Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

གཞོན་སྐྱེས་ཚོས་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་དགོས།

དེ་རིང་སྔོ་དྲོ་སྟེ། ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་རྒྱ་བརྒྱུད་ནས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ British School ཞེས་པའི་ཨིན་ཇིའི་སློབ་གྲྭའི་གསོལ་འདེབས་ཞུས་དོན་ལྟར་བདེ་ཐང་དང་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་བ་མ་ཟད།  སློབ་ཕྲུག་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་གནང་ཁག་ལ་བཀའ་ལན་སྩལ་སོང་།

༸གོང་ས་མཆོག་འདི་ལོའི་རྒྱ་གར་མང་གཙོའི་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་དགོས་པའི་གཞེན་སྐུལ།

རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱིས་རྒྱ་གར་གྱི་མང་གཙོའི་དུས་ཆེན་དང་འབྲེལ་རྩོམ་ཡིག་ཞིག་སྤེལ་ཏེ་རྒྱ་གར་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་མང་གཙོའི་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཕུལ་དགོས་པའི་གཞེན་སྐུལ་གནང་འདུག ཁ་སང་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱི་རྩོམ་སྒྲིག་པའི་གླེང་བརྗོད་ཐོག་རྩོམ་ཡིག་ཞིག་སྤེལ་བར་གཞིགས་ཚེ་ད་ཆ་ཏོག་དབྱིབས་གཉན་རིམས་དེ་འཛམ་གླིང་ཁྱོན་ལ་ཁྱབ་གདལ་བྱུང་ནས་ལོ་གཅིག་ལྷག་འགྲོ་མུས་ཁྲོད་འདི་ལོའི་རྒྱ་གར་མང་གཙོ་དབུ་བརྙེས་པའི་ཉིན་མོར་སྐུ་མགྲོན་གཙོ་བོ་མེད་པ་དང་སྐུ་མགྲོན་གཙོ་བོ་མེད་པའི་མཛད་སྒོ་ནི་མཛད་སྒོར་སྟངས་འཛིན་གནང་མཁན་མེད་པ་ལྟ་བུ་ཞིག་འགྱུར་རྒྱུ་མ་ཟད། རྒྱ་གར་མི་མང་ལ་བརྙན་འཕྲིན་བརྒྱུད་སྐུ་མགྲོན་གཙོ་ཞིག་ཉེར་བར་མཁོ་བ་ཡིན་པ་བཅས་འགྲེལ་བརྗོད་གནང་སྟེ་རྒྱ་གར་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་མང་གཙོའི་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཕུལ་དགོས་པའི་གཞེན་སྐུལ་གནང་འདུག ད་དུང་རྩོམ་ཡིག་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་ལ་དགའ་ཞེན་ཆེན་པོ་ཡོད་ཅིང་། རྒྱ་གར་གྱི་མང་གཙོ་དབུ་བརྙེས་པའི་དུས་ཆེན་ཐེངས་ ༩ པ་ནས་རྒྱ་གར་ནང་༸སྐུ་བཞུགས་ཡོད་པར་མ་ཟད། མགོན་པོ་༸གང་ཉིད་མཆོག་ཀྱི་བཞུགས་གནས་དྷརྨ་ས་ལ་འདི་རྒྱལ་ས་ལྡི་ལི་ནས་དེ་ཙམ་ཐག་རིང་པོ་མེད་སྟབས། མགོན་པོ་༸གང་ཉིད་མཆོག་ལ་མཛད་སྒོ་དེའི་ཐོག་མགྲོན་གྱི་གཙོ་བོར་གློ་བུརཐོག་གདན་ཞུ་གསོལ་འདེབས་ཞུས་ཚེ་༸གོང་ས་མཆོག་དགོངས་པ་འཚོམས་ཀྱི་མ་རེད་ལ། མཛད་སྒོའི་ཐོག་གདན་ཞུ་གནང་རྒྱུའི་སྐུ་མགྲོན་གཙོ་བོ་དེ་ངེས་པར་དུ་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་པར་མ་ངེས་སྟབས། རང་བཞིན་བཟང་པོ་དང་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་ཆེས་གུས་བཀུར་ཞུ་ཡུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཐེངས་འདིའི་མང་གཙོ་དུས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེས་ཤིན་ཏུ་ནས་འོས་ཤིང་འཚམས་པ་ཞིག་ཡིན་པར་བརྟེན་རྒྱ་གར་དབུས་གཞུང་གིས་གནད་དོན་དེ་འབྲེལ་ཐུགས་ཐག་གཅོད་པར་སྲིད་གཞུང་གཞན་གྱི་རྣམ་འགྱུར་ལ་མ་ལྟོས་མར་མགོན་པོ་༸གང་ཉིད་མཆོག་ངེས་པར་དུ་གནད་དུ་ཕུལ་དགོས་ཞེས་གཞེན་སྐུལ་བསྐྱར་ནན་གནང་འདུག རྩོམ་སྒྲིག་པའི་གླེང་བརྗོད་ཐོག་སྤེལ་བའི་གནས་ཚུལ་དེ་དང་འབྲེལ་ནས་བོད་མི་མང་དག་ཅིག་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དགའ་བསུ་ཞུས་ཡོད་པ་མཇལ་རྒྱུ་ཡོད་པ་དང་། ལྷག་དོན་རྩོམ་ཡིག་དེའི་གཤམ་མཆན་དུ་སྐུ་ཞབས་ Basant Raj Bhandari ལགས་ཀྱིས་རྒྱ་གར་གྱི་དཔལ་འབྱོར་དུས་བབ་གྱིས་༸གོང་ས་མཆོག་གདན་ཞུ་དགོས་པའི་འབོད་སྐུལ་དེར་རྒྱབ་སྐྱོར་གནང་བ་དང་སྦྲགས་ཏེ་དེ་ནི་ཆེས་ལེགས་པའི་དགོངས་འཆར་ཞིག་རེད་འདུག་ཅེས་བསྔགས་བརྗོད་གནང་འདུག དེ་ལྟར་གནང་ཐུབ་ཚེ་དེས་རྒྱ་གར་གཞུང་གིས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་གི་ཡོད་པ་གསུང་ཤུགས་ཆེ་རུ་བཏང་བ་ཞིག་མཚོན་རྒྱུ་ཡིན་སྐོར་གསུངས་འདུག རྩ་བའི་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ Dominic Raab ལགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་སྐབས་དབྱིན་ཡུལ་གྱི་སྲིད་བློན་ Boris Johnson མཆོག་མང་གཙོའི་དུས་སྟོན་གྱི་སྐུ་མགྲོན་གཙོ་བོར་ཕེབས་རྒྱུ་ཡིན་སྐོར་ཡོངས་གྲགས་གནང་ཡོད་ཀྱང་། རྗེས་སུ་དབྱིན་གཞུང་སྲིད་བློན་ལས་ཁུངས་ཀྱིས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་དེ་ལྟར་ཕེབས་དཀའ་གནས་ཡིན་པའི་བཀོད་ཁྱབ་གནང་ཡོད་པ་རེད།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་ལ་འཚམས་འཕྲིན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Joe Biden མཆོག་ཁ་སང་ཨ་རི་སྲིད་འཛིན་གྱི་ཐུགས་འགན་དངོས་སུ་བཞེས་པར་ཐུགས་དགྱེས་ཚོར་ཆོན་པོས་འཚམས་འཕྲིན་སྩལ་འདུགགསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ཁོར་ཡུག་ལ་ཐུགས་སྣང་ཆེན་པོ་མཛད་མཁན་ཞིག་ཡིན་སྟབས་ད་ལན་སྐུ་ཞབས་བྷ་ཌན་མཆོག་གིས་ད་ཆ་གོ་ལ་སྤྱིར་འཕྲད་བཞིན་པའི་གནམ་གཤིས་འགྱུར་ལྡོག་གི་ངལ་བ་དེ་གཙིགས་ཆེར་བརྩིས་པ་དང་སྦྲགས། ཨ་རིས་པེ་རཱི་སེ་རྒྱལ་སྤྱིའི་ཁོར་ཡུག་གྲོས་མཐུན་ཚོགས་པའི་ཁོངས་སུ་ཨ་རི་བསྐྱར་དུ་འཛུལ་ཞུགས་གནང་གཏན་འཁེལ་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཨ་རི་ནི་རང་དབང་དང་མང་གཙོ། ཆོས་ལུགས་རང་དབང་། ཁྲིམས་ཀྱི་དབང་སྒྱུར་གཙུག་ཏུ་བཀུར་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། འཛམ་གླིང་གིས་རེ་བའི་མིག་ལྟོས་བྱ་ཡུལ་ཞིག་ཡིན་པར་བཀའ་སྩལ་བ་མ་ཟད། ལྷག་པར་དུ་སྲིད་འཛིན་མཆོག་གིས་དེང་འཛམ་གླིང་ནང་བཀྲེས་སྐོམ་དང་། ནད་ཡམས། འཚེ་བས་མནར་བཞིན་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་སྐུ་ཉིད་ཀྱི་དབུ་ཁྲིད་འོག་ནས་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་སྐྲུན་ཐབས་ལ་ཞབས་འདེགས་གང་ཐུབ་གནང་བའི་ཐུགས་ཡིད་ཆེས་སྐོར་བཀའ་སྩལ་ཡོད། མགོན་པོ་༸གང་ཉིད་མཆོག་གིས་ད་དུང་སྐུ་ཞབས་བྷ་ཌན་མཆོག་གིས་དེ་སྔོན་ཡུན་རིང་པོ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བསྐྱར་དུ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་ཆབཅས་ཅིག ལྷག་པར་དུ་ཨ་རིའི་གཞུང་མང་གཉིས་ཀྱིས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལེགས་བྱང་། བོད་བརྒྱུད་ནང་བསྟན་རྒྱུན་འཛིན་ཐུབ་ཐབས་སུ་སེམས་འགུལ་དང་རོགས་འདེགས་སོགས་མཐུད་གནང་བཞིན་པ་དེ་ནི་བོད་མིའི་བསོད་ནམས་ཡིན་ཞེས་བཀའ་སྩལ་འདུག མཐར་༸གོང་ས་མཆོག་གིས་སྲིད་འཛིན་གང་ཉིད་མཆོག་གི་ཕྱག་ལས་གང་གནང་ཐམས་ཅད་ལམ་ལྷོངས་ཡོང་བའི་གཏན་དགེའི་ཐུགས་སྨོན་མཛད་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་དམ་འབུལ་ཟིན་པའི་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་སྐུ་གཞོན་གཉིས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། སྐུ་ཞབས་ Joe Biden མཆོག་གི་དབུ་ཁྲིད་འོག་ཨ་རི་ངོས་ནས་བོད་ཀྱི་གནད་དོན་དང་བོད་མིར་མུ་མཐུད་རྒྱབ་སྐྱོར་གཡོ་བ་མེད་པར་གནང་བའི་རེ་བ་ཡོད་པ་ལྟར། ཨ་རིས་བོད་ཀྱི་གནད་དོན་ལ་དེ་སྔ་ནས་རྒྱབ་སྐྱོར་གྱིས་བོད་མིར་བཀའ་དྲིན་ཆེན་པོ་ཡིན་པ་དེ་ལྟར་ཡང་། ད་ཆ་རྒྱ་ནག་ལྟ་བུ་སྲིད་དབང་སྒེར་སྤྱོད་རིང་ལུགས་འོག་བོད་དང་བོད་མིའི་གནད་དོན་ཙམ་མིན་པར་འཛམ་གླིང་སྤྱིའི་མང་གཙོའི་གནས་བབ་དེ་ཉེན་ཁའི་ནང་ལྷུང་ཡོད་པའི་དྲན་སྐུལ་ཞུས་འདུགདེ་བཞིན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ Biden མཆོག་གི་དམ་འབུལ་མཛད་སྒོའི་སྐབས་རེ་བ་དང་ཆིག་སྒྲིལ།  དེ་བཞིན་མང་གཙོའི་ཐད་བཀའ་མོལ་གནང་བ་དེར་དགའ་བསུ་དང་ད་ལན་ཁོང་ཉིད་མཆོག་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དེས་ཨ་རིའི་མི་མང་གིས་ཁོང་གི་བཞེངས་ཕྱོགས་ལ་ཡིད་ཆེས་ཡོད་པའི་རྣམ་པ་ཞིག་ཆགས་ཡོད་པ་གསུངས་འདུག  སྲིད་འཛིན་སྐུ་གཞོན་ལྕམ་སྐུ་ Kamala Harris མཆོག་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ། དེ་བཞིན་གནམ་གཤིས་འགྱུར་ལྡོག་ཐད་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་བོད་དོན་གླེང་སློང་གནང་རྒྱུ་དང་ལྷག་དོན་ཨ་རི་དང་བོད་གཉིས་ཀྱི་ཡུན་རིང་གི་མཛའ་འབྲེལ་དེ་སྔར་ལྷག་ནུས་ཤུགས་ཆེ་རུ་གཏང་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག གཞི་རྩའི་ཁ་སང་སྲིད་འཛིན་ Joe Biden མཆོག་དང་སྲིད་འཛིན་སྐུ་གཞོན་ལྕམ་སྐུ་ Kamala Harris མཆོག་རྣམ་གཉིས་ཀྱི་དམ་འབུལ་མཛད་སྒོ་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གྲོས་ཚོགས་ཐང་ཆེན་དུ་གནང་བ་དང་སྦྲགས། སྐབས་དེར་སྐུ་ཞབས་བྷ་ཌན་མཆོག་གིས་ཆིག་སྒྲིལ་དང་མང་གཙོའི་གལ་གནད། ད་ཆ་མང་གཙོར་རྒྱལ་ཁ་ཐོབ་ཡོད་པ་གསུངས་འདུག  ཁོང་གིས་ད་དུང་ཨ་རི་ནང་ད་ཆ་མི་མཐུན་པའི་རྙོག་གླེང་འགྲོ་བཞིན་པ་དེ་མེད་པ་བཟོས་དགོས་པ། ང་ཚོ་མཉམ་རུབ་ཀྱིས་ཨ་རིའི་རེ་བ་དང་ཆིག་སྒྲིལ་རྒྱུན་སྐྱོང་གནང་དགོས་ཞེས་གསུངས་འདུག གནས་ཚུལ་ཐོན་ཁག་ལ་གཞིགས་ན། སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་གིས་ཁ་སང་ལས་ཉིན་དང་པོར་སྲིད་འཛིན་ཟུར་པ་སྐུ་ཞབས་ཊམ་མཆོག་གིས་ཐག་གཅོད་དང་གཏན་འབེབས་གནང་བའི་གྲོས་མཐུན་མང་དག་ཅིག་བསྐྱར་བཅོས་ཀྱིས་གཞུང་འབྲེལ་བཀའ་རྒྱ་འདྲ་མིན་ ༡༧ ཙམ་ལ་མཚན་རྟགས་བཀོད་ཡོད་པ་དང་། དེ་དག་གི་ཁོངས་སུ་པེ་རཱི་སེ་རྒྱལ་སྤྱིའི་ཁོར་ཡུག་གྲོས་མཐུན་ཚོགས་པའི་ཁོངས་སུ་བསྐྱར་དུ་འཛུལ་ཞུགས་གནང་རྒྱུ་གཙོས་སྲིད་འཛིན་ཟུར་པ་ Donald Trump  མཆོག་གིས་གཞུང་འཛིན་གནང་སྐབས་ཁ་ཆེའི་ཡུལ་ལུང་ཆེ་ཁག་ནས་ཨ་རི་ནང་འགྲིམ་འགྲུལ་བཀག་སྡོམ་གནང་ཁག་མེད་པ་བཟོ་རྒྱུ་དང་དེ་བཞིན་ཨ་རི་དང་མེཀ་སི་ཀོ་དབར་ས་མཚམས་རྒྱག་བཞིན་པའི་གྱང་ངོས་ཀྱི་ལས་དོན་ཡོངས་རྫོགས་མཚམས་འཇོག་གནང་རྒྱུ་སོགས་འཁོད་ཡོད་པ་རེད།སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་སྐབས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་མང་ཚོགས་ཚོས་ཐུགས་སྣང་ཆེན་པོ་གནང་ཡོད་པར་མ་ཟད། དེའི་ཁྲོད་བོད་མི་ཁག་ཅིག་གིས་ཀྱང་སྤྱི་ཚོགས་དྲ་ལམ་སོགས་ཀྱི་ཐོག་དགའ་བསུ་ཞུས་ཡོད་པ་དང་། དེའི་ཁྲོད་ཁ་སང་དམ་འབུལ་མཛད་སྒོའི་སྐབས་སྲིད་འཛིན་གྱི་སྐུ་ཟླ་ Jill Biden མཆོག་གིས་བཞེས་པའི་ན་བཟའ་ཞིག་བཟོ་སྐྲུན་གནང་མཁན་ཁོངས་སུ་ངོ་དེབ་མིང་ལ་བསམ་འཕེལ་བསྟན་འཛིན་ཞུ་བ་བོད་མི་ཞིག་ཡོད་པའི་གནས་ཚུལ་ཁྱབ་སྤེལ་དང་སྦྲགས་ཏེ་མང་ཚོགས་ཀྱིས་དེར་དགའ་བསུ་ཞུ་བཞིན་འདུག

ཧར་ཝཌ་གཙུག་ལག་སློན་གཉེར་ཁང་གི་དགེ་སློབ་དང་ལྷན་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཐོག་གསུང་མོལ་མཛད་པ།

དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་བརྒྱུད་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཨ་རིའི་ Harvard གཙུག་ལག་སློན་གཉེར་ཁང་གི་འགོ་ཁྲིད་དང་བདེ་སྐྱིད་སློབ་གསོའི་སློབ་དཔོན་སྐུ་ཞབས་ Arthur Brooks ལགས་ཀྱིས་གཙོས་པའི་སློབ་དཔོན་ཁག་ཅིག་དང་སློབ་མ་ཁག་ཅིག་ལ་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཅེས་པའིི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་གྱི་མཛད་རིམ་ཞིག་ཚོགས་གནང་ཡོད།མཛད་རིམ་གྱི་ཐོག་མ་དེར་སྐུ་ཞབས་ Arthur Brooks ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཙམ་མིན་པར་འཛམ་གླིང་ཐོག་ཞི་བདེ་དང་མཐུན་སྒྲིལ་གྱི་ནུས་པ་གོང་མཐོར་མཛད་མཁན་གྱི་དབུ་ཁྲིད་ཁྱད་དུ་འཕགས་པ་ཞིག་ཡིན་པར་ཆེ་བསྟོད་ཞུས་པ་དང་སྦྲགས། གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་སླེབས་ལ་ཉེ་བའི་བོད་ཀྱི་གནམ་ལོ་གསར་བཞད་ལ་འཚམས་འདྲི་དང་། ད་རེས་དྲྭ་ཐོག་གི་མཛད་རིམ་འདི་ལྟར་གནང་རྒྱུར་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པར་ཐུགས་རྗེ་ཆེ་ཞུས་སོང་།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློབ་ཡོངས་ལ་དགའ་བསུའི་འཚམས་འདྲི་མཛད་པ་དང་སྦྲགས་ཏེ་ང་ཚོའི་མི་ཚེའི་སྙིང་པོ་དང་དགོས་དོན་གཙོ་བོ་ནི་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་རྒྱུ་དེ་ཡིན་པ་དང་བདེ་སྐྱིད་བྱུང་བར་གཙོ་བོ་ཆེ་ཤོས་ཕྱིའི་འཕྲོད་བསྟེན་ལ་དོ་སྣང་བྱས་པ་ཙམ་མིན་པར་ནང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་ནས་ཁོང་ཁྲོ་དང་ངག་འཁྱལ། ཞེད་སྡང་། ཕྲག་དོག་སོགས་ཀྱི་བློ་ཆུང་རུ་བཏང་སྟེ་གཞན་ལ་ཕན་པ་བསྒྲུབ་དགོས་པ་དང་། ལྷག་པར་དུ་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཐོག་འཚོ་དགོས་པའི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་སྟབས། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་ཆེ་ཙམ་བཞེས་དགོས་པའི་ལམ་སྟོན་མཛད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་སྐུ་གཞོན་ནུའི་སྐབས་ལ་ང་དང་ཁོ། ངའི་རིགས་དང་ཁོའི་རུས་སོགས་དབྱེ་འབྱེད་ཀྱི་བསམ་བློ་མེད་ཀྱང་རིམ་པས་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་སྐབས་དབྱེ་འབྱེད་ཀྱི་བསམ་བློ་དེ་དག་ཤུགས་ཆེ་རུ་འགྲོ་བཞིན་པ་སོགས་བཀའ་འགྲེལ་དང་སྦྲགས། ཤེས་ཡོན་སློབ་གསོའི་ལམ་ལུགས་ཁྲོད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་བཟང་སྤྱོད་སོགས་ཀྱི་ཐོག་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་རྒྱལ་སྤྱིའི་ཐོག་མཚན་སྙན་ཡོད་པའི་ཧར་ཝཌ་གཙུག་ལག་སློན་གཉེར་ཁང་ལྟ་བུས་འགོ་འཛུགས་དང་འབད་བརྩོན་གནང་ཐུབ་ཚེ་རིམ་བཞིན་གཙུག་ལག་སློབ་གཉེར་ཁང་གཞན་ཚོར་མིག་དཔེ་བསྟན་ཐུབ་ངེས་རེད་ཅེས་བཀའ་སྩལ་སོང་།ལྷག་པར་དུ་༸གོང་ས་མཆོག་གིས་ཐེངས་འདིའི་དྲ་ཐོག་གི་མཛད་རིམ་ཐོག་གཞོན་སྐྱེས་མི་ཉུང་བ་ཞིག་ལྷན་ཞུགས་གནང་སྟབས་འདས་པའི་དུས་རབས་ནང་འཛམ་གླིང་འདིའི་ཐོག་དཀའ་རྙོག་མང་དག་ཅིག་བཟོས་ཡོད་པ་དག་མེད་པ་བཟོ་ཐབས་དཀའ་ནའང་། ད་ལྟ་འཚར་ལོངས་འབྱུང་བཞིན་པའི་ཧར་ཝཌ་གཙུག་ལག་སློབ་གཉེར་ཁང་གི་ན་གཞོན་སློབ་མ་གཙོས་གཞོན་སྐྱེས་ཚོས་འདས་ཟིན་པའི་དཀའ་རྙོག་ཅན་གྱི་བྱ་སྤྱོད་ཁག་ལ་ལད་ཟློས་དང་བསྐྱར་ཟློས་མ་གནང་བར་མ་འོངས་འཛམ་གླིང་སྤྱིའི་བདེ་དོན་དང་གོ་ལའི་འགྱུར་ལྡོག་ལ་གཞིགས་པའི་བསམ་བློ་གསར་པ་གཏང་དགོས་གལ་རེད་ཅེས་ལམ་སྟོན་མཛད་ཡོད།༸གོང་ས་མཆོག་ནས་སྔོན་འགྲོའི་བཀའ་སློབ་སྩལ་གྲུབ་མཚམས་སུ་སྐུ་ཞབས་ Arthur Brooks ལགས་ནས་རྒྱལ་སྤྱིའི་དབུ་ཁྲིད་ཁྲོད་སེམས་ཀྱི་ཞི་བདེ་དང་སྐྱིད་པོ་མེད་མཁན་མི་ཉུང་བ་ཞིག་ཡོད་སྟབས་ཁོང་རྣམ་ལ་ལམ་སྟོན་གང་མཛད་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་གོ་ལའི་ཚ་དྲོད་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་འཕྲད་སྐབས་ཚང་མར་གཅིག་མཚུངས་ཀྱི་དོ་ཕོག་ཐེབས་བཞིན་ཡོད་པར་དཔེ་མཚོན་དུ་བཀའ་སྩལ་ཏེ་དབུ་ཁྲིད་ཚོས་ང་དང་ངའི་རྒྱལ་ཁབ་ཅེས་དུས་ཚོད་ཡོལ་ཟིན་པའི་ང་འཛིན་གྱི་བསམ་བློ་རྙིང་པ་དེ་དག་དོར་ནས་བསམ་བློ་རྒྱ་ཆེ་ས་ནས་གཏང་རྒྱུ་གལ་ཆེན་པོ་ཡིན་པ་དང་འགོ་ཁྲིད་དེ་དག་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་ནས་ཡོང་བ་ཞིག་ཡིན་སྟབས་གཙོ་བོ་ད་ཡོད་ཤེས་ཡོན་གྱི་ལམ་ལུགས་ཁྲོད་བྱམས་བརྩེ་དང་འགྲོ་བམིའི་རིང་ཐང་སོགས་སློབ་ཁྲིད་གནང་ཐུབ་ཚེ་མ་འོངས་པར་འགོ་ཁྲིད་བློ་གྲོས་དང་རྣམ་དཔྱོད་ལྡན་པ་ཐོན་ཐུབ་ངེས་རེད་ཅེས་བཀའ་ལན་མཛད་ཡོད།དེ་བཞིན་སློམ་མ་ཁག་ཅིག་ནས་འཕྲུལ་རིགས་ཀྱི་དུས་འདིར་ང་ཚོས་ངེས་པར་དུ་བྱེད་དགོས་པའི་གནད་དོན་དང་གཞོན་སྐྱེས་ཁྲོད་ཆོས་ལ་དད་པ་ཡོད་མཁན་གང་འདྲ་ཡོད་མེད་སོགས་ཀྱི་ཐད་ལ་བཀའ་འདྲི་ཁག་ཅིག་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་ནས་འཕྲུལ་ཆས་དེ་དག་གིས་དངོས་སུ་མིའི་སྤྱི་ཚོགས་ནང་དཀའ་ངལ་བཟོ་ཡི་མེད་པ་དང་། གཙོ་ཤོས་འཕྲུལ་ཆས་བེད་སྤྱོད་བྱེད་མཁན་གྱི་མི་ལ་རག་ལུས་པ་ཞིག་ཡིན་པ་དང་། ད་ལྟའི་ཆ་ལ་འཛམ་གླིང་ཐོག་གོ་ཚོན་རྩ་མེད་བཟོ་རྒྱུའི་ལས་འགུལ་ཞིག་འགྲོ་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་རེད་བཀའ་སྩལ་ཡོད་པར་མ་ཟད་ཆོས་དད་ཀྱི་བཀའ་ལན་ལས་འཕྲོས་ཏེ་མགོན་པོ་༸གང་ཉིན་མཆོག་ནས་༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་ལས་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཀའ་སློབ་ལམ་སྟོན་ཞིབ་རྒྱས་སྩལ་ཡོད།

༸གོང་ས་མཆོག་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རྣམ་གཉིས་དྲ་ཐོག་བརྒྱུད་མཇལ་མོལ།

སྔ་ལོའོ་ཕྱི་ཟླ་ ༡༠ ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་བསྐོ་གཞག་གནང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Robert A. Destro  མཆོག་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་དྲ་ཐོག་བརྒྱུད་མཇལ་མོལ་མཛད་འདུགདེ་རིང་ཕྱི་ཟླ་ ༡ ཚེས་ ༡༣ ཉིན་གྱི་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་ Robert A. Destro  མཆོག་གིས་དབུས་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱག་སྦྲེལ་ཁག་ཅིག་དབར་མཇལ་མོལ་མཛད་པའི་སྐུ་པར་ཞིག་ཕྱིར་བསྒྲགས་གནང་ཡོད་ཀྱང་། སྐབས་དེར་དབུ་ཁྲིད་རྣམ་གཉིས་དབར་བཀའ་བསྡུར་གང་དང་གང་གནང་ཡོད་མེད་ཞིབ་ཕྲའི་གནས་ཚུལ་ཐོན་མི་འདུག དེ་བཞིན་ཁ་སང་དགོང་དྲོ་དྲ་ཐོག་བརྒྱུད་སྐུ་ཞབས་ Robert A. Destro  མཆོག་གཙོས་ལས་རོགས་ཁག་ཅིག་དང་བོད་མིའི་སྒྲིལ་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། ཕྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུས་སྤྱི་འཐུས་རྒྱུན་ལས་བཅས་ཀྱི་དབར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་སོགས་ཀྱི་ཐོག་གྲོས་བསྡུར་གནང་ཡོད་པ་རེད།སྐབས་དེའི་གྲོས་བསྡུར་ལས་རིམ་དེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོ་སྐྱོང་གནང་བ་དང་སྦྲགས། སྐུ་ཞབས་ Robert A. Destro  མཆོག་གིས་གཙོས་པའི་ལས་རོགས་རྣམ་པས་བོད་དོན་ལ་རྒྱབ་བསྐྱོར་དང་ལྷག་པར་དུ་སྐུ་ཞབས་ Robert A. Destro  མཆོག་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་སྟེ་ཟླ་བ་བཞི་ཙམ་ལས་སོང་མེད་ཀྱང་། བོད་ཀྱི་གནད་དོན་དང་འབྲེལ་བའི་དྲ་ཐོག་ལས་རིམ་མི་ཉུང་བ་ཞིག་གི་ནང་མཉམ་ཞུགས་གནང་སྟེ་བོད་དོན་སྐོར་འཛེམས་ཟོན་མེད་པར་བཀའ་མོལ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།དེ་ནས་སྐུ་ཞབས་ Robert A. Destro མཆོག་ནས་བོད་ཀྱི་གནད་དོན་ཐོག་ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་ཨ་རིའི་ཕྱི་སྲིད་ཁུངས་ཀྱི་ཁྱབ་ཁོངས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོག་ནས་བོད་མིའི་སྒྲིལ་འཛུགས་ཀྱི་ལས་དོན་དང་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན། ལྷག་པར་དུ་མཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་ཁག་སྲུང་སྐྱོབ་ཀྱི་ལས་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་ཞེས་གསུངས་ཡོད། ཁོང་གིས་ཉེ་འཆར་མཇུག་སྒྲིལ་ཟིན་པའི་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ལ་བསྔགས་བརྗོད་དང་སྦྲགས། འོས་བསྡུའི་ལས་རིམ་ནི་མང་གཙོའི་སྤྱི་ཚོགས་ཁྲོད་མང་ཚོགས་ཀྱི་མངོན་འདོན་མཚོན་པའི་ལས་གཞི་གལ་ཆེ་ཞིག་ཡིན་སྐོར་གསུངས་པར་མ་ཟད་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་དང་ལྷག་དོན་བོད་ཀྱི་ནང་ཆོས་འདི་རྒྱ་ནག་གི་རྣམ་པ་ཅན་དུ་བསྒྱུར་ཐབས་སོགས་བྱེད་བཞིན་པའི་སྐབས་འདིར་ང་ཚོ་མཐུན་མོང་གིས་གདོང་ལེན་གནང་དགོས་ཞེས་སོགས་གསུངས་ཡོད།དེ་བཞིན་སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་ངོ་སྤྲོད་གནང་སོང་བ་དང་། སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྐུ་ཞབས་ Robert A. Destro མཆོག་གིས་དེ་སྔ་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡིན་ཞེས་གསུངས་པར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད།བོད་མིའི་སྒྲིལ་འཛུགས་ཀྱི་བཀའ་བློན་རྣམས་ནས་ལྷན་ཁང་སོ་སོའི་ལས་དོན་སྙིང་བསྡུས་ངོ་སྤྲོད་དང་སྦྲགས། ད་བར་ཨ་རི་གཞུང་ནས་ལྷན་ཁང་ཁག་གི་ལས་གཞིར་མ་དངུལ་སོགས་ཀྱི་རོགས་སྐྱོར་དང་ལྷག་པར་དུ་ཉེ་ཆར་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་གཏན་འབེབས་གནང་བར་མ་ཟད། ཁྲིམས་འཆར་དེའི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་གནང་རྒྱུ་དེ་༸གོང་ས་མཆོག་དང་བོད་མི་ཚོས་ཐུགས་ཐག་གཅོད་རྒྱུའི་བདག་དབང་ཡོད་སྐོར་སོགས་ཞིབ་ཕྲ་བཀོད་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མ་འོངས་པར་མུ་མཐུད་དཔལ་འབྱོར་གྱི་རོགས་རམ་དང་བོད་རིགས་སློབ་མ་ཚོ་ཨ་རི་ནང་སློབ་སྦྱོང་ཆེད་བསྐྱོད་རྒྱུའི་ས་དམིགས་མང་དུ་གཏོང་ཐབས་སོགས་ཀྱི་ཐོག་དགོངས་པ་ཆེ་བཞེས་ཡོང་བའི་རེ་སྐུལ་ཞུས་ཡོད།གནས་ཚུལ་ཤེས་རྟོགས་བྱུང་བར་གནངས་ཉིན་ཕྱི་ཚེས་ ༡༥ ཉིན་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Robert A. Destro མཆོག་ནས་དྲ་ཐོག་བརྒྱུད་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བེུད་ནུས་སྟོབས་གོང་འཕེལ་ཚན་པའི་ལས་བྱེད་དང་བོད་པའི་བེུད་མེད་གསར་འགོད་པ་ཁག་དང་ལྷན་གླེང་མོལ་གནང་གི་འདུག

དབུས་སྨན་རྩིས་ཁང་གིས་ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་ལ་སྐབས་དང་པོའི་བཀའ་བཅུའི་འཛིན་གྲྭ་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་༩ དང་ཕྱེད་ཀའི་སྟེང་། དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ།  རྒྱལ་ཁབ་མ་འདྲ་བ་དགུ་ལྷག་གི་སློབ་ཕྲུག་གྲངས་ཉེར་བདུན་ཙམ་ལ་སྐབས་དང་པོའི་བཀའ་བཅུའི་འཛིན་གྲྭ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་གནང་སོང་།

གོ་ལའི་ཚ་དྲོད་ཀྱི་འགན་འཁུར་ཐད་ངའི་ཆོད་སེམས་ལ་འགྱུར་བ་མེད་ལ་ཁྱེད་ཚོས་ཀྱང་དེའི་ཐོག་དགོངས་པ་བཞེས་དགོས།

དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་རྒྱ་གར་གྱི་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་ Greta Thunberg ལགས་གཙོས་པའི་ཚན་རིག་པ་ཁག་ཅིག་དང་ལྷན་The Crisis of Climate Feedback Loops ཞེས་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་པ་དང་སྦྲགས། ༸གོང་ས་མཆོག་གིས་སྐུ་ཚེ་ལྷག་འཕྲོ་དེའི་རིང་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་མུ་མཐུད་ཐུགས་འགན་བཞེས་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བཀའ་ནན་མཛད་པ་མ་ཟད། ༸མགོན་པོ་གང་ཉིད་ཀྱི་རྗེས་སུ་Greta Thunberg ལགས་ལྟ་བུའི་གཞོན་སྐྱེས་གཙོས་པའི་གཞན་ཚང་མས་དེའི་ཐོག་དགོངས་པ་ངེས་བཞེས་དགོས་སྐོར་བཀའ་བསྩལ་སོང་། སེམས་དང་སྲོག་གི་བསྟི་གནས་ཁང་གི་གོ་སྒྲིག་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Greta Thunberg ལགས་དང་། ཕྱི་ལོ་ ༢༠༠༧ ལོའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ William Moomaw ལགས་དང་། དེ་བཞིན་ཨར་ཊིཀ་གླིང་ཁུལ་གྱི་ཚན་རིག་པ་གྲགས་ཅན་ Susan Natali བཅས་དང་ལྷན་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་བགྲེ་གླེང་མཛད་པ་དང་སྦྲགས། སྐབས་དེར་༸གོང་ས་མཆོག་གིས་ང་ཚོའི་འགྲོ་བ་མི་རྣམས་ནས་རང་ཉིད་ཀྱི་འཚོ་བ་དང་འབྲེལ་གནས་སྟངས་མང་དག་ཅིག་ཡིན་ཤག་ཤག་རྩིས་གནང་གི་ཡོད་ཀྱང་། ད་ཆ་འཛམ་གླིང་སྤྱིར་གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གནས་སྟངས་འདིའི་འོག་ངོ་ཚོའི་འཚོ་བ་སྐྱེལ་སྟངས་ཐད་དགོངས་པ་བཞེས་དགོས་སྐོར་བཀའ་སྩལ་སོང་། ལྷག་པར་དུ་གཞོན་སྐྱེས་འགོ་ཁྲིད་ Greta ལགས་ལྟ་བུས་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་དགོས་པ་བཀའ་སྩལ་སོང་། དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས་འཛམ་བུ་གླིང་གི་དཀའ་རྙོག་རྣམས་མིའི་བཟོས་པ་ཡིན་པ་དང་ཆབས་ཅིག་ང་ཚོར་སྐུ་ངལ་ཇི་འདྲ་འཕྲད་ཚེ་སོ་སོའི་དད་པ་གནང་ཡུལ་གྱི་ལྷར་སྨོན་ལམ་འདེབས་ཀྱིན་བཞུགས་ན་དཀའ་རྙོག་སེལ་རྒྱུ་མིན་སྟབས། ང་ཚོའི་ཐུགས་ཁུར་བཞེས་པའི་ཐོག་ནས་དཀའ་རྙོག་རིགས་སེལ་ཐབས་སུ་ལས་དོན་གནང་དགོས་སྐོར་བཀའ་སྩལ་སོང་། ༸གང་ཉིད་མཆོག་གིས་ད་དུང་། གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གི་གནས་སྟངས་ཐད་དགོངས་པ་བཞེས་རྒྱུ་དང་དེ་འབྲེལ་ཐད་བྱ་བ་བསྒྲུབ་རྒྱུ་ནི་ཚང་མའི་འགན་ཡིན་པ་དང་འབྲེལ། ༸མགོན་པོ་མཆོག་གི་སྐུ་ངོས་ནས་ཀྱང་སྐུ་ཚེ་ལྷག་འཕྲོ་དེའི་རིང་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་མུ་མཐུད་ཐུགས་འགན་བཞེས་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བཀའ་ནན་མཛད་པ་མ་ཟད། Greta Thunberg ལགས་ལྟ་བུའི་གཞོན་སྐྱེས་གཙོས་པའི་ཚང་མས་དེའི་ཐོག་དགོངས་པ་ངེས་བཞེས་དགོས་སྐོར་བཀའ་སྩལ་སོང་།ད་རེས་ཀྱི་བགྲོ་གླེང་ཐོག་མར་༸གོང་ས་མཆོག་གིས་ Greta ལགས་ཀྱི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་དང་སྦྲགས། དེང་དུས་ཀྱི་གཞོན་སྐྱེས་ནས་འཛམ་གླིང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་བཞེས་ཕྱོགས་དེས་རེ་བ་གསར་པ་ཞིག་སྤྲད་ཡོད་པ་དང་། སྤྱིར་སྐྱེ་འགྲོ་སྤྱི་བདེ་བ་འདོད་པ་ཞིག་དང་སྡུག་བསྔལ་མི་འདོད་པ་ཡིན་ཡང་ད་ཆ་འཛམ་གླིང་ནང་དཀའ་ངལ་སྣ་མང་འཕྲད་པ་རྣམས་ནི་མིས་བཟོས་པ་ཡིན་སྟབས། ད་ཆ་ང་ཚོའི་དེ་སྔ་བཞིན་ང་ཚོ་དང་ཁོང་ཚོ་ཟེར་ནས་བློ་ཆུང་གི་བསམ་བློ་དོར་ནས་སྐྱེ་འགྲོ་སྤྱི་ཡོངས་སླད་དགོངས་པ་བཞེས་དགོས་པའི་དུས་ལ་བབ་ཡོད་སྐོར་བཀའ་སྩལ་སོང་། གཞན་ཡང་བགྲོ་གླེང་དེའི་ཐོག་ Greta ལགས་ཀྱིས་༸གོང་ས་མཆོག་དང་ཁོ་མོ་དགུང་ནའི་བབས་ཀྱི་ཆ་ནས་ཁྱད་པར་ཡོད་ཀྱང་གོ་ལའི་ཆེས་ཛ་དྲག་གི་གནས་སྟངས་དང་འབྲེལ་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་ཕྱོགས་ཀྱི་དམིགས་ཡུལ་ནི་གཅིག་མཚུངས་ཡིན་པས། ༸མགོན་པོ་མཆོག་གིས་དུས་ཀུན་ཏུ་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ཁོར་ཡུག་གི་གནད་དོན་ཐད་གླེང་སློང་སོགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་། དེ་བཞིན་མདོ་འཛིན་པས་ Greta ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུའི་ཐོག་གོ་ལའི་ཛ་དྲག་གི་གནས་སྟངས་ཐད་ཚོར་ཤུགས་དྲག་པོའི་གཏམ་བཤད་གནང་ཡོད་པ་དང་གཏམ་བཤད་དེ་གནང་དགོས་པའི་གལ་གནད་སྐོར་དྲིས་སྐབས། ཁོང་གིས་མི་མང་པོ་ཞིག་གིས་གོ་ལའི་ཁོར་ཡུག་གི་གནད་དོན་མང་དག་ཅིག་གི་ཐད་གོ་རྟོགས་མེད་པ་དང་། ལྷག་པར་དུ་འཛམ་གླིང་ནང་དཀའ་ངལ་ཅི་རིགས་འཕྲད་ཚེ་ང་ཚོས་སྣང་མེད་བཏང་བ་མ་ཟད། རང་བྱུང་ཁོར་ཡུག་ལ་གུས་བརྩི་གནང་གི་མི་འདུག་ཅེས་གསུངས་སོང་། བགྲོ་གླེང་དེའི་ཐོག་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་དྲོད་ཀྱིས་ངན་འབྲས་དང་། དཀའ་ངལ་དེ་བཞིན་དེ་དག་སེལ་ཐབས་སོགས་ཀྱི་སྐོར་གློག་བརྙན་གསུམ་སྤྱན་འབུལ་ཞུས་པ་དང་། སྐུ་ཞབས་ William Moomaw ལགས་དང་། ཚན་རིག་པ་ Susan Natali ལགས་བཅས་རྣམ་གཉིས་ནས་དེ་འབྲེལ་ཐད་འགྲེལ་བརྗོད་དང་སྦྲགས། ད་ཆ་གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཨར་ཀྲིཀ་ས་ཁུལ་ལ་ཚ་དྲོད་འཕར་ཚད་དེ་ལྡབ་གཉིས་ཙག་འགྲོ་བཞིན་པ་མ་ཟད། བོད་ཁུལ་ལྟ་བུའི་ནང་དུའང་འཁྱགས་རོམ་མྱུར་པོ་ཞུ་བཞིན་པར་བརྟེན་ཁོར་ཡུག་ལ་གནོད་འཚེ་སོགས་ཡོང་བཞིན་པས། གང་ལྟར་ང་ཚོས་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་དང་དེ་མྱུར་སྐྱོབ་གནང་རྒྱུའི་ཐབས་ལམ་ཤེས་དགོས་པ་ནི་གལ་ཆེ་ཡིན་སྐོར་གསུངས་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་མཛད་རྒྱུ་དེ་ནི་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཁོངས་ནས་གཅིག་ཆགས་ཀྱི་ཡོད་པ་མ་ཟད། ༸གང་ཉིད་མཆོག་གིས་དུས་ཀུན་འཛམ་བུ་གླིང་སྤྱི་དང་བྱེ་བྲག་བོད་ཀྱི་ཛ་དྲག་གི་ཁོར་ཡུག་གི་གནས་བབ་སྐོར་གླེང་སློང་དང་སྦྲགས། གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་ཚང་མས་འགན་བཞེས་དགོས་པའི་སྐོར་བཀའ་ཡང་ཡང་ཕེབས་ཀྱི་ཡོད་པ་རེད། ལྷག་པར་དུ་༸མགོན་པོ་གང་ཉིད་མཆོག་གིས་ཉེ་ལམ་འཇར་མན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གསར་འགོད་པ་སྐུ་ཞབས་ Franz Alt ལགས་དང་ལྷན་དུ་ Our only home འམ་ང་ཚོའི་ཁྱིམ་གཞི་ཁོ་ན་ཉིད་ཅེས་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་འཛམ་གླིང་ཡོངས་ལ་ཞེན་སྐུལ་གྱི་ཕྱག་དེབ་ལྗགས་རྩོམ་མཛད་ཡོད་པ་རེད།

རྒྱ་ནག་གི་ཡ་ལན་ལས་བོད་མིའི་མང་གཙོའི་ནུས་བ་ཕྱིར་མངོན་པར་གསུངས་སོང་།

ཉེ་ལམ་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་ཁྱད་གསོད་དང་སྦྲགས་འོས་བསྡུའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གང་འདྲ་ཞིན་ཐོན་ཡང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ངོས་ནས་རྒྱ་ནག་གཞུང་གིས་གང་བཤད་པ་དེ་ལས། ༸གོང་ས་མཆོག་གིས་བོད་མིར་གསོལ་སྩལ་གནང་བའི་མང་གཙོར་ནུས་པ་ཇི་ཙམ་ཡོད་པ་གསལ་སྟོན་བྱེད་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།དེའང་ཟླ་བ་འདིའི་ཚེས་ ༡ ནས་གསུམ་བར་རྒྱལ་སྤྱིའི་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་ཆ་ཤས་བླངས་བའི་ཁྲོད། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ Global Times གི་དྲ་གནས་ཐོག་གནས་ཚུལ་ཞིག་སྤེལ་བའི་ནང་སྲིད་སྐྱོང་ཞེས་པ་དེ་ཕྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་གྱི་ཚོགས་པ་ཞིག་གི་འགོ་ཁྲིད་ཡིན་པ་དང་། སྲིད་སྐྱོང་ཞེས་པ་དེ་ཐོག་མར་ ༢༠༡༡ ལོར་འདེམས་སྒྲུག་བྱས་ཡོད་ཀྱང་། དོན་ངོ་མར་དབང་ཚད་ཆ་ཚང་ད་ལྟ་ཡང་༸གོང་ས་མཆོག་དང་ཁོང་གི་ཉེ་འཁོར་གྱི་མི་སྣ་ཁག་ཅིག་ལ་ཡོད་སྐོར་བཤད་པ་མ་ཟད། བདམས་ཐོན་བྱུང་བའི་སྲིད་སྐྱོང་ཞེས་པ་དེས་ ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་སྐོར་བརྗོད་ཡོད་པ་རེད། དེ་རིང་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་གནད་དོན་དེའི་སྐོར་བཀའ་དྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་བོད་དང་འབྲེལ་བའི་གྲུབ་འབྲས་ལེགས་པོ་ཞིག་སྨིན་པ་ཡིན་ན་རྒྱ་ནག་གིས་དུས་རྒྱུན་ནས་གནད་དོན་དེའི་ལྡོག་ཕྱོགས་ནས་བྱ་བ་རྩོམ་གྱི་ཡོད་པ་ལུང་འདྲེན་དང་འབྲེལ།  བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བརྒྱུད་རྒྱ་ནག་གཞུང་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པ་དེ་ནས། ༸གོང་ས་མཆོག་གིས་བོད་མིར་བསྩལ་བའི་མང་གཙོར་ནུས་པ་ཇི་ཙམ་ཡོད་པ་གསལ་པོ་བསྟན་ཡོད་སྐོར་གསུངས་བ་མ་ཟད་། ཨ་རིའི་གཞུང་གིས་ཉེ་ལམ་ཁྲིམས་སུ་བཅས་པའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་འགྲེལ་བརྗོད་ནན་པོ་སྐྱོན་ཡོད་པ་དེར་རྒྱལ་སྤྱིའི་ཁྱོན་ནས་ཐུགས་སྣང་ཆེན་པོ་གནང་བ་དང་བཅས། སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཁ་ཕྱོགས་དེ་བོད་མིའི་མངོན་འདོད་ཀྱི་ཕྱོགས་སུ་གྱུར་ཡོད་སྟབས། རྒྱ་ནག་ངོས་ནས་འདི་ལྟ་བུའི་གཏམ་བཤད་མི་བྱེད་ཀ་མེད་ཡིན་པའི་འགྲེལ་བརྗོད་གནང་སོང་། རྩ་བའི་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ བའི་ཐོག  གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཟུང་དྲུང་ཡན་གྱི་ལས་བྱེད་ཚང་འཛོགས་ཀྱི་ཐོག   སྲིད་སྐྱོང་མཆོག་གིས་ཉེ་ལམ་ཕྱི་ ༡༢ བའི་ཚེས་༢༧ ཉིན་ཨ་རིའི་སྲིད་འཛིན་གྱིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་བར་དགའ་བསུ་ཞུས་པ་དང་ལྷན་དུ།  ཁྲིམས་འཆར་དེ་གཏན་འབེབས་གནང་བར་ཕྱག་རོགས་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་བསམ་པར་ཕྱི་ལོག་ནས་བོད་དོན་དང་འབྲེལ་བའི་སྲིད་དོན་གྱི་འགྱུར་བ་འགྲོ་སྐབས་བོད་ནང་དུ་མི་མང་སྒེར་ལངས་སོགས་ཡོང་སྲིད་པར་སྙམ་ནས་རྒྱ་ནག་གིས་ཟླ་བ་ ༣ པ་མ་རྫོགས་བར་དུ་བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ལས་འགུལ་ཡང་འདྲ་མིན་ཞིག་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་ཡང་གསུངས་སོང་། རྩ་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ནི་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་གཅོད་རྒྱུ་དང་། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ་སོགས་ཀྱི་གལ་ཆེའི་གནད་དོན་ཁག་གཅིག་འཁོད་ཡོད་པ་རེད།

སེམས་བསྐྱེད་ཀྱི་སྡོམ་པ་འབོག་མཛད་དེ་ཉིན་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ།

སེམས་བསྐྱེད་ཀྱི་སྡོམ་པ་འབོག་མཛད་དེ་ཉིན་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ།

Latest news