ་དྲུག་ཁྲོད་མཚོ་བྱང་དང་མཚོ་ལྷོ་གཉིས་ཀྱི་དྲུང་ཆེ་བོད་མི་དང་། གཞན་གསུམ་གྱི་ནང་རྒྱ་རིགས་ཀྱིས་འགོ་ཁྲིད་ཀྱི་ཡོད་པ་དང་། སི་ཁྲོན་དང་ཀན་སུ་དེ་བཞིན་ཡུ་ནན་བཅས་ཀྱི་ས་ཁུལ་དང་རྫོང་རིམ་པ་ཁག་གི་འགོ་ཁྲིད་བོད་མི་མིན་སྐོར་སོགས་བཀོད་ཡོད་པ་རེད།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་ཆེད་དུ་མངགས་བོད་ནང་གི་གལ་ཆེའི་ལས་གནས་ཁྲོད་བོད་མི་རྣམས་ལ་གོ་སྐབས་མ་སྤྲད་པ་དེས་རྒྱ་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་ཐབས་ཡིན་པར་འགྲེལ་བརྗོད་གནང་འདུག་པ་དང་། རྒྱ་གཞུང་གིས་བོད་མི་རྣམས་གོ་གནས་མཐོ་བ་དང་དབང་ཆ་ཡོད་པའི་ལས་གནས་སུ་བསྐོ་གཞག་མ་གནང་བ་དེས་བོད་མིར་ཡིད་ཆེས་བློ་འགེལ་མ་ཐུབ་པ་དང་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་རེད་ཅེས་མངོན་གསལ་གནང་ཡོད། རྒྱ་ནག་གི་འགོ་ཁྲིད་ཐད་ཞིབ་འཇུག་གནང་མཁན་ Cheng Li ཡིས་རྒྱ་ནག་གི་འགོ་ཁྲིད་རྣམ་པས་བོད་མི་གཙོས་དེ་གའི་དབང་སྒྱུར་འོག་ཡོད་པའི་མི་རིགས་རྣམས་ལ་སྲིད་གཞུང་གི་ལས་གནས་ཁྲོད་གོ་སྐབས་སྤྲད་པ་ཡིན་ན་རྒྱ་གཞུང་གིས་འཁྱོག་བཤད་ལས་དོན་སྤེལ་བར་རོགས་འདེགས་དང་རྒྱའི་དབང་སྒྱུར་འོག་ཡོད་པའི་མི་རིགས་དག་ལ་དམར་ཤོག་གི་ལམ་ལུགས་ནང་ལས་ཀའི་གོ་སྐབས་རག་གི་ཡོད་པའི་རྣམ་པ་ཞིག་མངོན་ཐབས་ཡིན་པར་མ་ཟད། ད་ཆ་དེ་འབྲེལ་གྱི་ལས་གནས་ཐོབ་པ་ཉུང་ཤས་ལས་མེད་པ་རྣམས་ཀྱང་རྒྱ་གཞུང་གི་ལྟ་གྲུབ་ལས་མི་འགལ་བའི་བྱ་སྤྱོད་སོགས་སྤེལ་དགོས་པ་དང་། དམ་བཅའ་དང་ཞིབ་འཇུག་རིམ་པ་མང་པོ་འགྲོ་བའི་ཐོག་ནས་གོ་གནས་རག་ཡོད་སྐོར་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ད་རེས་ཀྱི་སྙན་ཐོ་འདི་བརྒྱུད་ནས་བོད་ནང་གི་བོད་མིར་དབྱེ་འབྱེད་ཤུགས་ཆེ་བྱེད་བཞིན་ངལ་བ་འཕྲད་ཀྱི་ཡོད་པ་ཁ་གསལ་ཆགས་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་མིར་སོ་སོའི་གཞུང་འཛིན་རྒྱུའི་ཐོབ་ཐང་འཕྲོག་པ་དེས་བོད་ནང་གི་བོད་མི་རྣམས་རང་ཡུལ་དུ་མི་སེར་གཉིས་པ་ལྟ་བུའི་གནས་སྟངས་ཆགས་ཡོད་པར་གསུངས་འདུག ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་ཚོགས་གཙོ་བོད་མི་ཆེ་དགྲ་ལྷས་གསར་འགོད་པར་བོད་ནང་གི་ཞིང་འབྲོག་ཚོ་ངལ་རྩོལ་བསྒྱུར་བཀོད་ཁང་ནང་བཙན་དབང་གིས་བཏང་བའི་གནད་དོན་དེར་ངོས་ལེན་ཞུས་མེད་པ་དེས་རྒྱ་གཞུང་གི་དམ་དྲག་དང་སྟངས་འཛིན་མངོན་གྱི་ཡོད་པ་གསུངས་འདུག

རྒྱ་གཞུང་གིས་ཆོས་ལུགས་དང་འབྲེལ་བའི་ཡིག་ཆ་དཔར་སྐྲུན་གནང་རྒྱུར་བཀག་སྡོམ།

རྒྱ་ནག་གཞུང་གིས་དེ་གའི་བཀའ་ཁྲོལ་མེད་པར་ཆོས་ལུགས་དང་འབྲེལ་བའི་ཡིག་ཆ་དཔར་སྐྲུན་བྱ་རྒྱུ་ཙམ་མ་ཟད་དེ་དག་སྦྲག་ཐོག་སོགས་ཀྱི་བརྒྱུད་ནས་སྐྱེལ་འདྲེན་གནང་རྒྱུའི་ལས་དོན་ཡོངས་རྫོགས་བཀག་སྡོམ་བྱས་འདུགདེའང་ Bitter winter ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་རྒྱལ་ཡོངས་སུ་གཞུང་གི་བཀའ་ཁྲོལ་མེད་པའི་ཆོས་ཕྱོགས་ཀྱི་ཡིག་ཆ་གང་འདྲ་ཞིག་དཔར་སྐྲུན་གནང་རྒྱུར་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་མ་ཟད། གང་ཟག་གང་ཞིག་ནས་གཞུང་གི་བཙན་བཀའ་ལས་འདས་པའི་ལས་དོན་དེ་རིགས་གཉེར་ཚེ་ཉེས་ཆད་ནན་པོ་གཅོད་པ་རྒྱུ་ཡིན་པར་བཤད་ཡོད་པ་ལྟར། གནད་དོན་དེའི་རྐྱེན་གྱིས་ད་ཆ་རྒྱ་ནག་གི་དཔེ་སྐྲུན་ཁང་དག་ལ་སླད་མར་དཔར་སྐྲུན་གནང་རྒྱུར་འཇིགས་སྣང་ཆེན་པོ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་འདུག ཁ་ཉིན་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་ Luoyang གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཤེས་ཡོན་དང་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གིས་རྒྱ་ནག་གི་ Henan ཞིང་ཆེན་དུ་ས་གནས་ཀྱི་དཔར་སྐྲུན་ཁང་ལ་ཆོས་ལུགས་དང་འབྲེལ་བའི་ཡིག་ཆ་དཔར་སྐྲུན་གནང་མིན་གྱི་ཞིབ་དཔྱད་བྱས་ཡོད་སྐོར་བཀོད་འདུག་པ་དང་། དཔར་སྐྲུན་ཁང་གི་གཙོ་གཉེར་བས་ཁོ་ཚོས་ངའི་མཛོད་ཁང་སྔོག་གཤེར་བྱས་པ་དང་དེ་བཞིན་དཔེ་དེབ་ཀྱི་ཐོ་གཞུང་ལ་ཞིབ་འཇུག་ནན་པོ་བྱས་པར་མ་ཟད། ཐ་ན་ཁོ་ཚོས་ངའི་དཔར་སྐྲུན་ཁང་གི་ཞ་ལར་ཤོག་ལེབ་ལྷུང་བར་དག་ལའང་ཞིབ་དཔྱད་བྱས་ནས་དེ་དག་ནང་གཞུང་གིས་བཀག་སྡོམ་བྱས་པའི་ནང་དོན་འཁོད་ཡོད་མེད་འཚོལ་ཞིབ་བྱས་སོང་ཞེས་གསུངས་པ་དང་སྦྲགས། གལ་ཏེ་རྒྱ་གཞུང་གིས་བཀག་སྡོམ་བྱས་ཡོད་པའི་ནང་དོན་དང་འབྲེལ་བ་ཡོད་རིགས་རྙེད་སོན་བྱུང་ཚེ་ཆད་པ་འགེལ་གཏན་ཁེལ་བ་དང་། དེ་བས་ཀྱང་ཁོང་གི་དཔར་སྐྲུན་ཁང་སྒོ་རྒྱག་དགོས་པ་ཆགས་སྲིད་སྐོར་གསུངས་འདུག དཔར་སྐྲུན་ཁང་གི་གཙོ་གཉེར་བས་ཁོང་གི་ངོས་ནས་ད་དུང་དེ་སྔོན་ཁས་ལེན་ཞུས་པའི་ཆོས་ཕྱོགས་ཀྱི་ཕྱག་དཔེ་དང་དེ་དང་འབྲེལ་བའི་རྩོམ་སྒྲིག་གི་རྒྱུ་ཆ་ཡོངས་རྫོགས་དཔར་སྐྲུན་གནང་རྒྱུར་ངོས་བཞེས་གནང་མེད་པ་དང་། དཔར་ཁང་སྔོག་གཤེར་བྱེད་སྟངས་དེ་ནི་ཆེས་དངངས་ཚབས་ཅན་ཞིག་ཡིན་པ་ལའང་ངོ་སྤྲོད་གནང་འདུག་པ་དང་ཆབས་ཅིག ཆོས་ཕྱོགས་ཀྱི་ནང་དོན་གང་ཡིན་པ་དེ་དག་སྲིད་དོན་གྱི་ངོ་བོར་བཟོས་ཀྱི་ཡོད་པ་གསུངས་བ་མ་ཟད། བཀག་སྡོམ་བྱེད་མི་ཚོས་སྲང་ལམ་ཁག་ཏུ་མི་མང་དཀྱུས་མ་རྣམས་ལ་ཆོས་དད་རང་དབང་ཡོད་སྐོར་བཤད་པ་ལས་དོན་དམ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ལ་མེད་པར་མངོན་གསལ་གནང་ཡོད་པ་རེད། Bitter Winter གསར་ལམ་གྱི་ངོས་ནས་ Luoyang གྲོང་ཁྱེར་ནང་གི་དཔར་སྐྲུན་ཁང་གཞན་མང་དག་ཅིག་ལ་དཔར་སྐྲུན་གནང་བར་ཕེབས་ཀྱང་ཁོང་རྣམ་པའི་ངོས་ནས་ཀྱང་ཆོས་ལུགས་དང་འབྲེལ་བའི་ཕྱག་དེབ་དང་དེ་འབྲེལ་རྩོམ་སྒྲིག་གི་རྒྱུ་ཆ་ཡོངས་རྫོགས་དཔར་སྐྲུན་ལ་ངོས་ལེན་གནང་གི་མེད་པར་འགྲེལ་བརྗོད་གནང་འདུག ཡང་དཔེ་དེབ་ཚོང་གཉེར་དང་འབྲེལ་བའི་ལས་མི་གཞན་ཞིག་གིས་ཀྱང་རྒྱ་ནག་གཞུང་གི་ངོས་ནས་རྒྱ་ནག་རྒྱལ་ཡོངས་སུ་ཆོས་ལུགས་དང་འབྲེལ་བའི་ཡིག་ཆ་གང་འདྲ་ག་དང་ལྷག་དོན་ཡི་ཤུའི་ཆོས་ལུགས་ཀྱི་ཕྱག་དཔེ་དག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་དང་སྦྲགས། དེ་བས་གང་ཟག་གང་ཞིག་ནས་བཙན་བཀའ་རྒྱ་ལས་འདས་པའི་ལས་དོན་གཉེར་ཚེ་བཙོན་འཇུག་གི་ཉེས་ཆད་གཅོད་ངེས་ཡིན་པར་བརྟེན་ང་ཚོ་སུ་གང་གིས་ཀྱང་བཙན་བཀའ་ལས་རྒལ་མི་སྲིད་ཅེས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་རྒྱ་གཞུང་གིས་གནད་དོན་དེའི་རྐྱེན་པས་གྲོང་ཁྱེར་དེའི་ནང་གི་དཔར་སྐྲུན་ཁང་ཞིག་སྒོ་རྒྱག་དགོས་ཁེལ་བ་དང་དེ་གའི་ལས་བྱེད་ཁག་ཅིག་འཛིན་བཟུང་བྱས་ཡོད་སྐོར་གསུངས་འདུག ད་ལན་རྒྱ་གཞུང་གིས་ Luoyang གྲོང་ཁྱེར་ནང་ལ་ཆོས་ལུགས་དང་འབྲེལ་བའི་ཕྱག་དཔེ་དཔར་སྐྲུན་དང་སྦྲག་ཐོག་སོགས་ཀྱི་བརྒྱུད་ནས་སྐྱེལ་འདྲེན་གནང་རྒྱུའི་ལས་དོན་ཡོངས་རྫོགས་བཀག་སྡོམ་ནན་པོ་བྱས་པ་དང་མཉམ་དུ་དཔར་སློག་རྒྱག་མཁན་གྱི་ཚོང་རིགས་ལའང་དེ་ལྟར་དམ་བསྒྲགས་ཆེས་ཆེར་བྱས་ཡོད་པ་དང་། ཁུལ་དེའི་དཔར་སློག་ཁང་གི་ལས་བྱེད་ཅིག་གིས་ཐ་ན་མཆོད་དབྱངས་འཁོད་པའི་ཤོག་ལེབ་ཚུན་ཚད་དཔར་སློག་གནང་བར་ཞེད་སྣང་ཆེན་པོ་ཡོང་གི་ཡོད་པ་གསུངས་འདུག ལྷག་དོན་ཁོང་གིས་རྒྱ་ནག་གཞུང་ཕྱོགས་ནས་ཁོང་ལ་ཆོས་ཕྱོགས་དང་འབྲེལ་བའི་དཔར་སློག་རིགས་རྒྱག་པར་ཡོང་མཁན་སུ་ཡིན་གོང་རིམ་ལ་སྙན་སེང་ཞུ་དགོས་པའི་བཀོད་ཁྱབ་བཏང་ཡོད་སྐོར་ཡང་བརྗོད་འདུག དེ་བཞིན་ Luoyang གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་དངོས་ཟོག་སྐྱེལ་འདྲེན་ལས་ཁང་གི་ལས་མི་ཞིག་གིས་ཀྱང་རྒྱ་ནག་གཞུང་གིས་འདི་ལོར་དངོས་ཟོག་ཁག་ལ་དམ་བསྒྲགས་ནན་པོ་བྱེད་བཞིན་པའི་གནས་སྟངས་ངོ་སྤྲོད་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ལེན་ཡོད་པའི་དཔེ་དེབ་རིགས་སྐྱེལ་འདྲེན་བྱེད་ཆོག་པ་ལས་ཆོས་ལུགས་དང་འབྲེལ་བའི་ཕྱག་དཔེ་གཞན་རིགས་སྐྱེལ་འདྲེན་མི་ཆོག་ཚུལ་འགྲེལ་བརྗོད་གནང་བར་མ་ཟད། དེར་རྩིས་འཇོག་མ་གནང་ཚེ་ཚོང་གཉེར་ཁང་འཕྲལ་མར་སྒོ་རྒྱག་རྒྱུའི་གནས་སྟངས་འགྱུར་ངེས་ཡིན་པ་གསུངས་འདུག གཞན་ཡང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ལ་ཡི་ཤུའི་རྗེས་འབྲང་པ་ཞིག་གིས་རྒྱ་ནག་གི་ Henan ཞིང་ཆེན་གྱི་གྲོང་སྡེ་ Jiyuan ལ་ཆེད་བསྐྱོད་ཀྱིས་ས་གནས་ཀྱི་སྦྲག་ཁང་བརྒྱུད་སྟོན་པ་ཡི་ཤུ་མ་ཤི་ཀའི་འཁྲུངས་རབས་དང་ཆོས་སྐོར་གྱི་གསུང་རབ་ཕྱོགས་བསྒྲིགས་ཞུས་པ་ཞིག་རང་ཉིད་ཀྱི་བུ་མོར་སྤྲིངས་པ་དེ་ནི་ཁྲིམས་འགལ་གྱི་གནད་དོན་ཡིན་པར་འགྲེལ་བརྗོད་དང་སྦྲགས་ཏེ་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཁོང་གིས་རྣམ་ཀུན་ནས་བཟི་སྨན་རིགས་དང་མེ་མདའ། གོ་མཚོན་རིགས་སྐྱེལ་འདྲེན་གནང་རྒྱུ་ནི་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་པ་དེ་ལྟར་ཡང་། ད་ཆ་ཆོས་ལུགས་ཀྱི་དངོས་ཟོག་སྐྱེལ་འདྲེན་གནང་རྒྱུ་དེ་ཁྲིམས་འགལ་རེད་འདུག་ཅེས་སྨྲེ་སྔགས་འདོན་པའི་གནས་སྟངས་སུ་གྱུར་ཡོད་པ་རེད། སྔ་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གི་ Weihai གྲོང་ཁྱེར་ནས་ནང་པའི་རྗེས་འབྲང་པ་བརྒྱ་སྐོར་ཞིག་གིས་དྲྭ་ཐོག་ནས་མཁན་པོ་བསོད་དར་རྒྱས་ལགས་ཀྱི་བཀའ་ཆོས་སྩལ་བའི་འོད་སྡེར་ཆོད་གཏོང་བྱས་པའི་རྐྱེན་གྱིས་གང་ཟག་དེ་གྲོང་སྡེ་ Jiyuan ཡི་ས་གནས་ཉེན་རྟོག་པས་འཛིན་བཟུང་དང་མངགས་ཉོ་གནང་མཁན་ཚོའི་མིང་ཐོ་དང་ཞལ་བྱང་ལ་ཞིབ་བཤེར་དང་དྲི་གཏུགས་ནན་པོ་སོགས་བྱས་པའི་གནས་ཚུལ་བྱུང་འདུག རྒྱ་ནག་གྲོང་ཁྱེར་ Fuzhou ནང་ལ་ཆོས་ལུགས་ལས་དོན་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་ ༧ ཚེས་ ༡༡ ཉིན་ནང་ཆོས་ཐོག་གི་ཚོགས་འདུ་སྐབས་ཕྱི་ཕྱོགས་ཀྱི་འཇབ་འཛུལ་སྔོན་འགོག་མིང་ཐོག་ནས་ Jiangxi ཞིང་ཆེན་ནང་གི་དགོན་ཁག་གིས་གཙོས་པའི་གྲོང་ཁྱེར་ཡོངས་ལ་ཧོང་ཀོང་དང་ཐེ་ཝན་ནས་ཆོས་ལུགས་ཀྱི་ཕྱག་དཔེ་ཁག་ཚོང་འགྲེམས་བྱེད་རྒྱུར་བཀག་སྡོམ་གྱི་དམ་བསྒྲགས་བཀོད་ཁྱབ་བཏང་ཡོད་པར་མངོན་གསལ་གནང་འདུག རྒྱ་ནག་གི་ Jiangxi ཞིང་ཆེན་གྱི་དགོན་པའི་དགོན་བདག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་རྒྱ་ནག་རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་ཏུ་ཆོས་ལུགས་སམ་ཆོས་ཕྱོགས་དང་འབྲེལ་བའི་ཕྱག་དཔེ་ཁག་དཔར་སྐྲུན་གནང་བར་བཀག་སྡོམ་དང་། སྔར་མེད་ཚད་ལ་འགལ་བའི་དམ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པ་དེ་ནི་གཙོ་བོ་ཆོས་དད་པ་རྣམས་ཕྱིའི་མི་རིགས་ཀྱི་གནོན་ཤུགས་འགོ་ཏུ་ཕྱིན་ནས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་གནང་སྲིད་པར་འཇིགས་ཏེ་དེ་ལྟར་བྱས་པ་ཞིག་ཡིན་སྐོར་གསུངས་འདུག

ཞིང་འབྲོག་མང་ཚོགས་ནས་ངལ་རྩོལ་བསྒྱུར་བཀོད་གནང་བཞིན་པ་དེར་ངོས་ལེན་མེད་ཅེས་བཤད་པ།

རྒྱ་ནག་གཞུང་གིས་ཤིན་ཅང་ལྟར་བོད་ནང་གི་ཞིང་འབྲོག་མང་ཚོགས་ཕོན་ཆེར་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་བཙན་ཁྲིད་ཀྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པའི་གནས་ཚུལ་རིམ་པ་ཐོན་ཁག་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་གཞུང་གི་གཞུང་འབྲེལ་དཔོན་རིགས་ཀྱིས་གནད་དོན་དེ་ངོས་ལེན་མེད་ཅེས་བཤད་པ་དང་སྦྲགས། བོད་མི་ཚོར་བཙན་ཁྲིད་ཀྱིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་དོན་ལ་ཞུགས་མེད་པ་དང་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་རང་གི་འདོད་མོས་ལྟར་ཁ་ལོ་བའི་སྦྱོང་བརྡར་དང་ཚ་ལ་རྒྱག་རྒྱུ་སོགས་ལག་རྩལ་སྦྱོང་བརྡར་སྤྲོད་བཞིན་ཡོད་ལུགས་བརྗོད་འདུགཁ་སང་ཕྱི་ཚེས་ ༡༥ ཉིན་ Reuters གསར་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ Che Dhala ཡིས་གསར་འགོད་ལྷན་ཚོགས་ཐོག་བོད་ནང་དེ་སྔ་ནས་ཆོས་ལུགས་ལས་བྱུང་བའི་གོམས་སྲོལ་ངན་པ་ཞིག་དང་ལྷག་པར་དུ་ཆོས་དད་ཁོ་ན་ལས་རང་གི་འཚོ་ཐབས་ལ་འབད་ཀྱི་མེད་སྟབས། རྒྱ་ནག་གཞུང་གིས་ངལ་རྩོལ་སྦྱོང་བརྡར་གྱི་ལས་གཞི་དེ་དག་ནི་བོད་མིའི་འཚོ་ཐབས་ཡར་རྒྱས་ལ་དམིགས་པ་ཞིག་ཡིན་པ་ལས་བོད་མི་ཚོར་བཙན་ཁྲིད་ཀྱིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་དོན་གཉེར་ཆེད་མིན་སྐོར་དང་ཞིང་འབྲོག་མང་ཚོགས་དག་གི་འདོད་མོས་ལྟར་ཁ་ལོ་བའི་སྦྱོང་བརྡར་དང་ཚ་ལ་རྒྱག་རྒྱུ་སོགས་ཀྱི་ལག་ཤེས་སྦྱོང་བརྡར་སྤྲོད་བཞིན་ཡོད་ཚུལ་བཤད་ཡོད་པ་རེད།སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་དེས་ཞིང་འབྲོག་མང་ཚོགས་རྣམས་རང་ཉིད་གཙོས་རང་གི་ཁྱིམ་གཞིས་དེ་རྒྱུ་ནོར་ཕུན་སུམ་ཚོགས་ཞིང་དགའ་སྐྱིད་ཀྱི་དཔལ་ལ་རོལ་འདོད་ན་ཐལ་དྲགས་པའི་ཆོས་དད་ཅེས་པ་དེ་དོར་ནས་སྲིད་གཞུང་གི་བཀའ་དང་ལམ་སྟོན་ལ་ཤར་སྐྱོད་བྱེད་དགོས་པ་མ་ཟད། ཞིང་འབྲོག་མང་ཚོགས་རྣམས་ནས་རང་གི་ཁྱིམ་གཞིས་དང་དཔལ་འབྱོར་ཕྱིར་ཐལ་ཆ་ཆེ་བའི་ཆོས་དད་དེ་རིམ་བཞིན་ཉུང་དུ་འགྲོ་བའི་རེ་བ་ཡོད་ཅེས་བརྗོད་འདུགབོད་དེ་ཆེས་དམ་བསྒྲགས་བྱ་ཡུལ་གྱི་ས་ཚིགས་ཤིག་དང་ལྷག་པར་དུ་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ཆེས་དམ་བསྒྲགས་བྱེད་ཀྱི་ཡོད་པར་མ་ཟད་རྒྱ་ནག་གཞུང་གིས་ཡུལ་སྐོར་བ་དང་ཕྱིའི་གསར་འགོད་པ་རྣམས་རང་གི་འདོད་པ་ལྟར་འགྲུལ་བཞུད་གནང་ཆོག་གི་མེད་སྟབས། གསར་འགོད་ལྷན་ཚོགས་དེའི་ཐོག་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོར་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ས་ཚིགས་ཁོ་ན་ལས་རང་གི་འདོད་མོས་ལྟར་བོད་ནང་འགྲོ་བསྐྱོད་གནང་མི་ཆོག་པར་དམ་བསྒྲགས་བྱེད་བཞིན་ཡོད་སྐོར་ལ་འདྲི་རྩད་གནང་བར་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཟེར་བས་བོད་ནང་གི་བོད་མི་དག་ལ་ཆོས་ཕྱོགས་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ལ་ཚོར་ཤུགས་ཆེན་པོ་ཡོད་སྟབས་ཁོར་ཡུག་གི་ཉེན་ཚབས་རྐྱེན་པས་ཡུལ་སྐོར་བ་རྣམས་རང་དབང་གི་སྒོ་ནས་འགྲུལ་བཞུད་གནང་རྒྱུར་དམ་བསྒྲགས་གནང་བ་ཞིག་རེད་ཅེས་བརྗོད་འདུག གཞི་རྩའི་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ James Foundation ཞེས་པའི་ཐེབས་རྩ་ཁང་གིས་ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ བར་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་སྤེལ་བའི་གསར་འགྱུར་དང་ས་གནས་རྒྱ་ནག་གཞུང་གི་ཡིག་ཆ་ཁག་ལ་ཉམས་ཞིབ་གནང་བའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་ནང་གསལ་ལྟར་རྒྱ་གཞུང་གིས་འདི་ལོའི་ཟླ་ ༧ པ་ཙམ་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་འབུམ་ལྔ་ཙམ་རྒྱ་ནག་གཞུང་གི་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་སྦྱོང་བརྡར་སྤྲད་ཡོད་པ་དང་། དེའི་ཁོངས་ནས་བོད་མི་ཁྲི་ལྔ་ཙམ་བོད་ནང་ངལ་རྩོལ་ཆེད་བགོ་འགྲེམས་དང་། སྟོང་ཕྲག་ཁ་ཤས་ཤིག་རྒྱ་ནག་གི་རས་ཀྱི་བཟོ་གྲྭ་ལ་སོགས་པའི་ས་ཞིང་འདེབས་ལས་ཀྱི་བཟོ་གྲྭ་དང་རྒྱ་ནག་གི་ས་གནས་གཞན་ཁག་ཏུ་ཆེད་གཏོང་བྱས་པ་སོགས་བཀོད་ཡོད།གནས་ཚུལ་དེའི་ཐོག་རྒྱལ་སྤྱི་ཚོགས་སྡེ་ཁག་གཙོས་བོད་དོན་རྒྱབ་སྐྱོར་བ་དང་། ལྷག་པར་དུ་ Inter-Parliamentary Alliance on China ཞེས་པའི་གྲོས་ཚོགས་འཐུས་མི་གྲངས་ ༦༣ ནས་མཐའ་གཅིག་ཏུ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བར་མ་ཟད། རྒྱ་ནག་གི་བྱེད་སྟངས་དེ་ནི་ཤིན་ཅང་ནང་གི་ཡུ་གུར་མང་ཚོགས་ས་ཡ་གཅིག་འགལ་བར་ངལ་རྩོལ་བསྒྱུར་བཀོད་བྱས་པའི་ལས་གཞི་དང་གཅིག་མཚུངས་ཡིན་པ་དང་། རྒྱ་ནག་གཞུང་གིས་དེ་གའི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་སེམས་ཚོར་ཁག་སྣང་མེད་དུ་འཇོག་བཞིན་ཡོད་པ་གསལ་པོ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

ཨ་རིའི་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་འདུག

ཁ་སང་ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་རྩོལ་བཅས་ཀྱི་གནད་དོན་དང་འབྲེལ་བའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Robert A. Destro  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བའི་གསལ་བསྒྲགས་སྤེལ་སོང་།

འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་གནད་དོན་བཟོ་མཁན་ཚོར་དགག་བྱ་བྱེད་རྒྱུ་ཡིན་པ་བརྗོད་འདུག

རྒྱ་ནག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དང་དོན་གཉེར་བ་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གིས་ངོ་རྒོལ་ཤུགས་ཆེ་གནང་བ་དང་སྦྲགས། ཁ་སང་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་ནས་འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་གནད་དོན་བཟོ་མཁན་ཚོར་རྒྱ་ནག་གིས་དགག་བྱ་བྱེད་རྒྱུ་ཡིན་པར་གསར་འགོད་གསལ་བསྒྲགས་སྤེལ་འདུག སྤྱིར་ཁ་སྔོན་ཚེས་ ༡༣ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༣ བཅས་ལོ་གསུམ་རིང་གི་ཚོགས་མི་འདེམས་སྒྲུག་སྐབས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནས་རྒྱ་ནག་གཙོས་པ་ཀི་སི་ཏན་དང་བལ་ཡུལ། དེ་བཞིན་ Uzbekistan བཅས་རྒྱལ་ཁབ་ཀྱི་ཚོགས་མི་འདེམས་ཐོན་བྱུང་བ་ལྟར་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་དོན་གཉེར་བ་སོགས་ནས་རྒྱ་གཞུང་གིས་དེ་གའི་དབང་སྒྱུར་འོག་ཡོད་པའི་མི་རིགས་དག་གི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་བསྟུད་མར་གཏོང་བཞིན་པའི་ངན་བྱུས་ལུང་འདྲེན་དང་སྦྲགས། རྒྱ་ནག་སླར་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བར་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ་རེད། དེས་ན་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་ཀྱིས་གནད་དོན་དེའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བར་རྒྱ་ནག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དེ་བཟང་ཕྱོགས་ཐོག་ནས་ཡར་རྒྱས་དང་སྲུང་སྐྱོབ་མུ་མཐུད་ཞུ་རྒྱུ་ཡིན་པ་དང་སྒོས་འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་གནད་དོན་བཟོ་མཁན་ཚོར་དགག་བྱ་བྱེད་རྒྱུ་ཡིན་ཞེས་བཤད་འདུག ད་དུང་ད་ལན་གྱི་འོས་འདི་བརྒྱུད་རྒྱལ་སྤྱིའི་ཚོགས་པ་ཁག་ནས་རྒྱ་ནག་གི་བྱེད་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་པ་མ་ཟད་སྒོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ད་ལན་ཙམ་མིན་པར་ཡུན་རིང་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱོད་དེ་སྐྱོན་བརྗོད་དང་འཐབ་རྒོལ་བྱེད་ཀྱི་ཡོད་པར་བརྗོད་འདུག ལྷག་པར་དུ་ད་ལན་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་ཁོངས་སུ་འདེམས་ཐོན་བྱུང་བར་སྐྱོན་བརྗོད་གནང་བ་ནི་དྲང་བདེན་མ་རེད་ཅེས་བརྗོད་འདུག གཞི་རྩའི་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བའི་གནད་དོན་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིར་རྒྱ་ནག་གཙོས་ཨུ་རུ་སུ་དང་། ཁུ་བ་འདེམས་ཐོན་བྱུང་བ་དེས་ཨ་རི་ནས་ལོ་ངོ་གཉིས་གོང་ནས་ལྷན་ཁང་གི་ཚོགས་མི་ནས་ཕྱིར་འཐེན་གྱི་ཐག་གཅོད་གནང་བ་དེ་བདེན་པ་དག་སྐྱེལ་བྱས་ཡོད་པ་ཞིག་རེད་ཅེས་གསུངས་འདུག དེ་བཞིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པའི་འགན་འཛིན་སྐུ་ཞབས་ Hillel Neuer ལགས་ཀྱིས་རྒྱ་ནག་དང་པ་ཀི་སི་ཏན། བལ་ཡུལ། དེ་བཞིན་ Uzbekistan འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བ་དེར་སྐྱོན་བརྗོད་དང་འབྲེལ་ནས་ད་ལན་གྱི་ཉིན་མོ་དེ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་ནག་ཞིག་རེད་ཅེས་གསུངས་འདུག རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཐད་མཁས་པ་སྐུ་ཞབས་ Brahma Chellany ལགས་ཀྱིས་རྒྱ་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཅིག་ལྷག་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་བཀག་ཉར་དང་བོད་ནང་གི་བོད་མིའི་ཐོག་མནར་གཅོད་གཏོང་བཞིན་པའི་ཁར་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བ་ནི་ལྷན་ཁང་དེ་འབྲེལ་མེད་ཞིག་ཏུ་འགྱུར་བཞིན་ཡོད་པ་གསུངས་འདུག  རླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འདས་པའི་དུས་ཡུན་ནང་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་ཐེངས་བཞི་བྱས་ཀྱང་། བོད་གཙོས་ཤར་ཏུར་ཀི་སི་ཏན་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་སྟབས། རྒྱ་ནག་གི་བྱེད་ཕྱོགས་དེ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆ་ནས་འགྲིག་གི་མེད་པར་གསུངས་པ་མ་ཟད། རྒྱལ་སྤྱིའི་ཁྲོད་རྒྱ་ནག་ནས་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་བྱེད་སྐབས་རྒྱ་གཞུང་གིས་རྒྱ་ནག་ནང་མོལ་གྱི་གནད་དོན་རེད་ཅེས་བརྗོད་ཀྱི་ཡོད་པར་བརྟེན་སུས་འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་གནད་དོན་བཟོ་ཡི་ཡོད་མེད་མངོན་གསལ་ཆགས་ཡོད་ཅེས་གསུངས་སོང་།

མང་གཙོ་ལས་འགུལ་བ་རྣམས་ལ་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་འོས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ཉིན་ཟླ་འདིའི་ཚེས་ ༡༢ ཉིན། CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ VACLAV HAVEL མཆོག་གིས་ཆེད་འཛུགས་གནང་བའི་ FORUM 2000 ཞེས་ཕྱི་ལོ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཀྱི་གོ་སྒྲིག་འོག རྒྱ་ནག་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དོན་བགྲོ་གླེང་ཞིག་གི་ཐོག་ཚོགས་ཞུགས་ཀྱིས། རྒྱ་ནག་གིས་བོད་དང་ཤིན་ཅང་གི་གཙོ་བྱས་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་གཏམ་བཤད་གནང་འདུག

རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིར་སླར་འདེམས་ཐོན།

རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་སླར་འདེམས་ཐོན་བྱུང་ཡོད་ཀྱང་། དེ་སྔའི་འོས་གྲངས་དང་བསྡུར་ན་ཐེངས་འདིར་འོས་ཐོབ་ཀྱི་གྲངས་འབོར་དེ་བརྒྱ་ཆ་ ༢༥ ཙམ་ཞིག་ཆགས་འདུགདེ་ཡང་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ལམ་ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་སུ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༧༣ ཐོག་རྒྱ་ནག་སླར་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་འདེམས་ཐོན་བྱུང་ཀྱང་ཐེངས་འདིའི་འོས་ཐོབ་ཀྱི་གྲངས་འབོར་དེ་ ༡༣༠ ལས་བྱུང་མེད་པ་རེད། དེ་སྔ་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འོས་འཕེན་སྐབས་རྒྱ་ནག་ལ་ཁྱོན་འོས་གྲངས་ ༡༨༠ བྱུང་ཡོད་སྟབས་ད་ལན་དེ་སྔ་དང་བསྡུར་ན་འོས་གྲངས་ཀྱི་བརྒྱ་ཆ་ ༢༥ ཆགས་པའི་ཐོག་ནས་རྒྱ་ནག་དེ་པ་ཀིས་ཏན་དང་། བལ་ཡུལ། Uzbekistan བཅས་ཀྱི་རྒྱལ་ཁབ་ལས་འོས་གྲངས་ཉུང་བ་བྱུང་ཡོད་སྐོར་བཀོད་འདུག རྒྱ་ནག་ལ་འོས་གྲངས་དེ་ཙམ་མཐོ་པོ་རག་མེད་པ་ནི་རྒྱལ་སྤྱིའི་གཙོས་རྒྱལ་ཚོགས་ཁྲོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་གནང་མཁན་རིམ་པ་བྱུང་རྐྱེན་དང་སྒོས་འདི་ལོའི་ཟླ་བ་ ༦ པའི་ནང་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་རང་དབང་གི་ཆེད་ལས་པ་ ༥༠ ལྷག་གིས་རྒྱ་ནག་གིས་བོད་གཙོས་ཤིན་ཅང་། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་གཏོང་བར་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གིས་རྒྱ་ནག་གི་བྱེད་ཕྱོགས་དག་ལ་རྟོག་ཞིབ་ཀྱིས་ལྷན་ཚོགས་ཚོགས་དགོས་པ་གསུངས་ཡོད་པ་རེད། རྩ་བའི་རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་འཛིན་ལ་འགྲེལ་བརྗོད་གསར་པ་བྱེད་ཐབས་ཀྱི་ཀུན་སློང་ཡོད་པའི་ཐོག་ཆེད་མངགས་བོད་ནང་ཡར་རྒྱས་ཀྱི་ལས་གཞི་ལ་ཁ་གཡར་ནས་རྒྱ་གཞུང་གིས་འབྲོག་པ་དག་བཙན་དབང་གིས་གནས་སྤོར་བྱེད་བཅུག་རྒྱུ་དང་དེ་བཞིན་ཉེ་ལམ་བོད་མི་ཞིང་འབྲོག་འབུམ་ལྔ་ལྷག་ཙམ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཙན་དབང་གིས་བཅུག་གི་ཡོད་སྟབས་རྒྱ་གཞུང་གི་སྲིད་བྱུས་དེས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་ཚོར་སེམས་ཁྲལ་བྱ་གཞི་ཞིག་ཏུ་གྱུར་གྱི་ཡོད་པར་བཀོད་འདུག རྒྱ་ནག་ལ་འོས་གྲངས་དེ་ཙམ་ཕོན་ཆེ་བྱུང་མེད་པའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐེངས་འདིར་རྒྱ་ནག་སླར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་དུ་འདེམས་ཐོན་བྱུང་བར་བློ་འགྱོད་ཡོད་པ་མ་ཟད། ད་ལན་འོས་གྲངས་ཆག་པ་དེས་རྒྱ་གཞུང་གིས་བོད་གཙོས་ཤིན་ཅང་དང་། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དག་གོ་རིམ་ལྡན་པ་དང་ཚབས་ཆེན་ངང་ནས་རྡོག་རོལ་གཏོང་བཞིན་པས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་དེར་མོས་མཐུན་མེད་པ་མངོན་གྱི་ཡོད་པ་དང་ཆབས་ཅིག རྒྱལ་སྤྱིའི་རྒྱལ་ཁབ་ནས་རྒྱ་ནག་གི་བྱེད་ཕྱོགས་དེ་རྒྱ་ནག་རང་ཉིད་ཀྱིས་འགན་ཁུར་ཐབས་ཤིག་བཟོ་དགོས་པ་གསུངས་འདུགརྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་ཀྱིས་ཡུ་གུར་གཙོས་བོད་དང་ཧོང་ཀོང་། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དངོས་སུ་གནང་མཁན་རྣམས་ནས་ད་ལན་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་སླར་འདེམས་ཐོན་བྱུང་བར་བློ་ཕམ་ཡོད་པར་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་གཏོང་མཁན་རྒྱ་ནག་ལྟ་བུ་བསྐྱར་དུ་འདེམས་ཐོན་གནང་བ་ནི་རྒྱལ་ཚོགས་ཀྱི་ལོ་རྒྱུས་ཁྲོད་ནོར་འཁྲུལ་ཆེན་པོ་བཟོས་ཡོད་པ་གསུངས་འདུག གནད་དོན་འདིའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གཞུང་ནས་བོད་ཀྱིས་གཙོས་པའི་རྒྱའི་དབང་སྒྱུར་འོག་ཡོད་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ནི་རྒྱལ་སྤྱིའི་ཁྲོད་ར་འཕྲོད་ལན་མང་བྱུང་ཡོད་པ་དང་། བོད་ནང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ལོ་ལྟར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་འདིར་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བ་ནི་རྒྱལ་ཚོགས་ཀྱི་མཚན་གནས་ལ་སྣང་ཆུང་གནང་ཡོད་པར་གསུངས་འདུག ད་དུང་ཁོང་གིས་ད་ཆ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཉུང་དུ་འགྲོ་བཞིན་པས་རྒྱལ་སྤྱིའི་རྒྱལ་ཁབ་ཡོངས་ནས་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་རྒྱ་ནག་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་དག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་མཉམ་འབྲེལ་གྱིས་རྒྱ་ནག་ལ་གདོན་ལེན་གནང་དགོས་པ་གསུངས་འདུག རྩ་བའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱུང་བའི་ཁོངས་སུ་པ་ཀིས་ཏན་དང་། བལ་ཡུལ། དེ་བཞིན་ Uzbekistan བཅས་ཀྱི་རྒྱལ་ཁབ་ཀྱང་ཆགས་ཀྱི་འདུག འོན་ཀྱང་རྒྱལ་ཁབ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་ཀྱི་ལོ་རྒྱུས་ནི་དེ་ཙམ་ལེགས་པོ་མེད་པས་འདས་པའི་དུས་ཡུན་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་བྱེད་ཕྱོགས་ལ་ཚོགས་མི་རྒྱལ་ཁབ་ནས་སྐྱོན་བརྗོད་དང་འདྲི་རྩད་གནང་མཁན་ཡང་བྱུང་ཡོད་པ་རེད།

ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་གྱི་འཕྲོད་བསྟེན་གྱི་གནས་བབ་ཛ་དྲག་ཏུ་གྱུར་འདུག

བོད་མཚོ་བྱང་་རྐང་ཚ་ཁུལ་གྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་ལགས་སྔར་ལོའི་ལོ་མཇུག་སྟེ། ཕྱི་ཟླ་ ༡༢ ནང་དུ་མི་ལོ་གསུམ་གྱི་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་བཏང་ཡོད་ནའང་། ད་ཆ་ཁོང་གི་གཟིགས་གཞིའི་འཕྲོད་བསྟེན་གྱི་གནས་བབ་ཛ་དྲག་ཆགས་ཡོད་འདུག

རྒྱ་ནག་གི་སྒྱུ་རྩལ་བ་ཞིག་གིས་གངས་རིན་པོ་ཆེའི་ཐོག་སྒྱུ་རྩལ་གྱི་འགྲེམས་སྟོན་བྱེད་འཆར་ལ་སྐྱོན་བརྗོད།

རྒྱ་ནག་གི་སྒྱུ་རྩལ་བ་ Zhang Huan ཟེར་བ་དེ་ཡིས་རིང་མིན་ཟླ་བ་རྗེས་མའི་འགོ་སྟོད་དུ་གནས་ཆེན་གངས་རིན་པོ་ཆེའི་ཐོག་རླུང་དར་དང་ཁོང་གིས་བཟོ་སྐྲུན་བྱས་པའི་སྒྱུ་རྩལ་གྱི་དངོས་རིགས་ཁག་ཅིག་འགྲེམས་སྟོན་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་ཁྲོད་ཟི་ཁྲོན་ཞིན་ཆེན་ནང་ཡོད་པའི་བོད་པའི་སྒྱུ་རྩལ་བ་ Kwong Laowu ལགས་དང་། པེ་ཅིན་དུ་ཡོད་པའི་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སོགས་ཀྱིས་སྐྱོན་བརྗོན་བརྗོད་གནང་འདུག

Latest news