Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་གར་དབུས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གསུམ་ནང་གི་གཞུང་འབྲེལ་འཚམས་གཟིགས་གྲུབ་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་རྒྱ་གར་དབུས་ཁུལ་དུ་ཆགས་པའི་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་མན་སྤར་ཕན་བདེ་གླིང་། དེ་བཞིན་བྷན་རྡ་ར་ནོར་རྒྱས་གླིང་བཅས་བོད་མིའི་གཞིས་ཆགས་ཁག་གསུམ་གྱི་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་རེད། སྲིད་སྐྱོང་མཆོག་ཁ་ཉིན་ཕྱི་ཚེས་ ༡༣ ཉིན་བྷན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་འབྲེལ་ཡོད་ས་གནས་གཞིས་དགོན་དང་ལས་ཁུངས་ཁག་ལ་གཟིགས་ཞིབ་སོགས་གནང་གྲུབ་མཚམས་ས་གནས་མང་ཚོགས་རྣམས་ལ་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་འདས་པའི་ཟླ་བ་བཅུའི་ནང་གནང་བའི་ལས་དོན་ཁག་ངོ་སྤྲོད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བཞིན་པའི་གནས་སྟངས་ཁག་འགྲེལ་བརྗོད་གནང་འདུག  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་དང་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས་སུ་རིམ་པས་སློབ་ཕྲུག་གི་གནས་སྟངས་ལ་གཞིགས་ཏེ་སློབ་གྲྭ་ཟླ་སྒྲིལ་གཏོང་འཆར་སྐོར་དང་། བཙན་བྱོལ་ནང་སྡོད་ཁང་མེད་མཁན་རྣམས་ལ་སྡོད་ཁང་གི་མཐུན་འགྱུར་གནང་ཐབས། གཞོན་སྐྱེས་རྣམས་ལ་ལས་རིགས་སློབ་སྦྱོང་གི་རོགས་རམ་གནང་སྟེ་གཞིས་ཆགས་སྲ་བརྟན་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་སོགས་མ་འོངས་འཆར་གཞི་ཁག་ཅིག་ངོ་སྤྲོད་གནང་བ་མ་ཟད། ས་གནས་མི་མང་ཁག་གི་བཀའ་འདྲི་ཞུས་པའི་གནད་དོན་ལ་ལན་འདེབས་གསལ་བཤད་སོགས་གནང་ཡོད། བོད་མིའི་གཞིས་ཆགས་གསུམ་ནང་གི་འཚམས་གཟིགས་ཁག་གྲུབ་ནས་ཁ་སང་སྲིད་སྐྱོང་མཆོག་ནཱག་པུར་དུ་ཕེབས་ཏེ་ཁུལ་དེར་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་དང་མཇལ་འཕྲད་གནང་བ་དང་། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་དང་བཙན་བྱོལ་བོད་མིའི་བདེ་དོན་ཐོག་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག གཞི་རྩའི་སྲིད་སྐྱོང་མཆོག་བྷན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་མ་ཕེབས་གོང་ལ་ཕྱི་ཚེས་ ༡༡ དང་ ༡༢ བཅས་སུ་ Chhattisgarh མངའ་སྡེའི་ནང་ཡོད་པའི་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་སྦྲགས། ས་གནས་མི་མང་ལ་བཀའ་ཤག་འདིའི་ལས་ཡུན་རིང་ལ་བོད་པའི་གཞིས་ཆགས་ལ་འཚམས་གཟིགས་ཐེངས་གཉིས་བཅར་རྒྱུའི་དགོངས་པ་ཡོད་པ་དང་། འཚམས་གཟིགས་ཁྲོད་རྐང་ས་གནས་སོ་སོའི་གནས་སྟངས་དང་། མང་ཚོགས་ཀྱི་དགོས་མཁོ་སོགས་རྒྱུས་ལོན་གནང་སྟེ་འབྱུང་འགྱུར་ལོ་གསུམ་གྱི་ལས་འཆར་ཁག་བཀོད་སྒྲིག་གནང་རྒྱུ་ཡིན་པ་སོགས་གསུངས་འདུག ལྷག་པར་དུ་གཞིས་ཆགས་ནང་ཡོད་པའི་ན་གཞོན་ལས་མེད་གྲངས་ ༨ དང་ཟུར་དུ་མཇལ་འཕྲད་གནང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ན་གཞོན་ལས་མེད་ཚོར་ལས་རིགས་སྦྱོང་བརྡར་སོགས་ཀྱི་རོགས་སྐྱོར་ཁག་ཅིག་གནང་འཆར་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད།   ཕྱི་ཚེས་ ༨ ནས་ ༡༠ བར་ཨོ་ཌི་ཤཱ་མངའ་སྡེའི་ནང་ཡོད་པའི་ཨོ་ཌི་ཤཱ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་སྦྲགས་ས་གནས་བོད་མི་རྣམས་ལ་བཀའ་ཤག་སྐབས་ ༡༦ པའི་ལས་དོན་བྱེད་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་གནས་ཐབས་དང་བོད་པའི་སློབ་གྲ་ཁག་གི་གནས་སྟངས་ཚགས་ཚུད་ཡོང་ཐབས་སོགས་ཀྱི་ཐོག་གསུང་བཤད་དང་། ལྷག་པར་དུ་ས་གནས་ཀྱི་གཞོན་སྐྱེས་རྣམས་དང་ཟུར་དུ་མཇལ་འཕྲད་གནང་སྟེ་ལམ་སྟོན་གནང་བ་མ་ཟད། ས་གནས་གཞིས་མི་རྣམས་ལ་ཡུན་རིང་རོགས་རམ་གནང་མཁན་ཨོ་ཌི་ཤཱ་མངའ་སྡེའི་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ལས་འཕར་སྐུ་ཞབས་ S.P. Thakur ལགས་དང་མཇལ་འཕྲད་གནང་ཡོད། སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་འདས་པའི་ཟླ་བ་བཅུ་ཙམ་གྱི་ལས་ཡུན་རིང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དང་། ཀ་རྡོར་སྒང་གསུམ། དེ་བཞིན་ཨུཏྟརཱ་ཁནྜ་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག དེ་བཞིན་ཉེ་ཆར་རྒྱ་གར་དབུས་ཁུལ་གྱི་གཞིས་ཆགས་ཁག་གསུམ་བཅས་སུ་འཚམས་གཟིགས་ཐེངས་དང་པོ་དེ་གྲུབ་ཡོད་པ་རེད། ཤེས་རྟོགས་བྱུང་བར་སྲིད་སྐྱོང་མཆོག་དེ་རིང་བཞུགས་སྒར་དུ་ཕྱིར་ཕེབས་ཀྱི་ཡོད་པ་དང་། ཟླ་བ་འདིའི་ཕྱི་ཚེས་ ༢༠ ནས་འཇར་མ་ནི་དང་། ཨ་རི། དེ་བཞིན་ཁེ་ན་ཌ་བཅས་སུ་གཞུང་འབྲེལ་འཚམས་གཟིགས་དང་སྦྲགས་ས་གནས་བོད་མི་ཚོ་ལ་གསུང་བཤད་དང་། གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་འཆར་ཡོད་པ་རེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཐུགས་འགནས་བཞེས་པའི་རྗེས་བྱང་ཨ་རི་ཁུལ་གྱི་འཚམས་གཟིགས་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཐེ་ཝན་དུ་ཆེད་ཕེབས་གནང་བར་ཉེན་བརྡ་བཏང་བ།

རྒྱ་གཞུང་གི་འཇིགས་སྐུལ་ལ་ལྟོས་མེད་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་འདུག གཟའ་འཁོར་འདིའི་ནང་སུད་ཌིན་གྲོས་ཚོགས་འཐུས་མིས་སྣེ་ཁྲིད་པའི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཀྱང་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་ཆེད་ཕེབས་གནང་བ་དང་འབྲེལ་ཡུལ་དེའི་སྲིད་འཛིན་ལྕམ་ Tsai Ing-Wen ལགས་དབུ་བཞུགས་ཐོག་དྲ་ཐོག་ཚོགས་འདུ་ཞིག་ཚོགས་ཡོད་པ་ལྟར། ཁ་ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དྲུག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་ཆེད་ཕེབས་ཀྱིས་དེ་རིང་སྐུ་ཚབ་ཚོགས་པ་དེས་སྲིད་འཛིན་ལྕམ་ Tsai Ing-Wen ལགས་དང་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་མོལ་གནང་སྟེ་ཨ་རི་དང་ཐེ་ཝན་དབར་གྱི་གནད་དོན་གལ་ཆེ་ཁག་ཅིག་གི་ཐོག་ཕན་ཚུན་དབར་དགོངས་ཚུལ་སྤེལ་རེས་གནང་གི་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་དེ་ཐེ་ཝན་དུ་ཆེད་ཕེབས་མ་གནང་གོང་ཡུལ་དེའི་སྲིད་འཛིན་མཆོག་ནས་ཁོང་རྣམ་པར་དྲ་ལམ་བརྒྱུད་དགའ་བསུའི་འཚམས་འདྲི་ཞུས་པ་དང་། གྲོས་ཚོགས་འཐུས་མི་དག་གི་འཚམས་གཟིགས་བརྒྱུད་རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་འབྲེལ་ལམ་སྔར་ཡོད་དེ་གོང་འཕེལ་ཡོང་བར་ནུས་པ་མཉམ་སྤུངས་གནང་རྒྱུ་ཡིན་ཞེས་གསུངས་འདུག ཐེ་ཝན་ནང་ཆེད་ཕེབས་གནང་བའི་ཨ་རིའི་སྐུ་ཚབ་ཚོགས་ཁག་དེ་ནི་ཡུལ་དེའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་ཆེས་མཐོའི་གཞུང་འབྲེལ་མི་སྣ་ཆགས་ཀྱི་ཡོད་པ་དང་སྐུ་ཚབ་ཚོགས་པའི་ནང་ཨ་རིའི་སྤྱི་མཐུན་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Lindsey Graham ལགས་དང་སྐུ་ཞབས་ Ben Sasse ལགས། སྐུ་ཞབས་ Richard Burr ལགས། སྐུ་ཞབས་ Robert Jones Portman དེ་བཞིན་སྐུ་ཞབས་ Bob Menendez ལགས། མང་གཙོ་སྲིད་དོན་ཚོགས་པའི་སྐུ་ཞབས་ Bob Menendez ལགས་སོགས་གྲོས་ཚོགས་འཐུས་མི་དྲུག་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འཐུས་མིས་ཐེ་ཝན་ལ་འཚམས་གཟིགས་གནང་བར་ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Zhao Lijian ཡིས་སྐྱོན་བརྗོད་དང་འབྲེལ་ཐེ་ཝན་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པས་དེའི་ནང་གཞུང་འབྲེལ་གྱི་ཐོག་ནས་འགྲོ་འོང་གནང་ཚེ་དེར་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངེས་པར་བརྩི་སྲུང་བྱས་ནས་ཉེན་ཁ་མི་ཡོང་བར་གཙོ་འདོན་བྱེད་དགོས་པ་དང་གལ་ཏེ་དེ་ལྟར་མ་གནང་ན་རྒྱ་ནག་གཞུང་གིས་དེར་འཁོན་ལན་དྲག་པོ་སློག་ངེས་ཡིན་པའི་ཉེན་བརྡ་བཏང་འདུག

བཀྲིས་དབང་ཕྱུག་ལགས་ཀྱི་སྒེར་གྱི་རང་དབང་དང་བདེ་འཇགས་ཐོག་བློ་འཚབ།

བོད་མི་སྐད་ཡིག་ལས་འགུལ་བ་གྲགས་ཅན་ཆབ་སྲིད་བཙོན་ཟུར་བཀྲིས་དབང་ཕྱུག་ལགས་ནས་ཉེ་ཆར་རྒྱ་གཞུང་གིས་བཙན་དབང་ཐོག་སྒོ་བརྒྱབ་པའི་མགོ་ལོག་ཁུལ་གྱི་སློབ་གྲྭ་ཁག་ཏུ་བསྐྱོད་དེ་རེབ་གོང་ཁུལ་དུ་འབྱོར་སྐབས་ས་གནས་ཉེན་རྟོག་པས་སུན་གཙེར་སྣ་ཚོགས་བཟོས་པའི་དབང་གིས་ཁོང་མགྲོན་ཁང་དྲུག་ཙམ་ནས་ཕྱིར་འབུད་བཏང་བ་དང་། ཁོང་གིས་གནད་དོན་དེའི་སྐོར་གོང་རིམ་ལ་ཞུ་གཞུག་གནང་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་ཁྲོད་ཟླ་བ་དའིའི་ཚེས་ ༡༠ ཉིན་ཁོང་གི་ Weibo དྲ་ཚིག་སྒོ་བརྒྱབ་ཡོད་སྟབས་ད་ལྟའི་ཆར་ཁོང་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་འདུག ཉེ་ཆར་ ཕྱི་ཟླ་ ༤ ཚེས་ ༦ ནས་ ༩ བར་བཀྲིས་དབང་ཕྱུག་ལགས་རང་ཉིད་ཀྱི་ཕ་ཡུལ་སྒ་སྐྱེ་དགུ་མདོ་ནས་ཟི་ལིང་དུ་ཕེབས་རྒྱུའི་ལམ་བར་དུ་སྔ་ལོར་སྒོ་བརྒྱབས་ཟིན་པའི་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། སློབ་ཁྲིད་ཀྱི་སྐད་ཡིག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ཟིན་པའི་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ། རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་། རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ། རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ། མགོ་ལོག་ཁུལ་མི་རིགས་སློབ་འབྲིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་སོགས་སུ་ཕེབས་ཏེ། Weibo འམ་པོད་འཕྲིན་སྟེང་དེ་དག་གི་འདྲ་པར་དང་འགྲེལ་བཤད་ཐུང་ངུ་རེ་འདོན་སྤེལ་གནང་སྟེ་དེ་དག་སྒོ་བརྒྱབ་དགོས་དོན་ཅི་ཡིན་ནམ་ཞེས་དྲི་བ་གནང་འདུག དེ་རྗེས་བཀྲིས་དབང་ཕྱུག་ལགས་ཚེས་ ༧ ཉིན་རེབ་གོང་རྫོང་དུ་འབྱོར་འདུག་ཅིང་དེར་མགྲོན་ཁང་ཅིག་ལ་ཐོ་འགོད་བྱས་ནས་ཚོུད་ཕྱེད་ཙམ་མ་འགོར་བར་མགྲོན་ཁང་བདག་པོས་རྫོང་ཉེན་རྟོག་པའི་བཀོད་ཁྱབ་ལྟར་རེབ་གོང་གི་ཕྱི་ནས་ཡོང་བའི་མི་སུ་ཞིག་ཀྱང་མགྲོན་ཁང་དུ་འདུག་མི་ཆོག་པས་འཕྲལ་དུ་མགྲོན་ཁང་ནས་བུད་དགོས་ཚུལ་བཤད་འདུག བཀྲ་ཤིས་དབང་ཕྱུག་གིས་དུས་ཚོད་ཕྱི་པོ་ཆགས་ཡོད་པར་བརྟེན་མགྲོན་བདག་ལ་ཞུ་སྐུལ་གནང་ཡང་མ་ཉན་པ་མ་ཟད། མཐར་ཉེན་རྟོག་པའི་བཀོད་ཁྱབ་འོག་ཕྱི་ནས་སླེབས་པའི་མིར་ཁང་པ་སྤྲོད་མི་ཆོག་པར་ཁ་གཡར་སྟེ་སྡོད་ས་མེད་སྐོར་བརྗོད་པ་སོགས། གང་ལྟར་མགྲོན་ཁང་དྲུག་ཙམ་ནས་ཕྱིར་འབུལ་བཏང་ཡོད་པ་དང་འབྲེལ། ཁོང་ནས་རང་ཉིད་ཀྱི་ Weibo དྲ་ཚིག་ཐོག་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་རྫོང་ཐོག་གི་གཞུང་ལམ་ལ་ཉལ་དགོས་ཁེལ་ཉེན་ཡོད་པར་འགྲེལ་བརྗོད་བྱས་ཡོད་འདུག དེ་རྗེས་ཕྱི་ཚེས་ ༩ ཡི་ཞོགས་པ་ཡང་བསྐྱར་ཉེན་རྟོག་པའི་བཀའ་མངགས་ལྟར་མགྲོན་ཁང་ནས་བུད་དགོས་ཚུལ་བཤད་འདུག་པས་ཁོང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་བདེ་ལས་ཁུངས་སུ་རང་ཉིད་མགྲོན་ཁང་ནང་ནས་ལན་མང་ཕྱིར་འབུད་བཏང་ཚུལ་གྱི་བདེ་སྡུག་ཡར་ཞུ་བར་བཅར་འདུག་པ་དེ་ལྟར་ནའང་། རྫོང་རིམ་པ་དང་ཁུལ་རིམ་པའི་སྤྱི་བདེ་ལས་ཁུངས་སུ་ཞུ་གཏུག་སྐབས་རེས་གཟའ་སྤེན་པ་ཡིན་པས་ལས་ཀ་བྱེད་མཁན་མེད་པ་དང་། ཡང་ན་ལས་བྱེད་པ་ལས་ཁུངས་སུ་བསྡད་མེད་པ་སོགས་ཀྱི་ཁག་འདོགས་རྐྱེན་ཞུ་གཏུག་གནང་ཐུབ་མེད་སྟབས། ཁོང་ནས་སྐབས་དེར་རང་ཉིད་ཀྱི་ Weibo དྲ་གནས་ཐོག་“དེའི་རྗེས་སུ་རང་ཉིད་ལ་གནས་ཚུལ་ཅི་ཞིག་འབྱུང་རྒྱུ་ཡིན་པ་ཚོད་དཔོག་བྱེད་མི་ཐུབ་པར་གྱུར་བ་མ་ཟད་ཉེན་རྟོག་པའི་གནད་དོན་འདི་ཇི་ལྟར་ཐག་གཅོད་བྱེད་མིན་ཡང་ཚོད་དཔོག་ཐུབ་ཀྱི་མི་འདུག  རང་ཉིད་ལྟ་བུའི་མི་སེར་དཀྱུས་མ་ཞིག་ལ་མགྲོན་ཁང་ཅིག་གཡར་རྒྱུའི་གནད་དོན་ཧ་ཅང་ཆུང་ཆུང་ཞིག་ཀྱང་ཡར་ཞུ་བྱེད་པར་དཀའ་ཁག་འདི་འདྲ་ཆེན་པོ་འདུག་པས་རང་གི་རེ་བར་བརྒྱུད་རིམ་ཆ་ཚང་བའི་མི་མང་གི་བདེ་སྡུག་ཞུ་སའི་ལམ་ཁ་ཞིག་ཡོད་པའི་རེ་བ་ཡོད་”ཅེས་བྲིས་འདུག་པ་དང་འབྲེལ། ཁོང་གི་པོད་འཕྲིན་ཚེས་ ༡༠ ཉིན་ནས་བཟུང་སྒོ་བརྒྱབ་འདུག་སྟབས་ད་ལྟའི་ཆར་ཁོང་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་འདུག རྩ་བའི་སྔ་ལོར་བཀྲིས་དབང་ཕྱུག་ལགས་ལོ་ལྔའི་བཙོན་འཇུག་གནང་རྗེས་གློད་བཀྲོལ་བཏང་ནས་ཟླ་བ་དགུ་ཙམ་ཕྱིན་པའི་རྗེས་སུ་ཁོང་ནས་པོད་འཕྲིན་ཐོག་སྒོ་ཕྱེ་སྟེ་མུ་མཐུད་བོད་ཀྱི་སྐད་ཡིག་ཐོབ་ཐང་གི་ལས་འགུལ་སྤེལ་བཞིན་ཡོད་སྐོར་གནས་ཚུལ་སྤེལ་མུས་ཡིན་པ་རེད།

༸གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་སྐུ་ཚབ་དང་བླ་ན་མེད་པའི་དབུ་ཁྲིད་ཅིག་མཚོན་གྱི་ཡོད།

Czech Academy of Sciences ཞེས་ཉམས་ཞིབ་ལྟེ་གནས་ཁང་གིས་དེ་གའི་ཤར་ཕྱོགས་རིག་པའི་སྡེ་ཚན་ནང་ཉམས་ཞིབ་པའི་ཕྱག་ལས་གནང་མཁན་དང་བོད་རིག་པའི་ཐོག་སློབ་སྦྱོང་གནང་མྱོང་ཡོད་མཁན། བོད་ནང་ལན་མང་ཕེབས་མྱོང་མཁན་ Dr. Phil. Jarmila Ptáčková ལགས་སུ་བོད་དང་བོད་མིའི་ངོ་བོ། དེ་བཞིན་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་ནང་ཆོས་ལུགས་རང་དབང་མེད་པ་དང་སྐད་ཡིག་ལ་དམ་དྲག་བྱེད་བཞིན་པ་སོགས་དང་འབྲེལ་བཅར་འདྲི་ཞུས་འདུག གཞི་རྩའི་ Dr. Phil. Jarmila Ptáčková ལགས་འཇར་མན་རྒྱལ་ས་ Berlin ནང་སློབ་སྦྱོང་དང་ཕྱག་ལས་གནང་ཡོད་ཀྱང་ཁོང་གིས་སླད་མར་བོད་དང་ཡང་ན་པེ་ཅིང་ལ་བཞུགས་རྒྱུ་དགོངས་པ་འཁོར་མྱོང་འདུག ཕྱི་ཚེས་ ༡༡ ཉིན་འདོན་སྤེལ་བའི་བཅར་འདྲིའི་ལེ་ཚན་ནང་ཁོང་གིས་རང་ཉིད་ད་ཆ་ཅེཀ་ནང་གཞིས་ཆགས་རྒྱུ་དེའང་ནང་མི་བུ་ཕྲུག་གི་དགོས་མཁོར་དམིགས་ནས་གནང་བ་ཞིག་དང་སྒོས་ཐོག་མར་ས་ཁུལ་དེའི་སྤང་ལྗོངས་དང་རྩ་ཐང་མཐོང་སྐབས་བོད་ཡིད་ལ་ལྷང་ངེར་དྲན་བྱུང་ཞེས་གསུངས་འདུག ཁོང་ནི་འདས་པའི་ལོ་ངོ་ ༢༠ རིང་བོད་ནང་ཡང་ཡང་ཕེབས་མྱོང་ཡོད་པ་དང་། བོད་དང་རྒྱ་ནག་གཉིས་སུ་ཕྱི་ལོ་ ༢༠༡༩ ལོར་འགྲུལ་བཞུད་གནང་བ་དེ་མཐའ་མ་ཆགས་ཀྱི་འདུག ལྷག་པར་ཁོང་བོད་ལ་ཡོད་པའི་སྐབས་འབྲོག་པ་ཚོ་དང་མཉམ་དུ་བསྡད་འདུག ད་ཆ་ཁོང་གི་བཞུགས་སའི་རྒྱབ་ཏུ་གཡག་འགའ་ཡང་མཐོང་རྒྱུ་འདུག ཁོང་གིས་བོད་ཀྱི་ཡུལ་ལྗོངས་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡོད་སྟབས་བོད་ཀྱི་ཆེས་མཛེས་པའི་ཟུར་ཞིག་སོ་སོའི་སྡོད་སར་འཁྱེར་འདོད་བྱུང་སོང་ཞེས་གསུངས་ཡོད། བཅར་འདྲིའི་ལེ་ཚན་ཁྲོད་ཁོང་གིས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༩ བར་ཁོང་ལོ་ལྟར་བོད་ནང་ཕེབས་ཀྱི་ཡོད་པ་དང་བོད་དང་རྒྱ་ནག་ནང་གི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་མ་ཟད། ལྷག་པར་བོད་ལྟ་བུར་དེ་སྔ་དང་བསྡུར་ན་འཛུགས་སྐྲུན་གསར་རྒྱག་དུ་མ་བྱས་ཡོད་པ་མཐོང་རྒྱུ་ཡོད་སྐོར་གསུངས་འདུག ཁོང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ས་ཁུལ་གང་གི་སྐུ་ཚབ་མཚོན་གྱི་ཡོད་དམ་དྲིས་པར་ཁོང་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་གྱི་ཡོད་པ་མ་ཟད་༸གོང་ས་མཆོག་ནི་བོད་མི་ཡོད་དོ་ཅོག་གི་བླ་ན་མེད་པའི་དབུ་ཁྲིད་ཅིག་མཚོན་གྱི་ཡོད་ཅེས་ལན་འདེབས་གནང་འདུག དེ་བཞིན་བོད་ནང་ཆོས་ལུགས་རང་དབང་ཐད་དམ་དྲག་དང་འབྲེལ་ནས་ཁོང་གིས་རྒྱ་གཞུང་གིས་ཆོས་ལུགས་རང་དབང་ལ་དམ་དྲག་བྱེད་རྒྱུ་དེ་བོད་ཙམ་མིན་པར་ཡི་ཤུ་དང་ཁ་ཆེ་ཚོ་ལའང་དེ་འབྲེལ་གྱི་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་བོད་ལྟ་བུར་མཚོན་ན་དགོན་སྡེ་ཁག་གི་ཕྱི་ཕྱོགས་སུ་རྒྱ་ནག་གི་རྒྱལ་དར་དང་ཞི་ཅིན་ཕིང་གི་འདྲ་པར་བཀལ་གྱི་ཡོད་པ་དང་། དགེ་འདུན་པའི་གྲངས་འབོར་ཉུང་འཕྲི་བཏང་སྟེ་དགོན་སྡེའི་མཁན་པོ་རྣམས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ནང་ཞུགས་དགོས་པའི་བཙན་བཀའ་བཏང་ཡོད་སྐོར་གསུངས་འདུག དེ་བཞིན་ཡིག་ཆ་ཁག་ཀྱང་རྒྱ་སྐད་དུ་འགྲེམས་སྤེལ་བྱས་པ་མ་ཟད་འབྲོག་པ་གནས་སྤོས་ཀྱི་གནད་དོན་དང་འབྲེལ། ཁོང་ནས་རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་ཚོ་གནས་སྤོས་བྱེད་དགོས་པའི་བཙན་བཀའ་འོག་རྩྭ་ཐང་ཐོག་འཛུགས་སྐྲུན་གྱི་ལས་གཞི་དང་གཏེར་ཁ་སྔོན་འདོན་བྱས་དང་བྱེད་བཞིན་ཡོད་པའི་གནས་སྟངས་ཁག་མངོན་གསལ་དང་ཆབས་ཅིག གནས་སྤོས་གནང་སའི་ཁང་པ་མང་པོར་གློག་དང་ཆུ་མེད་པ་མ་ཟད། བོད་མི་རྣམས་ཀྱི་འཚོ་བར་ངལ་བ་ཆེས་ཆེར་འཕྲད་གཞི་ལས་མེད་སྐོར་སོགས་ཀྱི་གནད་དོན་གསུངས་འདུག ཁོང་གིས་སྤྱིར་བོད་ནང་ཤིན་ཅང་ལྟ་བུ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ཆེན་པོ་མེད་ཀྱང་དེ་ལྟ་བུའི་གནས་སྟངས་མཐོང་རྒྱུ་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༡༩༥༠ ནང་བོད་མི་གར་སོང་ཆ་མེད་དུ་གྱུར་བ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད། སྒོས་ཕྱི་ལོ་ ༢༠༠༨ ཞི་རྒོལ་སྐབས་རྒྱ་གཞུང་གིས་བོད་མི་མང་པོ་འཛིན་བཟུང་གིས་བཙོན་འཇུག་སོགས་བྱས་ཏེ་ ༢༠༠༨ ལོ་ནས་བཟུང་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་ཕྱིན་ཡོད་སྐོར་གསུངས་འདུག

མང་གཙོའི་རྒྱལ་ཁབ་ཁག་མཉམ་ལས་ཀྱིས་དབང་ཆ་གཅིག་བསྡུས་རིང་ལུགས་ལ་གདོང་ལེན་དགོས།

ཁ་ཉིན་ཐེ་ཝན་གྱི་སྲིད་འཛིན་དང་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་དབར་དྲ་ཐོག་ཚོགས་འདུ་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་གཏོང་རྒྱུ་སླད་གོ་བསྡུར་གནང་འདུག ཐེ་ཝན་དང་རྒྱ་ནག་དབར་གྱི་རྩོད་རྙོག་ལ་ལྟོས་མེད་ཉེ་ལམ་སུད་ཌིན་གྲོས་ཚོགས་འཐུས་མིས་སྣེ་ཁྲིད་པའི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཁག་ཅིག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་ཆེད་ཕེབས་གནང་བ་དང་འབྲེལ། ཁ་ཉིན་སྲིད་འཛིན་ལྕམ་ Tsai Ing-Wen ལགས་དབུ་བཞུགས་ཐོག་དྲ་ཐོག་ཚོགས་འདུ་ཞིག་ཚོགས་ཏེ་ད་ཆ་ Ukraine གཙོས་རྒྱལ་ཁབ་ཁག་ཅིག་གི་མང་གཙོའི་རང་དབང་ལ་དབང་ཆ་གཅིག་བསྡུས་ལམ་ལུགས་ཀྱིས་ཉེན་ཚབས་ཆེས་ཆེར་བཟོས་ཤིང་། རྒྱལ་སྤྱིའི་ཁྱོན་དུ་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་པའི་མཚམས་འདིར་ཐེ་ཝན་སྲིད་འཛིན་མཆོག་གིས་རྒྱལ་སྤྱིའི་ངོས་ནས་མཉམ་ལས་གནང་དགོས་པ་དང་སྒོས་དབང་ཆ་གཅིག་བསྡུས་ལམ་ལུགས་ལ་གདོང་ལེན་ཆེད་འཛམ་གླིང་གི་མང་གཙོའི་ཕྱག་སྦྲེལ་རྒྱལ་ཁབ་ཁག་ངེས་པར་དུ་མཉམ་འབྲེལ་གནང་དགོས་པའི་རེ་སྐུལ་གནང་འདུག དྲ་ཐོག་གི་ཚོགས་འདུ་ཐོག་ལྕམ་ Tsai Ing-Wen ལགས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ལ་ད་བར་ཐེ་ཝན་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་ཡུན་རིང་རྒྱབ་སྐྱོར་གྱིས་ཁས་ལེན་གནང་བ་དང་། ལྷག་དོན་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་མཉམ་མཐུན་གྱི་ལས་དོན་དག་ལ་ཧུར་བརྩོན་གོང་སྤེལ་གནང་ཐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྐབས་དེར་སུད་ཌེན་དང་ཐེ་ཝན་གྲོས་ཚོགས་འཐུས་མི་ཚོགས་ཆུང་གི་གཙོ་ལྕམ་ Boriana Aberg ལགས་ཀྱིས་ཨུ་རུ་སུས་ཡུཀ་རེན་ནང་དམག་འཁྲུག་རྒྱག་བཞིན་པ་དེ་ནི་སྲིད་དབང་སྒེར་འཛིན་པའི་མངོན་འདོད་ཀྱི་རྗེས་འབྲས་འཇིགས་སྣང་ཅན་ཞིག་ཡིན་པས་ད་ཆ་ཕྱི་འབྲེལ་མི་སྣ་དང་རྒྱལ་སྲུང་མཁས་པ་རྣམས་ཀྱིས་ཨུ་རུ་སུས་ Ukraine བཙན་འཛུལ་བྱས་པ་དེས་རྒྱ་གཞུང་ནས་ཐེ་ཝན་ལ་འཐབ་རྒོལ་བྱ་རྒྱུའི་དཔའ་ངར་སློང་སྲིད་པའི་འཇིགས་སྣང་བྱས་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཚོགས་ཆུང་དེའི་ངོས་ནས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རང་ཉིད་ལ་བསྐུར་བའི་འགན་འཁྲི་ཞིག་ལ་ངོས་འཛིན་གནང་གི་ཡོད་པས་རྒྱལ་ཁབ་དེའི་རང་དབང་དང་མང་གཙོའི་རིན་ཐང་སྲུང་སྐྱོབ་སླད་གང་ཐུབ་ཅི་ཐུབ་གནང་རྒྱུ་ཡིན་པའི་ཁས་ལེན་གནང་འདུག ད་རེས་ཕྱོགས་གཉིས་དབར་དྲ་ཐོག་ཚོགས་འདུ་འདི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ཐེ་ཝན་དུ་གཟའ་འཁོར་སྔོན་མའི་རེས་གཟའ་ཉི་མ་ནས་དེ་རིང་བར་ཁྱོན་ཉིན་གྲངས་ལྔའི་རིང་གཞུང་འབྲེལ་སྐོར་སྐྱོད་ལ་ཕེབས་པའི་ཆ་ཤས་སུ་གནང་བ་ཞིག་དང་། ཐེ་ཝན་གྱི་སྲིད་འཛིན་མཆོག་གི་ཉེ་འབྲེལ་ཞིག་ལ་ཏོག་དབྱིབས་ནད་དུག་ཕོག་ནས་སྲིད་འཛིན་མཆོག་ཟུར་བཀག་ལ་བཞུགས་ཡོད་པའི་གནས་སྟངས་ལ་བརྟེན་ཕྱོགས་གཉིས་ཀྱི་ཚོགས་འདུ་དེ་དྲ་ཐོག་ནས་གནང་དགོས་བྱུང་འདུག ཕྱོགས་སྐྱོད་དེའི་ཁྲོད་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་ནས་ཐེ་ཝན་གྱི་སྲིད་བློན་ Su Tseng-Chang ལགས་གཙོས་དཔལ་འབྱོར་བློན་ཆེན་དང་ཕྱི་སྲིད་བློན་ཆེན། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་འདུགཕྱི་སྲིད་བློན་ཆེན་སྐུ་ཞབས་ Jan Lipavsky ལགས་ཀྱིས་ Politico བརྒྱུད་ལམ་གྱི་བཅར་འདྲི་ལས་རིམ་ཞིག་ཐོག་ད་ཆ་རྒྱ་ནག་གཞུང་གིས་ཨ་རུ་སུ་དང་ལྷན་དུ་ Ukraine ནང་གི་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་ཐོག་ཞིབ་འཇུག་ཁྱད་པར་བ་ཞིག་གནང་དགོས་པའི་གནད་དོན་དང་འབྲེལ། གལ་ཏེ་རྒྱ་གཞུང་གིས་དེ་ལྟར་བྱས་ཚེ་དེས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་ཉེན་ཚབས་ཆེའི་མཇུག་འབྲས་འཕྲད་རྒྱུ་ཡིན་སྟབས་གནད་དོན་དེའི་ཐོག་ཞིབ་འཇུག་གཏིང་ཟབ་ཞིག་གནང་རྒྱུའི་དུས་ལ་བབ་ཡོད་པ་དང་ཁོང་རྣམས་ཀྱིས་ཐེ་ཝན་དེ་རྒྱ་ནག་གི་དབང་འོག་ལ་ཡོད་པ་རྟོགས་ཀྱི་ཡོད་ཀྱང་ང་ཚོའི་ཅེཀ་གཞུང་འཛིན་གྱི་་འཆར་སྣང་གི་ཆ་ཤས་གཅིག་དེ་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཁག་མཉམ་ལས་གནང་རྒྱུ་དང་ཐེ་ཝན་དེ་མང་གཙོ་འདོད་ཀྱི་ཡོད་པ་གསུངས་འདུག དེ་བཞིན་ཕྱི་སྲིད་བློན་ཆེན་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་མ་འཛུགས་གནང་མཁན་རྒྱལ་ཁབ་མང་་པོ་ཡོད་པའི་ཁོངས་ནས་རྩེ་ཕུད་གཅིག་ཡོད་པ་དེ་ནི་ཐེ་ཝན་ཆགས་ཡོད་པ་དང་ཐེ་ཝན་གྱིས་ད་བར་བཟོ་གྲྭ་ཡག་པོ་དང་ལས་ཁུངས་མང་དག་ཅིག་གསར་སྐྲུན་གནང་ཡོད་སྟབས་རྒྱལ་ཁབ་དེའི་ལྷན་དུ་དཔལ་འབྱོར་གྱི་འབྲེལ་ལམ་ཐོག་ནས་ཕྱག་ལས་གནང་འདོད་ཡོད་པ་དང་ཆབས་ཅིག་དེར་རོགས་རམ་གང་ཐུབ་གནང་འདོད་ཡོད་སྐོར་མངོན་གསལ་གནང་ཡོད། རྩ་བའི་སྔ་ལོར་ལི་ཐོའུ་ནེཡ་གཞུང་གིས་ཐེ་ཝན་ལ་རྒྱབ་སྐྱོར་གྱིས་ཡུལ་དེའི་རྒྱལ་ས་ Vilnius ནང་ཐེ་ཝན་གྱི་གཞུང་ཚབ་ལས་ཁུངས་ཤིག་དབུ་འབྱེད་གནང་བ་མ་ཟད་ལས་ཁུངས་ཀྱི་མིང་སྦྱང་ཐོག་ཐེ་ཝན་ཞེས་མིང་དངོས་སུ་སྤྱོད་རྐྱེན། རྒྱ་གཞུང་གིས་ Lithuania ལ་སྐྱོན་བརྗོད་ཀྱིས་ཐེ་ཝན་དང་འབྲེལ་བ་མཚམས་འཇོག་དགོས་པའི་ཉེན་བརྡ་དང་གནོན་ཤུགས་སྤྲད་དེ་དཔལ་འབྱོར་གྱི་ཉེས་ཆད་བཏང་བ། དེ་བཞིན་པེ་ཅིང་ནང་ཡོད་པའི་ Lithuania གཞུང་ཚབ་ཆེན་མོ་ཕྱིར་འཐེན་དགོས་པ་སོགས་བཤད་ཡོད། གནད་དོན་དེའི་ཐད་ཅེཀ་གཞུང་གི་ཕྱི་འབྲེལ་མི་སྣ་ཁག་གིས་རྒྱ་ནག་དང་ལྷན་འབྲེལ་བ་དམ་ཟབ་ཡོད་མཁན་ཅེཀ་སྲིད་འཛིན་ Milos Zeman ལགས་ཀྱི་སྲིད་འཛིན་གྱི་ལས་ཡུན་དེ་འདི་ལོའི་ལོ་མཇུག་ཏུ་ཚང་གི་ཡོད་པ་དང་བསྟུན་ Prague གྱིས་ཀྱང་ལི་ཐོའུ་ནེཡ་གཞུང་གིས་ཐེ་ཝན་ལ་རྒྱབ་སྐྱོར་གནང་བ་བཞིན་དེ་མཚུངས་གནང་ཐུབ་པ་དང་དེ་བཞིན་རྒྱལ་ས་ Prague ནང་ཡོད་པའི་ཐེ་པེ་ལས་ཁུངས་ལ་བསྒྱུར་བཅོས་ཀྱིས་ཐེ་ཝན་གཞུང་ཚབ་ལས་ཁུངས་ཞེས་གནང་རྒྱུའི་རེ་བ་ཡོད་སྐོར་གསུངས་འདུག

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ པ་མཇུག་སྒྲིལ།

ཟླ་བ་འདིའི་ཚེས་ ༦ ནས་བོད་ཀྱི་ཟློས་གར་ཚོགས་པའི་དོ་རར་ཚོགས་པའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ པ་དེ་རིང་མཇུག་སྒྲིལ་གནང་སོང་། བོད་ཀྱི་ཞོ་སྟོན་མཇུག་སྒྲིལ་གྱི་ཉིན་མཐའ་མར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ལྷན་རྒྱས། སྲི་ཞུ་བ། ས་གནས་ཚོགས་སྐྱིད་ཁག་གི་འཐུས་མི། ཉེ་འཁོར་སློབ་གྲྭ་ཁག་ཅིག་གི་དགེ་སློབ། བཞུགས་སྒར་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་སོགས་རྒྱས་འཛོམས་གནང་བ་དང་སྦྲགས། ཉིན་མཐའ་མར་བོད་ཀྱི་ཟློས་གར་ཚོགས་པས་ཆོས་རྒྱལ་ནོར་བཟང་གི་ལྷ་གཞུང་གཟིགས་འབུལ་ཞུས་ཡོད་པ་རེད།དེ་རིང་གི་སྐུ་མགྲོན་གཙོ་བོ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་ལྷ་གཞུང་དེ་དག་ནི་དམངས་ཁྲོད་ནས་དར་བའི་རིག་གཞུང་གལ་ཆེ་ཞིག་ཡིན་པ་མ་ཟད་མི་རབས་རྒན་པས་སྐུ་ལས་སྐྱོན་ནས་གཞོན་པ་ཚོར་རྩིས་སྤྲོད་ལྟ་བུ་གནང་དོན་བཞིན་མི་རབས་གསར་པ་ཚོས་ལྷ་གཞུང་ཁག་ལ་ཐུགས་སྣང་ཆེན་པོ་གནང་བར་བརྟེན་སྔར་ནས་ད་བར་དར་ཁྱབ་ཆེན་པོ་བྱུང་བ་ནི་གཟི་བརྗིད་ཅིག་དང་། ལྷག་དོན་ཐེངས་འདིའི་བོད་ཀྱི་ཞོ་སྟོན་ཐོག་འཁྲབ་སྟོན་པ་མང་དག་ཅིག་མི་རབས་གཞོན་པ་ཚོ་ཆགས་ཡོད་པར་ཡི་རང་བསྔགས་བརྗོད་གནང་སོང་བ་དང་ཆབས་ཅིག མང་ཚོགས་ཁྲོད་ནས་ཐུགས་འགན་བཞེས་ཏེ་ཐུན་མིན་གྱི་རིག་གཞུང་རྣམས་གཅེས་སྤྲས་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད།བོད་ཀྱི་ཟློས་གར་ཚོགས་པའི་ལྷ་མོ་དགེ་རྒན་བསམ་གཏན་ལགས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ བཞུགས་སྒར་དུ་ཉིན་གྲངས་བརྒྱད་ཀྱི་རིང་ཚོགས་པ་ལྟར་ལེགས་སྤེལ་ཉེས་འགོག་གི་ཚོགས་འདུ་ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ པ་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་འཚོགས་གཏན་ཁེལ་ཡོད་པ་དང་། དེའང་གཙོ་བོ་ད་ཆ་མོན་གྷོ་འདོད་རྒུ་གླིང་གི་ལྷ་མོ་ཚོགས་པ་དེ་ཉམས་ཆག་འགྲོ་བཞིན་ཡོད་སྟབས། མང་ཚོགས་དང་ལྷ་མོའི་ཚོགས་མི་རྣམས་ལ་སེམས་འགུལ་འཕར་མ་བསྐྲུན་ཕྱིར་ཡིན་པ་འགྲེལ་བརྗོད་གནང་སོང་། གཞི་རྩའི་ཐེངས་འདིའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ ཐོག་བོད་ཀྱི་ཟློས་གར་ཚོགས་པ་གཙོ་བོར་གྱུར་པའི་ཕྱོགས་མཐའ་ཁག་གི་ལྷ་མོ་ཚོགས་པ་དྲུག་དང་ཨ་རིའི་ལྕགས་ཟམ་བོད་ཀྱི་ལྷ་མོ་གླུ་གར་ཚོགས་པ་བཅས་ལྷོ་མོ་ཚོགས་པ་བརྒྱད་ནས་མཉམ་ཞུགས་གནང་སྟེ་ལྷ་གཞུང་སྣང་ས་འོད་འབུམ་དང་། ཆོས་རྒྱལ་ནོར་བཟང་། དེ་བཞིན་འགྲོ་བ་ཟང་མོ་བཅས་ཁྱོན་ལྷ་གཞུང་མི་འདྲ་བ་དྲུག་གཟིགས་འབུལ་ཞུས་ཡོད་པ་རེད།

འདས་ལོར་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བ་མངོན་གསལ།

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདས་པའི་ཕྱི་ལོ་ ༢༠༢༡ ནང་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བར་སྔ་ལོར་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་བཏང་ཡོད་པ་མ་ཟད་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་རྒྱ་ནག་གི་ལས་བྱེད་པ་དང་འགོ་ཁྲིད་ཚོར་གཞུང་གི་ངོས་ནས་ཉེས་ཆད་དང་ཞིབ་འཇུག་རིགས་བྱས་ཡོད་པའི་གནས་ཚུལ་སོགས་གང་ཡང་མཐོང་ཐོས་བྱུང་མེད་པར་མངོན་གསལ་གནང་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་འདས་ལོར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཤོག་གྲངས་ ༢༥ ཅན་ཞིག་སྤེལ་བའི་ནང་། བོད་ནང་གི་གནས་སྟངས་གང་ཡིན་འགྲེལ་བརྗོད་གནང་ཡོད་པ་དང་འདས་ལོར་བོད་ནང་གི་ས་གནས་ཁག་ཏུ་རྒྱ་ནག་གཞུང་དང་དེའི་ལས་བྱེད་པ་ཚོས་བོད་མི་གང་བྱུང་དུ་འཛིན་བཟུང་བཀག་བསྐྱིལ་དང་དམར་གསོད་བཏང་བ་སོགས་ཀྱི་གནས་ཚུལ་ར་འཕྲོད་བྱུང་ཡོད་ཀྱང་། གཞུང་ཕྱོགས་ནས་ད་བར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཉེས་ཆད་བཏང་བའི་གནས་ཚུལ་གང་ཡང་མཐོང་ཐོས་བྱུང་མེད་པར་མངོན་གསལ་གནང་བ་དང་སྦྲགས། བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་ཚོར་ཁྲིམས་ཆད་གང་ཡང་བཏང་མེད་པ་དེ་ཛ་དྲག་རང་བཞིན་ལྡན་པའི་གནས་སྟངས་ཤིག་ཡིན་པར་འགྲེལ་བརྗོད་གནང་འདུག དེ་བཞིན་བོད་མི་རྣམས་བཙོན་ཁང་དུ་བཞུགས་རིང་ལ་ཞལ་ལག་དང་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་ཆེས་ཞན་པོ་ཡོད་པ་དེ་ལྟར་ནའང་། ད་བར་བཙོན་ཁང་ནང་གི་མཐུན་རྐྱེན་དང་བཏང་འཛིན་བྱེད་ཕྱོགས་ལ་ལྟ་རྟོག་དང་ཞིབ་འཇུག་རིགས་གང་ཡང་མེད་པ་མ་ཟད། གཞིས་ལུས་རྒྱ་ཆེ་མང་ཚོགས་ཚོ་གང་བྱུང་དུ་འཛིན་བཟུང་བྱས་དང་བྱེད་བཞིན་པའི་གནས་སྟངས་དེ་ནི་ཛ་དྲག་རང་བཞིན་ཅན་དང་། བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་ཞུ་རྒྱུའི་གནས་བབ་ཡོད་སྐོར་བཀོད་མེད་པར་མངོན་གསལ་གནང་ཡོད། ཆབ་སྲིད་པའམ་ཆོས་ཕྱོགས་ཀྱི་གནད་དོན་འོག་འཛིན་བཟུང་བྱས་པའི་བོད་མི་རྣམས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བའི་ཉེས་མིང་གྱོད་དོན་འོག་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་ཁྲིམས་བཤེར་སོགས་མེད་པར་ལོ་གཅིག་ལས་མང་བ་བཀག་ཉར་བྱས་པ་མ་ཟད། བོད་མི་རྣམས་ལ་རང་ཉིད་ཀྱི་གྱོད་དོན་རྩོད་དབང་མེད་པའི་ངལ་འཕྲད་ཀྱི་གནས་སྟངས་ཡོད་པ་སོགས་ཆེས་མངོན་གསལ་གནང་འདུག དེ་བཞིན་སྔ་ལོར་བོད་ནང་དུ་སྤྱི་ཚོགས་དྲ་ལམ་ཐོག་ཕན་ཚུན་དབར་འབྲེལ་བ་གནང་བ་དང་། བཙན་བྱོལ་ནང་གི་བོད་མིར་འབྲེལ་བ་གནང་བ། ལག་ཐོགས་ཁ་པར་ནང་༸གོང་ས་མཆོག་གི་༸སྐུ་པར་ཉར་བ། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་གླེང་སློང་གནང་བ་བཅས་ནི་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་འཛུགས་བྱས་པ་དང་། བཙན་དབང་གིས་ཆབ་སྲིད་སློབ་གསོ་དང་ Sinicization འམ་བོད་མི་རྒྱ་སྡེར་བསྒྱུར་རྒྱུའི་སྲིད་བྱུས་སོགས་ལ་སྐྱོན་བརྗོད་གནང་བ། དེ་བཞིན་བོད་ཕྱི་ནང་གཉིས་སུ་གསར་འགོད་ལས་རིགས་ལ་དམ་དྲག་བྱས་པ་མ་ཚད་པར་བོད་མིའི་ཆོས་ཕྱོགས་དང་། ཆབ་སྲིད་དང་འབྲེལ་བའི་ཚོར་རྣོ་བའི་དུས་ཚིགས་ཁག་སྲུང་བརྩི་ཞུ་རྒྱུར་དམ་དྲག་དང་། ལས་ཀ་བྱེད་ས་ཡོངས་ལ་རྒྱ་ཡིག་གཙོ་བོར་སྤྱོད་སྟབས། བོད་མི་རྣམས་ལ་ལས་ཀའི་གོ་སྐབས་ཀྱི་ཐོག་ནས་ངལ་བ་ཆེས་ཆེར་འཕྲད་བཞིན་པ་སོགས་ཆེད་བཀོད་དང་། བོད་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་སློབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་སོགས་ཀྱི་གནད་དོན་མང་དག་ཅིག་ཆེད་བཀོད་གནང་འདུག ལྷག་པར་དུ་སྔ་ལོར་རྒྱ་ནག་ཞུང་གིས་ལོ་ན་ ༦ ནས་ ༡༨ བར་གྱི་བོད་རིགས་བྱིས་པ་འབུམ་ ༨ ལ་བརྒྱ་ཆ་ ༧༨ ཙམ་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭར་ཞུགས་དགོས་པའི་བཙན་བཀའ་བཏང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག རྒྱལ་རབས་སོགས་མི་ཤེས་པའི་མི་རབས་ཤིག་བསྐྲུན་ཐབས་དང་བོད་པའི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་པའི་གནས་སྟངས་བྱུང་བ་མ་ཟད། བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བཅས་པ་ཕྱོགས་ཡོངས་ནས་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མངོན་གསལ་གནང་ཡོད།

འཐབ་འཛིང་བྱེད་ཡག་དེ་བེད་སྤྱོད་མེད་པ་ཞིག་རེད། 

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་གི་ས་གནས་འདྲ་མིན་ནས་བཅར་བའི་དད་ལྡན་མི་སྣ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་སྩལ་བ་དང་སྦྲགས་གོ་ལ་སྤྱིའི་བདེ་དོན་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གནང་རྒྱུའི་ཐོག་དགོངས་པ་བཞེས་དགོས་པའི་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་མཇལ་ཁའི་སྐབས་ New Zealand ཡི་ Māori ཞེས་པའི་གདོད་མའི་མི་རིགས་ཀྱི་ལུགས་སྲོལ་ལྟར་སྣ་རྩེ་ཐུག་རེས་བྱེད་རྒྱུ་ཡིན་ཞེས་ཕྲུ་གུ་ཞིག་ལ་ཤངས་རྩེས་མཇལ་ཁ་སྩལ་བའི་ཐོག་ནས་འཚམས་འདྲི་མཛད་པ་དང་སྦྲགས། མགོན་པོ་མཆོག་གི་མི་ཐོག་རིང་ལ་འཛམ་གླིང་ཐོག་དཀའ་རྙོག་མང་དག་ཅིག་འཕྲད་ཡོད་པ་དང་། མ་འོངས་མི་རབས་གསར་པའི་སྐབས་སུ་འཛམ་གླིང་འདི་ཞི་བདེ་དང་འདྲ་མཉམ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་ཐུབ་པའི་ཐུགས་རེ་ཆེན་པོ་ཡོད་པ་དང་། དེས་ན་མི་རབས་གསར་པ་ཚོ་མི་རེ་ངོ་རེར་འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་རྣམས་གཅིག་གྱུར་ཡིན་པའི་འདུ་ཤེས་ཐོག་ནས་དོན་དམ་གྱི་ཞི་བདེ་བསྐྲུན་རྒྱུའི་འགན་ཡོད་པར་བཀའ་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཆ་གོ་ལའི་ཚ་དྲོད་རྒྱས་པ་ནས་ཛ་དྲག་ཅན་གྱི་གནད་དོན་ཆགས་ཡོད་པ་སོགས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དཀའ་ངལ་འཕྲད་པ་དེ་ནི་ཛ་དྲག་རང་བཞིན་གྱི་ངལ་བ་ཞིག་ཡིན་པ་དང་། ཛ་དྲག་རང་བཞིན་གྱི་དཀའ་ངལ་དེ་འདྲ་ཞིག་ཡོད་བཞིན་པའི་ཁྲོད་དུ་ང་ཚོ་ཕན་ཚུལ་དབར་འཐབ་འཛིང་བྱེད་ཡག་དེ་བེད་སྤྱོད་མེད་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ད་ཆ་ང་ཚོའི་ངོས་ནས་ངའི་རྒྱལ་ཁབ་དང་ངའི་གླིང་ཕྲན་སོགས་རང་ཉིད་ཁོ་ནའི་ཆེད་དུ་བསམ་བློ་གཏན་རྒྱུ་ལས་གོ་ལ་སྤྱི་དང་འགྲོ་བ་མི་སྤྱིའི་བདེ་དོན་ལ་དགོངས་པ་བཞེས་གལ་ཡིན་པ་མ་ཟད།  གཙོ་བོ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་ཐོག་ནས་ཡོང་ཐུབ་པ་ཞིག་ཡིན་སྐོར་སོགས་ལམ་སྟོན་བཀའ་དྲིན་བ་སྩལ་འདུག

བོད་རིགས་ཕ་མ་ཚོར་བཙན་དབང་གིས་རྒྱ་ཡིག་སློབ་བཞིན་པ།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོག་གཏོང་བཞིན་པའི་གནས་ཚུལ་ཡང་ཡང་འཐོན་བཞིན་པ་མ་ཟད་བར་སྐབས་ནས་བོད་མིའི་སྲོལ་རྒྱུན་གོམས་གཤིས་དང་སྐད་ཡིག་གཙོ་གྱུར་བོད་མི་རིགས་ངོ་བོ་རྩ་མེད་བཟོ་ཐབས་དང་འབྲེལ་བའི་སྲིད་བྱུས་སྣ་ཚོགས་ལག་བསྟར་བྱེད་བཞིན་པའི་ཁྲོད་ཉེ་ལམ་བོད་ནང་ལ་ཡོད་པའི་བོད་རིགས་ཕ་མ་རྣམས་ལ་བཙན་དབང་གིས་རྒྱ་སྐད་དང་རྒྱ་ཡིག་སློབ་བཞིན་ཡོད་པ་མངོན་གསལ་གནང་འདུག ཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Tibet Watch དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ནང་གི་དམའ་རིམ་སློབ་གྲྭ་ཁག་ནས་རྒྱ་ཡིག་གཙོ་བཟུང་ཐོག་སློབ་ཁྲིད་བྱ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་པ་དེ་ཚགས་ཚུད་ཡོང་ཐབས་སུ་ད་ཆ་བོད་ནང་གི་བོད་རིགས་ཕ་མ་ཚོར་ཟབ་སྦྱོང་སྣ་ཚོགས་སྤྲད་ནས་བཙན་དབང་གིས་རྒྱ་སྐད་དང་རྒྱ་ཡིག་སློབ་བཞིན་ཡོད་པ་མ་ཟད། རིམ་པས་རང་ཉིད་ཀྱི་ཕྲུ་གུ་ཚོ་ལའང་རྒྱ་སྐད་དང་རྒྱ་ཡིག་སློབ་དགོས་པའི་སྐུལ་མ་གནང་དགོས་པ་སོགས་བཤད་འདུག རྒྱ་ཡིག་སློབ་ཁྲིད་དང་འབྲེལ་བའི་ཟབ་སྦྱོང་ཁག་གི་ཐོག་ཕ་མ་རྣམས་ནས་རྒྱ་ནག་གཞུང་གིས་གཏན་འབེབས་དང་བསྒྱུར་བཅོས་བྱས་པའི་སྐད་ཡིག་སློབ་ཁྲིད་ཀྱི་སྲིད་བྱུས་ཁག་ལ་དུས་ནས་དུས་སུ་དོ་སྣང་བྱེད་དགོས་པ་སོགས་ཀྱི་གཏམ་བཤད་སྤེལ་བཞིན་པ་དང་འབྲེལ། བོད་གནས་ལྟ་ཞིབ་ཁང་ནས་རྒྱ་ནག་གཞུང་གིས་འབྲོག་ལས་དང་ཞིང་ལས་སོགས་བོད་ཀྱི་སྲོལ་རྒྱུན་ཐོག་འཚོ་བ་སྐྱེལ་བཞིན་པའི་བོད་རིགས་ཕ་མ་ཚོར་བཙན་དབང་གིས་རྒྱ་སྐད་དང་རྒྱ་ཡིག་སློབ་བཞིན་པ་མ་ཟད། རྒྱ་ནག་གཞུང་གི་སྲིད་བྱུས་ལྟ་གྲུབ་སྐོར་གཏམ་བཤད་རིགས་བྱས་པ་ནི་རྒྱ་གཞུང་ནས་བོད་ཀྱི་སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་རྒྱ་ཡིག་སློབ་ཁྲིད་ཀྱི་སྲིད་བྱུས་ལམ་ལྷོང་དང་། ཕ་མ་ཚོ་བརྒྱུད་ནས་བོད་ཕྲུག་སློབ་མའི་རྣ་བར་རྒྱ་ནག་གི་སྲིད་བྱུས་རྒྱ་ཁྱབ་ཐུབ་རྒྱུར་དམིགས་པ་ཞིག་རེད་ཅེས་གསུངས་འདུག བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་གནང་བ་བརྒྱུད་འདི་ལོའི་ཕྱི་ཟླ་གསུམ་པ་དང་བཞི་པ་ནང་རྒྱ་ནག་གཞུང་ནས་བོད་མགོ་ལོག་ཁུལ་ཁོ་ནར་ཕ་མ་ཚོར་ཟབ་སྦྱོང་ཐེངས་ ༡༦ སྤྲད་ཡོད་པ་དང་ཟབ་སྦྱོང་དེ་དག་ཀྱང་ས་གནས་ཀྱི་འབྲིང་རིམ་སློབ་གྲྭ་ཁག་ཏུ་གོ་སྒྲིག་བྱས་ཏེ་བོད་རིགས་ཕ་མ་རྣམས་ཙམ་མ་ཚད་པར་ས་གནས་ཀྱི་ལས་བྱེད་རྣམས་ཀྱང་མཉམ་ཞུགས་ཡོད་པ་སོགས་མངོན་གསལ་བྱུང་འདུག ལྷག་དོན་སྐབས་དེའི་ཟབ་སྦྱོང་དང་འབྲེལ་བ་ཡོད་པའི་བོད་མི་ཞིག་ནས་ཕ་མ་ཚོར་དངོས་སུ་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱས་ནས་ཤུགས་ལ་བོད་ཕྲུག་ཚོར་རྒྱ་ཡིག་བསླབ་པར་སྐུལ་འདེད་དང་། ཕ་མ་དང་ཕྲུ་གུའི་བསམ་བློ་ནང་རྒྱ་ནག་གི་རྨི་ལམ་ཁག་ཤེས་ཐབས་ཀྱི་བྱུས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ནག་ཆུ་ཉི་མ་རྫོང་ཁུལ་དུ་དེ་འབྲེལ་ཟབ་སྦྱོང་ཞིག་སྤྲད་པའི་སྐབས་སུ་ཕ་མ་གཙོས་ས་གནས་ལས་བྱེད་རྣམས་ལ་ཞི་ཅིན་ཕིང་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དང་ཕུགས་ཀྱི་དམིགས་ཡུལ་སྐོར་འགྲེལ་བརྗོད་བྱས་པ་མ་ཟད། སྲིད་བྱུས་དང་ཕུགས་དམིགས་དེ་དག་སོ་སོའི་ས་གནས་མི་མང་དག་ལ་འགྲེལ་བརྗོད་བྱེད་དགོས་པ་སོགས་ཀྱི་བཙན་བཀའ་བཏང་བའི་གནས་སྟངས་བྱུང་འདུག བཞུགས་སྒར་དུ་ཡོད་པའི་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་རྒྱ་གཞུང་གི་བྱེད་སྟངས་དེ་ནི་བོད་མི་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མཚོན་པ་མ་ཟད། ཕ་མ་དང་སློབ་ཕྲུག དེ་བཞིན་ས་གནས་ལས་བྱེད་ཚོ་ལ་ཟབ་སྦྱོང་རིགས་སྤྲད་དེ་རྒྱ་ནག་རང་ཉིད་ཀྱི་སྲིད་བྱུས་དེ་དག་རྒྱ་སྐྱེད་གཏང་རྒྱུར་དམིགས་པ་ཞིག་ཡིན་སྐོར་གསུངས་སོང་།

Latest news