Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་འདི་ལོ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཀོ་ལམ་བྷེ་ཡའི་སྲིད་འཛིན་མཆོག་ལ་དགའ་བསུའི་གསུང་འཕྲིན་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ལམ་བྷེ་ཡའི་སྲིད་འཛིན་ Juan Manuel Santos མཆོག་ལ་འདི་ལོ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་གཏན་འཁེལ་བར་དགའ་བསུའི་གསུང་འཕྲིན་ཞིག་བསྩལ་བའི་ནང་སྲིད་འཛིན་མཆོག་གིས་ཡུན་རིང་ནས་མི་སེར་ནང་འཁྲུག་འགྲིག་འཇགས་ཡོང་བར་ཕྱག་ལས་གནང་བཞག་པ་དེ་དག་ནི་གཞན་ལ་མིག་དཔེ་ཞིག་ཆགས་ཡོད་པར་བསྔགས་བརྗོད་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་མཆོག་ལ་སྩལ་བའི་དགའ་བསུའི་གསུང་འཕྲིན་དེའི་ནང་། འདི་ལོ་ནོ་བེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཀོ་ལམ་སྦི་ཡའི་སྲིད་འཛིན་ Santos མཆོག་གིས་ཡུལ་དེའི་ནང་ཆོད་སེམས་བརྟན་པོས་ལོ་ངོ་ ༥༢ རིང་མི་སེར་ནང་འཁྲུག་གི་རྩོད་རྙོག་འདུམ་འགྲིག་ཡོང་བར་འབད་པ་ཆེན་པོ་གནང་པ་དང་། ལྷག་པར་དུ་ཐོག་མའི་འཆར་ཞི་འགྲིག་གི་དོན་སྨིན་སོན་རྒྱུའི་རེ་བ་ཧ་ཅང་དཀའ་བར་སྣང་ཡང་སྲིད་འཛིན་མཆོག་གིས་ངལ་བ་ཁྱད་དུ་བསད་ནས་ཀོ་ལམ་བྷི་ཡ་ཡུལ་ནང་ཞི་བདེའི་བསྐྲུན་ཕྱིར་འབད་པ་ཆེན་པོ་གནང་སྟབས། འདི་ལོ་སྐུ་ཞབས་མཆོག་ལ་ཞི་བདེའི་གཟེངས་རྟགས་གནང་པ་འདི་བརྒྱུད་སྲིད་འཛིན་མཆོག་གི་འབད་བརྩོན་ལ་ངོས་འཛིན་ཐོབ་པ་དང་དུས་མཉམ་གང་ཟག་གཞན་ལ་སེམས་ཤུགས་འཕར་རྒྱུ་ཡིན་པར་བཀའ་བསྩལ་ཡོད་པ་རེད། ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་དེང་སང་ང་ཚོར་རྩོད་རྙོག་དང་འཚེ་བའི་དཀའ་ངལ་རིགས་མང་དག་ཞིག་འཕྲད་བཞིན་པའི་དུས་སྐབས་འདིར་སྲིད་འཛིན་མཆོག་གིས་འགེགས་བར་ཆད་འཕྲད་མུས་ལ་མ་ལྟོས་པར་ཞུམ་པ་མེད་པའི་ཆོད་སེམས་བརྟན་པོས་ནང་འགྲིག་གནང་པ་དེས་༸སྐུ་ཉིད་མཆོག་ལ་སྙིང་སྟོབས་འཕེལ་བ་ཞིག་བྱུང་ཡོད་ཅེས་དང་། སྐུ་ཞབས་མཆོག་གིས་མུ་མཐུད་ཡུལ་དེའི་ནང་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་སུ་འབད་རྩོན་དང་ཐུགས་རེ་གནང་དོན་ལྟར། ཀོ་ལམ་བྷེ་ཡའི་ནང་ཞི་བདེ་དང་ཡར་རྒྱས་ཀྱི་དུས་རབས་གསར་པ་ཞིག་གང་མགྱོགས་འཆར་ཐུབ་རྒྱུ་ཡིན་པར་ཡིད་ཆེས་གཏན་པོ་ཡོད་ཅེས་བཀའ་བསྩལ་འདུག དེ་མཚུངས་སུ་ཁ་སང་རེས་གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་ཀོ་ལམ་བྷེ་སྲིད་འཛིན་མཆོག་ལ་ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སུ་བདམས་ཐོན་བྱུང་བར་འཚམས་འདྲི་གནང་པའི་ནང་། སྲིད་འཛིན་མཆོག་གིས་ཡུལ་དེ་དང་གྱེན་ལོག་པའི་དབར་མི་ལོ་ ༥༢ ཙམ་གྱི་འཁྲུག་རྩོད་ཞི་འཇམ་ཡོང་ཐབས་སུ་སྐུ་ངལ་འཛེམས་མེད་ཀྱིས་སྐུ་ལས་སྐྱོན་པ་དེ་སེམས་འགུལ་ཐེབས་འོས་ཤིག་རེད་ལ་ཁོང་གི་མཛད་རྗེས་ལ་ཆེ་བསྟོད་ཞུ་ཆེད་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཁོང་ལ་དེ་ལྟར་འབུལ་རྒྱུའི་ཐག་གཅོད་གནང་པ་ཞིག་རེད་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས་ཁོང་རང་ཉིད་རྒྱ་ནག་གིས་བཙན་བཟུང་བྱས་པའི་ཡུལ་ཞིག་གི་འགོ་ཁྲིད་གཅིག་ཡིན་པའི་ཆ་ནས་ཀོ་ལམ་བྷི་ཡའི་སྲིད་འཛིན་མཆོག་གིས་དཀའ་རྙོག་སེལ་ཐབས་སུ་འདུན་པ་དང་ཆོད་སེམས་བརྟན་པོའི་ངང་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་པ་དེ་ནི་ཞི་བའི་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་རྒྱུའི་མིག་དཔེ་བཟང་པོ་གཅིག་དང་གལ་ཆེ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་འདུག རྩ་བའི་དགུང་གྲངས་ ༦༥ ཕེབས་པའི་ཀོ་ལམ་བྷེ་ཡའི་སྲིད་འཛིན་ Santos མཆོག་ནི་ཁྱིམ་ཚང་འབྱོར་ལྡན་ཞིག་ནང་འཁྲུངས་ཡོད་པ་དང་། དབྱིན་ཡུལ་ནང་དཔལ་འབྱོར་རིག་པའི་ཐོག་མཐོ་སློབ་གཉེར་གནང་རྗེས་ཕྱི་ལོ་ ༢༠༠༠ ལོར་ཡུལ་དེའི་གཞུང་འཛིན་ནང་དཔལ་འབྱོར་དང་བདེ་སྲུང་བློན་ཆེན་གྱི་ཐུགས་འགན་བཞེས། དེ་ནས་ཕྱི་ལོ་ ༢༠༡༠ ལོར་ཡུལ་དེའི་སྲིད་འཛིན་དུ་འོས་འདེམས་བྱུང་ཡོད་པ་མ་ཟད། ཁ་ཉིན་ནོར་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་སྲིད་འཛིན་མཆོག་ལ་ཁོང་གིས་སྲིད་གཞུང་ནས་ཡུལ་དེའི་ནང་གི་ Farc གྱེན་ལོག་སྒྲིག་འཛུགས་དང་ཞི་འགྲིག་གིས་ནང་འཁྲུག་གནད་དོན་མཇུག་སྒྲིལ་གནང་པར་ངོས་འཛིན་ཞུ་ཕྱིར་འདི་ལོ་ ༢༠༡༦ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་གཏན་འཁེལ་བ་ཞིག་ཡིན་པ་རེད།

༸གོང་ས་མཆོག་གིས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་རྣམས་བསྟན་པ་སྤྱི་མཚན་ཐོག་བསྐྱོད་ཚེ་ཕན་ཚུན་བློ་ཐག་ཉེ་རུ་འགྲོ་རྒྱུ་ཡིན་པ་བཀའ་བསྩལ་བ།

༸གོང་ས་མཆོག་གིས་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་རྣམས་བསྟན་པ་སྤྱི་མཚན་ཐོག་བསྐྱོད་ཚེ། ཕན་ཚུན་དབར་བློ་ཐག་ཉེ་རུ་འགྲོ་རྒྱུའི་དགེ་མཚན་ཆེན་པོ་ཡོད་པ་བཀའ་བསྩལ་མཛད་སོང་། དེ་རིང་ཟླ་ ༡༠ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་པའི་ཉིན་གྲངས་བཞིའི་རིང་ཐེ་ཝན་གཙོས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་ ༦༠༠༠ ལྷག་ལ་དབུ་མ་བཞི་བརྒྱ་པའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་ལྟར། དེ་རིང་མགོན་པོ་མཆོག་གིས་ཆོས་འབྲེལ་མཇུག་སྒྲིག་དང་བསྟུན་ཆོས་ཞུ་བ་རྣམས་ལ་དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་མཛད་དེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་ཡོད་པ་རེད། སྐབས་དེར་ཐོག་མར་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་ཀྱི་སྡོམ་པ་འབོག་འཇོག་མ་མཛད་གོང་དབུ་མ་བཞི་རྒྱ་བ་ལས། བསོད་ནམས་མིན་པ་དང་པོར་བཟློག ། བར་དུ་བདག་ནི་བཟློག་པ་དང༌། ། མཐའ་མར་ལྟ་ཞིག་ཀུན་བཟློག་པ། ། གང་གིས་ཤེས་དེ་མཁས་པ་ཡིན། ། ཅེས་གསུངས་པ་ལུང་འདྲེན་གྱིས་རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པར་འཇུག་ཚུལ་རིམ་པ་བཞིན་ངོ་སྤྲོད་གནང་པ་དང་འབྲེལ། དེ་ལྟ་བུའི་རྒྱལ་སྲས་ཀྱི་སྤྱོད་པར་ཁ་མིག་ཡར་ལྟ་བྱེད་དགོས་པ་དང་། བྱང་ཆུབ་ཀྱི་སེམས་ལ་གོམས་འདྲིས་བྱ་རྒྱུ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་སྐོར་གསུངས་སོང་བ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་ལྡན་པའི་ཡོན་ཏན་དེ་དག་ངོ་སྤྲོད་མཛད་སོང་། ད་དུང་མགོན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་གནས་པའི་འགྲོ་བ་མི་རྣམས་ཀྱིས་ཆོས་ཁས་ལེན་མིན་ལ་ལྟོས་མེད་བསོད་ནམས་མིན་པའི་ལས་ཟློག་དགོས་གལ་ཡིན་པ་དང་། དེ་ལྟར་བྱུང་ཚེ་རང་ཉིད་ལ་གྲོགས་སོགས་ཕན་འདོགས་མཁན་མང་བ་ཡོང་ངེས་ཡིན་པ་ལམ་སྟོན་གནང་ཡོད། དེ་རིང་སྔ་ཐོག་༸གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་སྟོན་པའི་མཚན་སྔགས་དང་། འཇམ་དཔལ་དབྱངས་ཀྱི་མཚན་སྔགས།  སྒྲོལ་མ་དང་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་སྩལ་བ་དང་སྦྲགས། ༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་གསང་སྔགས་ཆོས་ཀྱི་ཉམས་ལེན་ཡང་དག་ཞིག་ཡོང་བར་གཙོ་བོ་བསྟན་པ་སྤྱི་མཚན་གྱི་ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་ཉིད་རྟོགས་པའི་ལྟ་བ་གཉིས་ལ་བློ་སྦྱོང་བ་དང་། དེ་བཞིན་ཐོས་བསམ་སྒོམ་གསུམ་གནང་པའི་ཐོག་གསང་སྔགས་ཀྱི་ཉམས་ལེན་འཕར་མ་ཞིག་གནང་ཚེ་ཉམས་ལེན་ཡང་དག་པ་ཞིག་ཡོང་ངེས་ཡིན་པ་ལམ་སྟོན་གནང་པ་མ་ཟད།  བོད་གངས་ཅན་ལྗོངས་སུ་ཡོད་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་རྣམས་བསྟན་པ་སྤྱི་མཚན་ཐོག་བསྐྱོད་ཚེ། ཕན་ཚུན་དབར་བློ་ཐག་ཉེ་རུ་འགྲོ་རྒྱུའི་དགེ་མཚན་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོར་བཀའ་ཆོས་ཞུས་པ་དེ་གཙོ་བོ་ཉམས་ལེན་ཐོག་ཏུ་འཁེལ་ཐུབ་པ་གནང་དགོས་གལ་ཡིན་པ་བཀའ་སྩལ་སོང་། རྩ་བའི་༸གོང་ས་མཆོག་གིས་བཞུགས་སྒར་དུ་དབུ་མ་བཞི་བརྒྱ་པའི་ཆོས་འབྲེལ་གནང་པ་དེ་ཐེངས་གཉིས་པ་ཡིན་པ་དང་རྒྱ་རིགས་མང་ཚོགས་རྣམས་ལ་བསྩལ་བ་དེ་ཆེས་ཐོག་མ་ཆགས་ཀྱི་འདུག མཛད་འཆར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་ཟླ་བ་འདིའི་ཚེས་ ༨ ཉིན་ཡོ་རོབ་ནང་གི་མཛད་འཆར་ཁག་ཅིག་གི་སླད་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་ཀྱི་འདུག

༸གོང་ས་མཆོག་གིས་ནང་ཆོས་ལ་དད་པ་གཅིག་པོའི་ཐོག་ནས་ཕྱིན་ཚེ་སངས་རྒྱས་པའི་ཆོས་དེ་ཡུན་ཇི་ཙམ་གནས་མིན་བརྗོད་དཀའ་བ་རེད་ཅེས་བཀའ་སྩལ་བ།

  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་བཞི་བརྒྱ་པའི་བཀའ་ཆོས་ཉིན་གསུམ་པའི་ཐོག་ནང་ཆོས་ལ་དད་པ་གཅིག་པོའི་ཐོག་ནས་ཕྱིན་ཚེ་སངས་རྒྱས་པའི་ཆོས་དེ་ཡུན་ཇི་ཙམ་རིང་པོ་གནས་མིན་བརྗོད་དཀའ་བ་རེད་ཅེས་བཀའ་སྩལ་མཛད་སོང་། དེ་རིང་ཟླ་ ༡༠ ཚེས་ ༥ ཉིན་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་བོར་གྱུར་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་ཆོས་ཞུ་བ་རྣམས་ལ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་ཉིན་གསུམ་པའི་བཀའ་ཆོས་འཕྲོ་སྐྱོང་མཛད་པའི་ཁྲོད། ༸གང་ཉིད་མཆོག་གིས་ཐོག་མར་ཆོས་ཞུ་བ་ཚོར་སྔོན་འགྲོའི་ཆོས་བཤད་མཛད་པར་༸གང་ཉིད་མཆོག་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཇུག་ཏུ་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་བསྟོད་ཕྱག་མཛད་པའི་ཚིགས་བཅད། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་གསུང་འདོན་གྱིས་བསྟོད་ཕྱག་ཚིགས་བཅད་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ནང་པ་སངས་རྒྱས་པའི་ཆོས་ཙམ་མིན་པར་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་ལུགས་གཞན་གྱི་སྟོན་པ་ཕལ་མོ་ཆེ་སྙིང་རྗེའི་ཀུན་ནས་སློང་བ་ཞིག་ཡིན་པ་མཚུངས་ཀྱང་། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་སྟོན་པ་གཞན་དང་མི་གཅིག་པར་སྡུག་བསྔལ་ཡོང་བའི་རྒྱུ་བྱེད་མཁན་གྱི་ལྟ་བ་ཐམས་ཅད་སྤངས་པ་དང་། རྟེན་འབྱུང་གྱི་ལྟ་བ་རང་དབང་གི་སྒོ་ནས་སྡོམ་པར་མཛད་མཁན་བདག་ཉིད་ཅན་ཞིག་ཡིན་སྐོར་སོགས་གསུངས་ཏེ་སངས་རྒྱས་ཀྱི་ཆེས་ངོ་མཚར་ཆེ་བའི་ཡོན་ཏན་རྣམས་ངོ་སྤྲོད་གནང་པ་དང་འབྲེལ།  ལྷག་དོན་མགོན་པ་མཆོག་གིས་དེ་ལྟ་བུ་སྟོན་པ་དེ་མཐར་མངོན་པར་རྫོགས་པ་སངས་རྒྱས་པ་ལྟར། ང་རང་ཚོ་ལའང་སངས་རྒྱས་ཀྱི་སར་སླེབས་ཐུབ་པའི་ནུས་པ་གཅིག་མཚུངས་ཡོད་སྟབས།  ང་ཚོའི་ངོས་ནས་དེའི་རྒྱུ་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཐོངས་དགོས་ཅེས་ལམ་སྟོན་མཛད་ཡོད་པ་རེད།   དེ་བཞིན་༸གོང་ས་མཆོག་གིས་ནང་པའི་རྗེས་འཇུག་རྣམས་ལ་ནང་པའི་ཆོས་ལས་གསུངས་པའི་ཆོས་ལ་འཇུག་པའི་རིམ་པ་གཉིས་ཡོད་པ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་དང་དབང་བརྟུལ་དད་པའི་རྗེས་འབྲང་བཅས་གཉིས་ཡོད་པ་ལས་དབང་བརྟུལ་དད་པའི་རྗེས་འབྲང་ཐོག་སངས་རྒྱས་པའི་ཆོས་ངོ་སྤྲོད་ཡག་པོ་ཞིག་བྱེད་ཚེ་ཆོས་དེ་ཕལ་ཆེར་དུས་རབས་བརྒྱ་ཕྲག་ཁ་ཤས་རིང་གནས་ཐུབ་ཀྱི་རེད། འོན་ཀྱང་དབང་བརྟུལ་དད་པའི་རྗེས་སུ་འབྲང་ནས་ཕྱིན་ཚེ་སངས་རྒྱས་པའི་ཆོས་དེ་ཡུན་ཇི་ཙམ་རིང་པོ་གནས་མིན་བརྗོད་དཀའ་བ་རེད་ཅེས་བཀའ་སྩལ་གནང་སོང་། ཆོས་འབྲེལ་གྱི་བར་མཚམས་ཤིག་ལ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་༸གང་ཉིད་མཆོག་ལ་ནང་ཆོས་ཉམས་ལེན་གནང་ཕྱོགས་དང་། ཕུང་པོ་ལྔར་བཏགས་པའི་བདག་དོན་གང་ཡིན། རྟེན་འབྱུང་བཅས་ཀྱི་སྐོར་ལ་བཀའ་འདྲི་དགོངས་བསྐོར་ཞུས་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་གིས་དབུ་མ་བཞི་བརྒྱ་པའི་ལེའུ་དྲུག་པ་ནས་འཕྲོ་སྐྱོང་མཛད་ཡོད་པ་དང་། སང་ཆོས་འབྲེལ་ཉིན་མཐའ་མའི་ཐོག་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་པའི་སྡོམ་པ་འབོག་འཇོག་མཛད་རྒྱུ་ཡིན་འདུག

༸གོང་ས་མཆོག་གིས་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་མང་ཚོགས་ནས་འཛིན་ཡ་གལ་ཆེན་པོ་རེད་ཅེས་བཀའ་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་བཞི་བརྒྱ་པའི་བཀའ་ཆོས་ཉིན་གཉིས་པའི་ཐོག་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་མང་ཚོགས་ནས་འཛིན་ཡ་དེ་གལ་ཆེན་པོ་རེད་ཅེས་བཀའ་སྩལ་མཛད་སོང་། དེ་རིང་ཟླ་ ༡༠ ཚེས་ ༤ ཉིན་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་དད་ལྡན་མང་ཚོགས་ཆོས་ཞུ་བ་ ༦༠༠༠ བརྒལ་བར་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་ཉིན་གཉིས་པའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་༸གང་ཉིད་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་སྔོན་འགྲོའི་ཆོས་བཤད་བསྩལ་སྐབས། ༸གོང་ས་མཆོག་གིས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་མ་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་སྟེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བ་མཛད། ཅེས་སངས་རྒྱས་ཀྱི་བཀའ་ལུང་འདྲེན་མཛད་ནས་བདེན་པ་གཉིས་དང་སྡུག་བསྔལ་གྱི་རྩ་བ་ངོ་སྤྲོད་གནང་པའི་ཁྲོད།  ཆོས་ཕྱོགས་ཀྱི་ཐོག་ནས་གཞན་ལ་ཕན་བདེ་དང་གནོད་པ་མི་བྱེད་ཞེས་པ་ནི་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་ནང་དེ་ལྟར་གཅིག་མཚུངས་གསུངས་ཡོད་ནའང་། མི་འདྲ་བ་དེ་ལྟ་གྲུབ་ཀྱི་ཆ་ནས་ཡིན་པས་ནང་པའི་མང་ཚོགས་ཚོའི་ངོས་ནས་དུས་རབས་ཉེར་གཅིག་པའི་ནང་ལམ་ལུགས་སྲོལ་ལྟར་མིན་པར་སངས་རྒྱས་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་དགོས་གལ་ཡིན་པར་ལམ་སྟོན་གནང་པ་མ་ཟད། ལྷག་དོན་དགོན་པ་གྲྭ་ཚང་ནང་ལ་མི་ཉུང་ཤས་ཤིག་ནས་སློབ་སྦྱོང་བྱས་པའི་ཤེས་ཚད་ཀྱི་ནུས་པ་ཐོན་པ་མེད་དུས་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་དེ་མང་ཚོགས་ནས་འཛིན་ཡ་གལ་ཆེན་པོ་རེད་ཅེས་བཀའ་ནན་མཛད་སོང་། དེ་བཞིན་མགོན་པོ་མཆོག་གིས་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དེ་ལ་རིག་པའི་རྩལ་སྟོན་ནས་དེར་ཞིབ་འཇུག་གིས་གཏན་ལ་དབབ་རྒྱུ་ཡོད་སྟབས། དེ་ལྟ་བུའི་ལྟ་གྲུབ་དེར་སློབ་གཉེར་མ་གནང་པར་བསྡད་ན་འཕྲོག་བརླག་ཡིན་སྐོར་གསུངས་པ་དང་ཆབས་ཅིག བདག་ཅག་གི་སྟོན་པ་བཅོན་ལྡན་འདས་ལ་དད་པ་བྱེད་མཁན་ཞིག་ཡིན་ན། སངས་རྒྱས་པའི་གཞུང་དེ་དག་ལ་སློབ་སྦྱོང་མ་བྱེད་ན་ཐབས་སྐྱོ་པོ་རེད་ཅེས་བཀའ་སློབ་ཟབ་མོ་ཕེབས་སོང་། ༸གོང་ས་མཆོག་གིས་ད་ལན་གྱི་བཀའ་ཆོས་དབུ་མ་བཞི་བརྒྱ་པའི་རབ་བྱེད་དང་པོ་རྟག་འཛིན་སྤང་པའི་ཐབས་བསྟན་པ་ཆོས་འབྲེལ་དངོས་སུ་དབུ་འཛུགས་དང་འབྲེལ་ནང་པ་སངས་རྒྱས་པའི་གཞུང་ནས་གསུང་པའི་སེམས་ཁམས་རིག་པའི་གལ་གནད་སྐོར་གསུངས་པ་དང་ཆབས་ཅིག སེམས་ཀྱི་བདེ་སྐྱིད་དེ་ཕྱིའི་དངོས་པོ་ཡར་རྒྱས་བྱུང་བ་ཁོ་ནའི་དབང་གིས་ཡོང་ཐབས་མེད་པ་ཞིག་དང་། སེམས་མ་རུང་པའི་དབང་གིས་འཁྲུག་སྟབས་ད་ལྟའི་འཛམ་གླིང་འདིའི་ཐོག་མིས་མི་གསོད་པ་མཚོན་པའི་ཐབས་སྡུག་པའི་གནས་ཚུལ་ཁག་བྱུང་བཞིན་ཡོད་པ་ལུང་འདྲེན་མཛད་ནས་གལ་ཏེ་འགྲོ་བ་མི་ཀུན་གྱིས་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ནུས་པ་གོང་འཕེལ་ཡོང་བར་འབད་བརྩོན་གནང་ཚེ་དུས་རབས་ཉེར་གཅིག་པའི་སྨད་ཆར་བྱམས་བརྩེ་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ངེས་ཡིན་པ་བཀའ་སྩལ་མཛད་ཡོད་པ་རེད། ཆོས་འབྲེལ་གྱི་ཚོགས་ཐུན་དང་པོའི་བར་མཚམས་ཤིག་ལ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་བསྐོར་ཞུ་རྒྱུའི་ལས་རིམ་སྐབས་ཐེ་ཝན་དད་ལྡན་མང་ཚོགས་ནས་མགོན་པོ་མཆོག་ལ་བདག་ཅག་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བརྩི་བཞིན་ཡོད་པ་ལགས་ན། ངེད་ཅག་ཚོས་༸གང་ཉིད་མཆོག་གི་སྐྱབས་འོག་ལས་ནམ་ཡང་མི་དོར་བ་དང་རྗེས་སུ་འཛིན་ཕྱིར་རྒྱུ་ཚོགས་གང་བསག་དགོས་སམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་བཀའ་ལན་དུ་ངོས་ནས་རང་ཉིད་རྩ་ཆེར་ངོས་འཛིན་ཞུ་ཡི་མེད་ཅེས་བཀའ་བསྩལ་དང་འབྲེལ། སངས་རྒྱས་པའི་གཞུང་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་དེ་དངོས་གནས་རྩ་ཆེན་ཞིག་ཡིན་སྟབས། དེར་བརྟེན་པའི་བྱང་སེམས་དང་སྟོང་ཉིད་ཀྱི་ལྟ་བགཉིས་པོ་ལ་བསམ་བློ་ཐོངས་དགོས་པའི་ལམ་སྟོན་མཛད་ཡོད་པ་རེད།

༸གོང་ས་མཆོག་གིས་བཞུགས་སྒར་དུ་དབུ་མ་བཞི་བརྒྱ་པའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དད་ཡོད་མེད་ལ་ལྟོས་མེད་འཛམ་གླིང་འདི་བདེ་བ་དང་སྐྱིད་པ་ཞིག་དགོས་ཡ་ཚང་མའི་འོས་འགན་རེད་ཅེས་བཀའ་བསྩལ་སོང་། དེ་རིང་ཟླ་ ༡༠ ཚེས་ ༣ ཉིན་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ནང་པའི་དད་ལྡན་པ་གཙོས་རྒྱལ་ཁབ་ ༦༥ ནས་མང་ཚོགས་ཆོས་ཞུ་བ་ ༥༧༠༠ བརྒལ་བར་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་༸གང་ཉིད་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་སྔོན་འགྲོའི་ཆོས་བཤད་བསྩལ་སྐབས། རྣམ་ཀུན་ང་ཚོས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མཐའ་ཡས་པ་དེ་དག་ཐམས་ཅད་བདེ་བ་ཡོང་བ་ཤོག་ཅེས་སྨོན་ལམ་འདེབས་བཞིན་ཡོད་སྐོར་དང་འབྲེལ་བཀའ་སྩལ་གནང་པར་སྡུག་སྔལ་ཉུང་དུ་གཏོང་བའི་ཐབས་ལམ་གཙོ་བོ་ནི། སེམས་ལ་བཟོ་བཅོས་བརྒྱབ་རྒྱུ་དེ་ཡིན་ཅིང་། དེའི་ནུས་པ་དང་རྣམ་དཔྱོད་ནི་མི་ལ་མ་གཏོགས་སེམས་ཅན་དུད་འགྲོ་ཚོར་མེད་སྟབས། སེམས་ཅན་ཐམས་ཅད་བདེ་བར་ཤོག་ཅེས་པའི་སྨོན་ལམ་དེ་མཐར་ཐུག་ན་འཛམ་གླིང་དེའི་སྟེང་ཡོད་པའི་འགྲོ་བ་མི་ཐེར་འབུམ་ ༧ ཡོད་པ་དེ་དག་ཚང་མ་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕན་ཐོགས་བྱ་རྒྱུ་དེ་ཡིན་པ་བཀའ་བསྩལ་པ་མ་ཟད། དེ་ཡང་ནང་པ་དང་ཆོས་པས་གནང་མི་དགོས་པར་འགྲོ་བ་མི་ཀུན་ནས་གནང་ཐུབ་རྒྱུའི་གོ་སྐབས་ཤིག་ཡོད་པ་བཀའ་སྩལ་སོང་། ད་དུང་མགོན་པོ་མཆོག་གིས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་ཡོང་བར་འགྲོ་བ་མིའི་རྒྱུད་ཀྱི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་དེའི་རང་བཞིན་གོང་འཕེལ་གཏོང་དགོས་གལ་ཡིན་པ་དང་། དེ་ཡང་གཙོ་བོ་ཆོས་ཐོག་ནས་མིན་པར། ཤེས་ཡོན་རང་གི་ཐོག་ནས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་དགེ་མཚན་ཇི་ཡོད་སློབ་གསོ་སྤྲོད་རྒྱུ་དེ་ཆགས་ཡོད་པ་བཀའ་སྩལ་མཛད་པ་དང་ཆབས་ཅིག  ལྷག་པར་དུ་ད་ལྟའི་འཛམ་གླིང་འདིའི་སྟེང་ཞི་བདེ་བསྐྲུན་མཁན་དེ་མི་ཡིན་པས་ཞི་བདེ་ཡོང་བར་མིས་འབད་བརྩོན་གནང་དགོས་པ་ལས་དེ་མིན་སྨོན་ལམ་འདེབས་པ་ཙམ་གྱིས་ཡོང་ཐབས་མེད་པ་ཞིག་ཡིན་སྟབས། ཆོས་དད་ཡོད་མེད་ལ་ལྟོས་མེད་འཛམ་གླིང་འདི་བདེ་བ་དང་སྐྱིད་པ་ཞིག་ཡོང་བར་ཚང་མའི་འོས་འགན་རེད་ཅེས་བཀའ་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་འཛམ་གླིང་འདིའི་སྟེང་ཆོས་ལུགས་ཕན་ཚུན་དབར་གུས་ཞབས་དང་མཐུན་སྒྲིལ་གནང་དགོས་པ་དང་། དེ་ལྟར་གནང་ཐུབ་པ་ཞིག་ཡིན་སྐོར་བཀའ་ནན་བསྩལ་ཡོད་པ་རེད། ཉིན་བཞིའི་རིང་གི་གསུང་དེ་ཏཱ་ལའི་བླ་མའི་དྲ་རྒྱ་ཐོག་ཐད་གཏོང་གནང་པ་མ་ཟད། དེའང་བོད་སྐད། རྒྱ་སྐད་དང་། དབྱིན་སྐད། རུ་སུ་སྐད། ཧིན་སྐད། ཀོ་ར་ཡ་སྐད་དང། ཝི་ཏེ་ནམ་སྐད་བཅས་སྐད་རིགས་འདྲ་མིན་བདུན་ཐོག་གསུང་སྒྱུར་གནང་གི་ཡོད་པ་རེད།     རྩ་བའི་༸གོང་ས་མཆོག་ལ་བཀའ་ཆོས་སྩལ་གནང་ཡོང་བའི་གསལ་འདེབས་ཞུ་མཁན་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་པ་དེས་ལོ་ཤས་ནས་བཞུགས་སྒར་དུ་ཐེ་ཝན་ནང་ཡོད་པའི་ནང་པའི་དད་ལྡན་ཚོར་དམིགས་ཏེ་༸གོང་ས་མཆོག་གི་གསུང་ཆོས་གོ་སྒྲིག་གནང་འགོ་བཙུགས་ཡོད་པ་རེད།  ད་རེས་གསུང་ཆོས་དེའི་ཐོག་ཐེ་ཝན་དང་རྒྱ་ནག་སྐམ་ཆེན་པོ་བཅས་ནས་རྒྱ་རིགས་ནང་པའི་དད་ལྡན་ཆོས་ཞུ་བ་ ༡༡༠༠ ལྷག་ཆེད་བཅར་ཞུས་འདུག  

༸གོང་ས་མཆོག་གིས་སྐུ་ཞབས་ Shimon Peres མཆོག་དམ་པ་དེ་ཉིད་འདས་གྲོངས་སུ་གྱུར་བར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཁ་སང་ཟླ་ ༩ ཚེས་ ༢༨ ཉིན་ནོ་བེལ་ཞི་བདེ་གཟེགས་རྟགས་བཞེས་མྱོང་མཁན་དང་ཨི་སེ་རལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Shimon Peres མཆོག་ཀླད་རྩའི་གྲིབ་སྐྱོན་ཕོག་རྐྱེན་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་པར་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Peres ཞི་བདེའི་ཐེབས་རྩ་ཁང་གི་འགན་འཛིན་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེའི་ནང་ངོས་རང་སྐུ་ཞབས་པེ་རེས་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་སྐབས་ཧ་ཅང་བློ་ཕམ་བྱུང་། ངོས་ཀྱིས་ཆེས་དཀའ་བའི་དུས་སྐབས་འདིར་དམ་པ་ཁོང་ལ་བསྔོ་སྨོན་ཞུ་རྒྱུ་དང་། དེ་བཞིན་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་ཡོད་ཅེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་དེ་ཉིད་ཀྱིས་དེ་སྔ་ Israel དང་ Palestine གཉིས་དབར་ཞི་འཇམ་ཡོང་ཐབས་སུ་ཞི་བདེ་བསྐྲུན་ཐབས་ཆེད་འབད་བརྩོན་གནང་པ་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུས་ཡོད་ལ། དམ་པ་ཁོང་གིས་འབད་པ་ཆེན་པོས་ཞི་བདེ་སྐྲུན་འབྲས་སུ་ཕྱི་ལོ་ ༡༩༩༣ ལོར་ Israel དང་ Palestine གཉིས་དབར་དེ་བྱུང་གི་རང་བཞིན་ལྡན་པའི་ཨོས་ལོ་ཞི་བདེའི་གྲོས་མཐུན་འཇོག་ཐུབ་ཡོད་པ་གསུངས་འདུག དེ་བཞིན་གསུང་འཕྲིན་དེའི་ནང་། དམ་པ་དེ་ཉིད་ནི་རྣམ་ཀུན་ནས་ནང་འགྲིགས་གནང་རྒྱུ་གནད་ཆེར་འཛིན་མཁན་ཞིག་ཡིན་པ་གསུངས་པ་དང་ཆབས་ཅིག Peres དམ་པ་ཁོང་གིས་ Israel དང་ Palestine རྒྱལ་ཁབ་གཉིས་པོ་ས་བབ་ཀྱི་ཆ་ནས་ཆེས་ཉེ་བའི་ཁྱིམ་མཚེས་རྒྱལ་ཁབ་གཅིག་ཡིན་སྟབས། མ་འོངས་པར་ཆེས་ཉེ་བའི་མཛའ་གྲོགས་ཤིག་ཡོང་བར་རེ་སྨོན་གནང་པ་ལུང་འདྲེན་གྱིས་༸གང་ཉིད་མཆོག་གིས་ཀྱང་དེ་ལྟར་ཡོང་བར་ཐུགས་སྨོན་ཡོད་པ་གསུངས་འདུག རྩ་བའི་སྐུ་ཞབས་ Shimon Peres མཆོག་ནི་ཨི་སེ་རེལ་གྱི་སྲིད་འཛིན་ཟུར་པ་དང་། ཕྱི་ལོ་ ༡༩༧༧ ལོར་ཨེ་སི་རེལ་སྲིད་བློན་ལས་ཚབ་གནང་པ་དང་། དེ་རྗེས་ཁོང་སླར་ཨེ་སི་རེལ་གྱི་སྲིད་བློན་ཐེངས་གཉིས་གནང་པ་མ་ཟད། ཁོང་གིས་ཕྱི་ལོ་ ༢༠༠༧ ནས་ ༢༠༡༤ བར་ཨེ་སི་རེལ་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་རེད།  དམ་པ་ཁོང་གིས་དེ་སྔོན་ ༡༩༩༤ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་ཡོད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལན་ཁ་ཤས་རིང་མཇལ་འཕྲད་གནང་མྱོང་པ་རེད། ༸གོང་ས་མཆོག་གིས་ངོས་རང་དམ་པ་ཁོང་དང་ས་གནས་འདྲ་མིན་ནང་ལན་ཁ་ཤས་རིང་མཇལ་མྱོང་ཡོད་པ་མ་ཟད། མཇལ་འཕྲད་མཐའ་མ་དེ་ཕྱི་ལོ་ ༢༠༠༦ ལོར་ཇོར་ཌན་དུ་ང་ཚོ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱི་ཞི་བདེའི་ལྷན་ཚོགས་ཤིག་ཚོགས་པ་དང་། ལྷན་ཚོགས་དེའི་ཐོག་ཞི་བདེའི་དབུ་ཁྲིད་རྣམས་དང་། དེ་བཞིན་རྣམ་དཔྱོད་ལྡན་པའི་སྐྱེ་བོ་ཁག་ཅིག་མཉམ་ཞུགས་ཀྱིས་གོ་ལ་སྤྱིའི་ངལ་བ་སེལ་ཐབས་ཐོག་བཀའ་བསྡུར་གནང་རྒྱུ་བྱུང་ཡོད་ཅེས་གསུངས་འདུག

༸གོང་ས་མཆོག་ ༢༠༠༠ གླེང་སྟེགས་ཀྱི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ Latvia དང་ Swiss ནང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས། Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ཚོགས་གཏན་འཁེལ་བའི་ Forum 2000 ཞེས་ ༢༠༠༠ གླེང་སྡེགས་ཀྱི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག དེ་ཡང་ཁ་སང་ཚེས་ ༢༧ ཉིན་ Prague Daily Monitor ཞེས་པའི་བརྒྱུད་ལམ་གྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༡༦ ལོའི་ ༢༠༠༠ གླེང་སྟེགས་དེ་ Prague ནང་དུ་ཟླ་བ་རྗེས་མའི་ཚེས་ ༡༦ ནས་དབུ་འཛུགས་ཀྱིས་ཚེས་ ༡༩ བར་ཚོགས་གཏན་འཁེལ་ཡོད་པ་ལྟར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གླེང་སྟེགས་དེའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱང་གནང་གིས་གནད་ཡོད་མི་སྣ་ཁག་ཅིག་ལ་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད་འདུག གླེང་སྡེག་འདིའི་ཐོག་ལོ་ལྟར་འཛམ་གླིང་ཁྱོན་ཡོངས་ནས་ཆབ་སྲིད་དང་ཤེས་ཡོན། ཚོང་ལས་བཅས་ཀྱི་ལས་རིགས་འདྲ་མིན་གི་དབུ་ཁྲིད་གྲགས་ཅན་འདུ་འཛོམས་གནང་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་དོན་མང་གཙོ་གོང་འཕེལ་ཆེད་ཤེས་ཡོན་གྱི་གལ་གནད་བཅས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་རྒྱུ་དང་། ༸གོང་ས་མཆོག་ནས་དེ་སྔོན་གླེང་སྟེགས་དེའི་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་མཛད་མྱོང་ཡོད་པ་རེད། ཟླ་ ༡༠ ཚེས་ ༡༩ ཉིན་ Oliver Adam ལགས་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་ལོ་བརྒྱད་ཙམ་རིང་ཕྱག་ལས་གནང་པའི་ཁྲོད། བོད་པའི་བཙུན་མའི་མི་ཚེའི་སྐོར་དཔར་སྐྲུན་གནང་ཞུས་པའི་ Daughters of Buddha ཞེས་པའི་པར་རིགས་འགྲེམས་སྟོན་ཞིག་ཀྱང་གནང་འཆར་འདུག འགྲེམས་སྟོན་འདི་བཞིན་ Forum 2000 གླེང་སྟེགས་ཀྱི་ར་བའི་ནང་དུ་གནང་རྒྱུ་ཡིན་པ་དང། ལོ་རྗེས་མའི་ཕྱི་ཟླ་ ༢ ཚེས་ ༢༨ བར་གནང་གཏན་འཁེལ་འདུག འགྲེམས་སྟོན་འདི་བཞིན་བོད་པའི་སློབ་ཕྲུག་དང་བགྲེས་སོང་།  དེ་བཞིན་གྲྭ་བཙུན་རྣམས་ཀྱི་ཤེས་ཡོན་དང་བདེ་དོན་ཆེད་དུ་ཕྱག་ལས་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པ་གཅིག་གིས་མཐུན་འགྱུར་འོག་གནང་པ་ཞིག་དང། གཞན་ཡང་པར་རིགས་ཚོང་འགྲེམས་གནང་སྐབས་དངུལ་འབོར་ཇི་བྱུང་རྣམས་ཚོགས་པ་དེའི་ཕྱག་ལས་ཐོག་བེད་སྤྱོད་གཏང་རྒྱུ་ཡིན་པ་འཁོད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

 བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་གསུམ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང། དེ་རིང་ཟླ་ ༩ ཕྱི་ཚེས་ ༢༣ སྔ་དྲོ་ཚོུད་ ༩།༠༠ ཙམ་ལ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་གཞུང་འབྲེལ་དང་གཞུང་མིན་པའི་ཚོགས་ཁག་གི་གནད་ཡོད་མི་སྣ་སོགས་ཆེད་བཅར་གྱིས་ཕེབས་བསུ་ཞུས་པ་དང་། བཞུགས་སྒར་ཕེབས་ལམ་གྱི་གཡས་གཡོན་དུ་སྲི་ཞུ་ལས་བྱེད་གཙོས་ས་གནས་བོད་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་སོགས་བསྣམས་ཏེ་༸གང་ཉིད་མཆོག་ལ་ཕེབས་བསུ་ཞུས་པ་མ་ཟད། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམས་ནས་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་དུག་སྤོས་བཅས་བསྣམས་ཏེ་དགའ་དད་ཆེན་པོས་མགོན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། གཞི་རྩའི་མགོན་པོ་༸གང་ཉིད་མཆོག་ད་རེས་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་དང་ཕ་རན་སི། པོ་ལན་ཌི་བཅས་ཀྱི་ཁུལ་དུ་ཟླ་འདིའི་ཚེས་ ༦ ཉིན་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༣ བར་ཁྱོན་གཟའ་འཁོར་གཉིས་ལྷག་རིང་མཛད་འཕྲིན་བསྐྱངས་པའི་ཁྲོད། གཙོ་བོ་ཕྱི་ཚེས་ ༨ ཉིན་ཁུལ་དེའི་རྒྱལ་ས་སྦར་སིལ་ནང་དུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་དབུ་འབྱེད་ཀྱི་མཛད་སྒོར་ཚོགས་མགོན་དུ་དབུ་བཞུགས་མཛད་པ། དེ་རྗེས་ཚེས་ ༩ ནས་དབུ་འཛུགས་ཀྱིས་ཚེས་ ༡༡ བར་ཁུལ་དེའི་བྷོ་ཛར་སྒྱུ་རྩལ་བསྟི་གནས་ཁང་དུ་ཡུ་རོབ་སེམས་དང་སྲོག་གི་ལྷན་ཚོགས་ཐོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་གནང་མཛད།  དེ་བཞིན་ས་གནས་མང་ཚོགས་དང་། བོད་རིགས་བཅས་ཁག་སོ་སོར་བཀའ་སློབ་བསྩལ་བ་མ་ཟད།   ༸གོང་ས་མཆོག་གིས་བྷེལ་ཇམ་གྱི་ RTBF བརྙན་འཕྲིན་གསར་ཁང་གི་བཅར་འདྲི་དང་ལེན་གྱིས་འཛམ་གླིང་འདི་བྱམས་བརྩེ་ལྡན་པ་ཞིག་ཡོང་བར་གཙོ་བོ་ཤེས་ཡོན་སློབ་གསོ་ལ་ཐུག་ཡོད་པ་ལམ་སྟོན་བསྩལ་ཡོད། དེ་རྗེས་ཚེས་ ༡༢ ཉིན་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་རྟེན་གཞི་བྱས་པའི་ Louvain གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་ཆིབས་སྒྱུར་གྱིས་དབུ་བཞུགས་མཛད་ཡོད་པ་དང་། དེ་ཉིན་ཉི་རྒྱབ་ཏུ་༸གོང་ས་མཆོག་གིས་བྷེལ་ཇམ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་ཀྱིས་ཧྥ་རན་སིའི་རྒྱལ་ས་ Paris ནང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ༸གང་ཉིད་མཆོག་གིས་ཕྱི་ཚེས་ ༡༣ དང་། ༡༤ བཅས་ཉིན་གཉིས་རིང་བོད་རིགས་ ༣༥༠༠ སྐོར་ཞིག་ལ་ཟུར་དུ་བཀའ་སློབ་བཀྲིན་བསྩལ།  བཟོད་སྒོམ་དང་གུས་བརྩི་ཞེས་པའི་བརྗོད་གཞིའི་འོག་གོ་སྒྲིག་ཞུས་པའི་ཆོས་ལུགས་མཐུན་འབྲེལ་ལྷན་ཚོགས་ཐོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་བ་དང་། དེ་བཞིན་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཚེས་ ༡༩ བར་ཧྥ་རན་སའི་ Strasbourg གྲོང་ཁྱེར་དུ་བོད་ཀྱི་ནང་ཆོས་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ཁུལ་དེའི་དད་ལྡན་མང་ཚོགས་ལ་དཔལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་བ་དང་། ༸གང་ཉིད་མཆོག་གིས་ཡོ་རོབ་གྲོས་ཚོགས་ནང་ཆིབས་སྒྱུར་གྱིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Martin Schulz མཆོག་དང་མཇལ་འཕྲད་གནང་པ་མ་ཟད། བོད་མིའི་རང་དབང་འཐབ་རྩོད་ཀྱི་བརྒྱུད་དང་འབྲེལ་རང་ལུས་མེ་སྲེག་གི་ལས་འགུལ་སྤེལ་བ་མཐའ་དག་གཞན་ལ་གནོད་འཚེ་མེད་པར་ཞི་བའི་ཐབས་ལམ་གྱི་སྒོ་ནས་རྒྱུན་སྐྱོང་གནང་བཞིན་ཡོད་སྐོར་བཀའ་སྩལ་བ་དང་། མ་འོངས་པར་ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་གཞུང་གི་འགོ་ཁྲིད་ཚོ་དང་མཇལ་མོལ་བྱུང་ཚེ། ཁྱེད་ཚོས་བོད་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་དོན་གང་ཡིན་གྱི་རྒྱུ་མཚན་འགྲེལ་བརྗོད་གནང་དགོས་གལ་ཡིན་པ་གཞེན་སྐུལ་གནང་པ་དང་། དེ་ལྟར་བྱུང་བ་ཡིན་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་བཅས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་པོ་ལན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ ༢༠ དང་མཇལ་འཕྲད་ཀྱིས་བཀའ་སློབ་བཀྲིན་བསྩལ། དེ་རྗེས་ཚེས་ ༢༠ ཉིན་མགོན་པོ་མཆོག་གིས་ Wcrolaw གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་ནས་གསོལ་འདེབས་ཕུལ་བ་ལྟར་པོ་ལན་ཌིའི་ Wroclaw གྲོང་ཁྱེར་དེ་ ༢༠༡༦ ལོའི་ཡུ་རོབ་རིག་གཞུང་གི་རྒྱལ་སར་འདེམས་ཐོན་བྱུང་བའི་གཞུང་འབྲེལ་མཛད་སྒོའི་ཐོག་དབུ་བཞུགས་གནང་པ་དང་འབྲེལ་བཀའ་སློབ་བཀའ་འདྲིན་བསྩལ་བའི་ཁྲོད། གྲོང་ཁྱེར་དེའི་གཞུང་མང་གཉིས་ནས་ ༢༠༡༦ ལོའི་དུས་ཡུན་དེའི་ནང་གྲོང་ཁྱེར་དེ་གར་གནས་སྡོད་རྒྱལ་ཁབ་འདྲ་མིན་དང་ཆོས་ལུགས་འདྲ་མིན་ནང་ཕན་ཆུལ་དབར་མཐུན་སྒྲིལ་དང་ཆིག་སྒྲིལ་གྱི་བློ་གོང་འཕེལ་གཏང་ཐུབ་ཚེ། ཁྱེད་ཚོས་ཡུ་རོབ་རིག་གཞུང་གི་རྒྱལ་སའི་ཆ་ནས་འཛམ་གླིང་གི་སྤྱི་ཚོགས་འདིར་དོན་དམ་གྱི་ལེགས་སྐྱེས་ཤིག་ཕུལ་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་གནང་ཡོད་པ་རེད། ཕྱི་ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་པོ་ལན་ཌིའི་ Wroclaw གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ ༥༠ སར་ཆགས་པའི་  Swidnica གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་བདེའི་ལྷ་ཁང་ Church of Peace ཞེས་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང། ཚན་རིག་བཅས་ཀྱི་ལྷན་ཚོགས་འཛམ་གླིང་གཅེས་ནོར་དུ་ངོས་འཛིན་ཡོད་པའི་ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་གྱིས་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་དང་། ཞི་བདེའི་གོང་འཕེལ་ཐོག་ཤུགས་སྣོན་སྐྱོན་དགོས་པའི་སྤྱི་བསྒྲགས་ཐོག་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་གནང་མཛད་པ་མ་ཟད།  དེ་རྗེས་ Wroclaw ནང་དུ་༸གང་ཉིད་མཆོག་གི་བཞུགས་གནས་མགྲོན་ཁང་དུ་ The Book of Joy ཞེས་༸གོང་ས་མཆོག་དང་༸གང་ཉིད་ཀྱི་མཛའ་གྲོགས་ Desmond Tutu མཆོག་གི་ལྷན་དུ་ལྗགས་རྩོམ་མཛད་པའི་ཕྱག་དེབ་དབུ་བྱེད་དང་འབྲེལ་ཨ་རི་དང་ཨིན་ཡུལ་གྱི་བརྒྱུད་ལམ་གཉིས་ཀྱི་བཅར་འདྲིའི་ལས་རིམ་ཞིག་ཐོག་དབུ་བཞུགས་མཛད་གནང་ཡོད། རྩ་བའི་༸གོང་ས་མཆོག་དེ་རིང་ཟླ་ ༩ ཚེས་ ༢༢ ཉིན་གྱི་སྔ་ཐོག་ Wroclaw གྲོང་ཁྱེར་སྤྱི་ཁྱབ་དང་ཁུལ་དེའི་གནད་ཡོད་མི་སྣ་ཁག་ཅིག་གིས་གནམ་ཐང་བར་ཕེབས་སྐྱེལ་ཞུས་ཐོག་༸གང་ཉིད་མཆོག་དང་སྐུ་འཁོར་ལྷན་རྒྱས་ Wroclaw ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་ ༡༠ ཚེས་ ༣ ནས་ ༦ བར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་གསུང་ཆོས་སྩལ་རྒྱུ། དེ་རྗེས་ཚེས་ ༡༤ ནས་དབུ་འཛུགས་ཀྱིས་ Baltic མཚོ་མཐའི་རྒྱལ་ཁབ་ Latvia རྒྱལ་ས་ Riga དང་། Swiss གྲོང་ཁྱེར་ Zurich དེ་བཞིན་ Italy གྲོང་ཁྱེར་ Milan བཅས་ཀྱི་ནང་དུ་ཆོས་འབྲེལ་དང་བཀའ་སློབ་བཅས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་ཡོད་པ་རེད།

༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཞེས་པ་དེ་གཙོ་བོ་ནང་སེམས་ཀྱི་ཞི་བདེ་ཐོག་ནས་བསྐྲུན་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལན་ཌིའི་ Wroclaw གྲོང་ཁྱེར་གྱི་ཞི་བདེ་ལྷ་ཁང་དུ་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་ཆིབས་སྒྱུར་གྱི་དབུ་བཞུགས་མཛད་པ་དང་འབྲེལ། ཞི་བདེ་ཞེས་པ་དེ་ཆོས་གཅིག་པོའི་ཐོག་ནས་ཡོང་ཐབས་མེད་པ་དང་དེ་གཙོ་བོ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་བསྐྲུན་དགོས་གལ་ཡིན་པ་བཀའ་སྩལ་གནང་འདུག དེའང་ཁ་སང་ཟླ་ ༩ ཚེས་ ༢༡ སྟེ་རྒྱལ་སྤྱིའི་ཞི་བདེ་ཉིན་མོ་དང་བསྟུན་པོ་ལན་ཌིའི་ Swidnica གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་བདེའི་ལྷ་ཁང་ནང་དུ་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང། མཛད་སྒོ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ Catholic དང་། Protestant བཅས་ཡི་ཤུའི་ཆོས་བརྒྱུད་ཆེན་པོ་གཉིས་དང་ཁ་ཆེ། དེ་བཞིན་ Jew དང་། ནང་པ་སོགས་ཆོས་ལུགས་འདྲ་མིན་གྱི་དབུ་བླ་དང་ Swidnica གྲོང་ཁྱེར་སྤྱི་ཁྱབ་དང་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༥༠༠ ཡས་མས་ཤིག་ལྷན་འཛོམས་གནང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ངོས་རང་དེ་རིང་འདིར་ཞི་བདེ་སྲུང་བརྩི་ཞུ་རྒྱུའི་དུས་ཚིགས་ཁྱད་པར་ཅན་གྱི་ཐོག་བཅར་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ།  འཛམ་གླིང་ཞི་བདེ་ཞེས་པ་དེ་སྨོན་ལམ་བཏབ་པ་ཁོ་ན་མིན་པར་གཙོ་བོ་ནང་སེམས་ཀྱི་ཞི་བདེ་བརྒྱུད་ནས་བསྐྲུན་དགོས་པ་ལས། འཇིགས་སྣང་དང་ང་རྒྱལ་གྱི་ཚོར་བའི་ཐོག་ནས་བསྐྲུན་ཐབས་མེད་པ་དང། ལྷག་པར་དུ་འཛམ་གླིང་ཞེ་བདེ་ལྡན་པ་ཞིག་བསྐྲུན་མཁན་དེ་འགྲོ་བ་མི་རང་ཉིད་ཡིན་སྟབས། ཞི་བདེ་བསྐྱར་གསོ་བྱེད་མཁན་དེའང་འགྲོ་བ་མི་རང་ཉིད་ཡིན་དགོས་པ་དང།  ཞི་བདེ་བསྐྱར་གསོ་ཡོང་བར་ཐབས་ཤེས་གནང་ཟིན་རྗེས་སླར་དཀའ་ངལ་རིགས་མུ་མཐུད་འཕྲད་ངེས་ཡིན་པ་རེད།  དཀའ་ངལ་དེ་དག་འཚེ་བའི་ཐོག་ནས་མ་ཡིན་པར་ཐབས་ལམ་གཞན་གྱི་ཐོག་ནས་སེལ་དགོས་གལ་ཡིན་པར་བཀའ་སྩལ་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་ཁག་ཕན་ཚུལ་དབར་མཐུན་འབྲེལ་གནང་གལ་ཆེ་བ་དང་། གོ་ལ་འདིིའི་ཐོག་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་དབུ་བླ་རྣམ་པས་ཀྱང་ཞི་བདེ་བསྐྲུན་པར་ཐུགས་བཞེས་གནང་གལ་ཡིན་པ་བཀའ་སྩལ་བ་མ་ཟད་། ༸གང་ཉིད་མཆོག་གིས་ཞི་བདེ་གོང་འཕེལ་ཐོག་ཤུགས་སྣོན་སྐྱོན་དགོས་པའི་སྤྱི་བསྒྲགས་ཐོག་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་གནང་མཛད་འདུག ༸གོང་ས་མཆོག་གིས་ Swidnica གྲོང་ཁྱེར་ནང་གི་ཞི་བདེ་ལྷ་ཁང་དུ་མཛད་འཆར་ལེགས་པར་གྲུབ་རྗེས། ༸གོང་ས་མཆོག་ Wroclaw ཕྱོགས་སུ་ཕྱིར་ཕེབས་གནང་སྐབས་ཕེབས་ལམ་དུ་ Swidnica གྲོང་ཁྱེར་གྱི་ཡི་ཤུའི་ཆོས་དཔོན་ Bishop Ignacy Dec མཆོག་གིས་གདན་ཞུ་ལྟར་ཆོས་དཔོན་ཁོང་གི་ལྷ་ཁང་དུ་གནས་གཟིགས་ཕེབས་གནང་མཛད་འདུག དེ་རྗེས་ Wroclaw ནང་དུ་༸གང་ཉིད་མཆོག་གི་བཞུགས་གནས་མགྲོན་ཁང་དུ་ The Book of Joy ཞེས་༸གོང་ས་མཆོག་དང་༸གང་ཉིད་ཀྱི་མཛའ་གྲོགས་ Desmond Tutu མཆོག་གི་ལྷན་དུ་ལྗགས་རྩོམ་མཛད་པའི་ཕྱག་དེབ་དབུ་བྱེད་དང་འབྲེལ་ཨ་རི་དང་ཨིན་ཡུལ་གྱི་བརྒྱུད་ལམ་གཉིས་ཀྱི་བཅར་འདྲིའི་ལས་རིམ་ཞིག་ཐོག་དབུ་བཞུགས་མཛད་གནང་འདུག རྩ་བའི་དེ་རིང་ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་ཐོག་ Wroclaw གྲོང་ཁྱེར་སྤྱི་ཁྱབ་དང་ཁུལ་དེའི་གནད་ཡོད་མི་སྣ་ཁག་ཅིག་གིས་གནམ་ཐང་བར་ཕེབས་སྐྱེལ་ཞུས་ཐོག་༸གང་ཉིད་མཆོག་དང་སྐུ་འཁོར་ལྷན་རྒྱས་ Wroclaw ནས་མཁའ་ལམ་བརྒྱུད་རྒྱ་གར་ཕྱོགས་སུ་ཆིབས་ཞལ་སྒྱུར་གནང་མཛད་འདུག

Latest news