Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བོད་ཀྱི་གྲོགས་པོ་རྙིང་གྲས་ལྕམ་སྐུ་ Kapila Vatsyayan མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་འདུག

རྒྱ་གར་དབུས་གཞུང་གི་ཕྱི་འབྲེལ་དང་ཤེས་ཡོན་། འཛིན་སྐྱོང་། དེ་བཞིན་གྲོས་ཚོགས་འཐུས་མིའི་ཐུགས་འགན་སོགས་བཞེས་མྱོང་མཁན་དང་བོད་དོན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ Kapila Vatsyayan མཆོག་ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱལ་ས་ལྡི་ལིའི་རང་ཤག་ཏུ་དགུང་ལོ་ ༩༢ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཁྲལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དམ་པ་ཁོང་གི་གཅེན་པོ་སྐུ་ཞབས་ Subash Bhashi ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་ནས་ལྕམ་སྐུ་ཀ་པི་ལཱ་མཆོག་སྐུ་ཚེ་མ་ཟིན་པར་དགོངས་པ་རྫོགས་པར་ཐུགས་ཕམ་ཆེན་པོས་གདུང་སེམས་མཉམ་བསྐྱེད་དང་ཐུགས་སྨོན་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་དེ་སྔ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་དགོངས་རྫོགས་མཆོད་འབུལ་མཛད་སྟོན་ལ་ཆེད་ཕེབས་མཛད་སྐབས་ཐེངས་དང་པོ་ལྕམ་སྐུ་མཆོག་དང་མཇལ་འཕྲད་མཛད་མྱོང་ཡོད་པར་ཐུགས་དྲན་གསོས་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་རྣམ་ཀུན་ནས་ལྕམ་སྐུ་ཀ་པི་ལཱ་མཆོག་ལ་ཨ་མ་ལགས་ཞེས་མཚན་འབོད་མཛད་ཀྱི་ཡོད་པ་དང་། དེའང་ཁོང་གིས་༸གོང་ས་མཆོག་གིས་གཙོས་པའི་བོད་མི་དག་ལ་ཨ་མ་ལྟ་བུས་བྱམས་བརྩེ་གནང་གི་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ལྕམ་སྐུ་ཁོང་གིས་མགོན་པོ་༸གང་ཉིད་མཆོག་གི་ལོ་མང་གོང་ནས་དགོངས་གཞི་ཡོད་པ་བཞིན་བོད་བརྒྱུད་ནང་བསྟན་གྱི་ལེགས་བྱང་རྣམས་སྲུང་སྐྱོབ་དང་གཅེས་ཚགས་སོགས་གནང་རྒྱུར་སྨན་པའི་ཕྱག་རོགས་རྒྱ་ཆེ་གནང་བས་བཀྲིན་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དུ་ཁོང་གིས་ཕྱི་ལོ་ ༡༩༧༠ ནང་དུ་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཐོག་མར་གསར་རྒྱག་གྱི་ལས་གཞི་དབུ་འཛུགས་སྐབས་ནས་བཟུང་མཐར་ལེགས་གྲུབ་ཀྱི་བར་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱག་རོགས་རླབས་ཆེན་གནང་ཡོད་སྐོར་སོགས་བཀའ་སྩལ་འདུག མདོར་ན་ལྕམ་སྐུ་པ་ཀི་ལཱ་མཆོག་སྐུ་འཚོ་བཞུགས་སྐབས་སུ་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་གཙོས་པའི་ལྡི་ལི་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ལ་སོགས་པ་བོད་ཀྱི་ལེགས་བྱང་དང་འབྲེལ་བའི་ལྟེ་གནས་ཁང་གསར་འཛུགས་དང་རྒྱ་སྐྱེད་ལ་དམིགས་པའི་བོད་ཀྱི་མཛའ་གྲོགས་དུས་ཡུན་རིང་ཤོས་ཤིག་གནང་ཡོད་པར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ལྕམ་སྐུ་དམ་པ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་ལེགས་བྱང་གཅེས་ཚགས་དང་གཞན་ཡང་གལ་གནད་ཆེ་བའི་གནད་དོན་མང་པོའི་ཐོག་ཕྱག་ལས་མཛད་སྟངས་ལ་མགོན་པོ་༧གང་ཉིད་མཆོག་ནས་ཡི་རང་མཛད་བཞིན་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་མཆོག་ནས་ལྕམ་སྐུ་ཀ་པི་ལཱ་མཆོག་དང་ལྷན་འདས་པའི་ལོ་མང་རིང་ནས་མཛའ་འབྲེལ་མུ་མཐུད་རྒྱུན་སྐྱོང་མཛད་ཡོད་པ་དང་། འདས་ལོའི་ཕྱི་ཟླ་བཅུ་གཅིག་ནང་རྒྱལ་ས་ལྡི་ལིར་མཇལ་འཕྲད་ཆེས་མཐའ་མ་དེ་མཛད་ཡོད་སྐོར་བཀའ་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་མཚམས་སུ་ད་ལན་ལྕམ་སྐུ་ Kapila Vatsyayan མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་དེས་འཕགས་བོད་གཉིས་ཀར་གྱོང་གུན་ཆེན་པོ་ཕོག་ཡོད་པ་དང་། དམ་པ་ཁོང་ནི་རྒྱ་གར་གྱི་ཐུན་མིན་གནའ་བོའི་སྒྱུ་རྩལ་དང་ལེགས་བྱང་གྱི་དགུང་མཐོའི་གཟུགས་བརྙན་དེ་ཆགས་ཡོད་པར་བཀའ་སྩལ་འདུག གཞི་རྩའི་རྒྱ་གར་གྱི་རིག་གཞུང་ཐོག་མཁས་དབང་གྲགས་ཅན་ཀ་པི་ལཱ་ཝ་ཏི་སེ་ཡ་ཡན་མཆོག་གིས་ད་བར་ཁོང་གིས་རིག་གནས་དང་འབྲེལ་བའི་དཔེ་དེབ་ ༢༠ འདོན་སྤེལ་གནང་ཡོད་པ་དང་། རྒྱ་གར་གྱི་སྲོལ་རྒྱུན་གླུ་གར་འཁྲབ་གཞུང་དང་། ལེགས་བྱང་། ཤེས་ཡོན་སོགས་ཀྱི་ཐོག་ལ་གཟེངས་སུ་ཐོན་པའི་མཛད་རྗེས་རླབས་པོ་ཆེ་བཞག་པར་བརྟེན་ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་དབུས་གཞུང་གིས་དམ་པ་དེ་ཉིད་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཝི་བྷུ་ཤན་ཞེས་པ་དེ་ཕུལ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་ཁ་སང་ཉིན་རྒྱབ་ཏུ་གནང་ཡོད་པ་དང་། སྐབས་དེར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀོད་མངགས་ལམ་བསྟོན་ཕེབས་དོན་ལྟར་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས། དེ་བཞིན་ལྡི་ལི་བོད་ཁང་གི་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས། དྲུང་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་བཅས་ཆེད་བཅར་གྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་ཤུལ་ལུས་སྐུ་འཁོར་ཚོར་ཐུགས་གསོ་སོགས་ཞུས་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་དེ་ཉིད་ཀྱི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་འདུག་པའི་ནང་དུ་ཀ་པི་ལཱ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་སྨོན་དང་དམ་པ་ཁོང་གི་ཤུལ་ལུས་སྐུ་འཁོར་ཡོངས་ལ་ཐུགས་གསོ་ཞུས་པ་དང་སྦྲགས། སྲིད་སྐྱོང་མཆོག་གིས་ལྡི་ལིར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཐོག་ལ་དམ་པ་ཁོང་དང་མཇལ་འཕྲད་ཞུས་པ་དྲན་གསོ་དང་སྦྲགས། སྐུ་འཚོ་བཞུགས་རིང་དམ་པ་ཁོང་གིས་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བར་བཀྲིན་རྗེས་དྲན་ཞུས་པ་མ་ཟད། བོད་མི་རྣམ་པའི་སེམས་ཁོངས་ནས་ཁོང་དུས་ནམ་ཡང་བརྗེད་ཐབས་ མེད་སྐོར་གསུངས་འདུག

བོད་ཀྱི་གྲོགས་པོ་རྙིང་གྲས་ Dr. Kapila Vatsyayan ལགས་དགོངས་པ་རྫོགས་འདུག

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཚུ་ཚོད་ ༩ པའི་ཐོག་བོད་ཀྱི་གྲོགས་པོ་རྙིང་གྲས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་སྒྱུ་རྩལ་བ་གྲགས་ཅན་མཁས་དབང་ Kapila Vatsyayan ལགས་དགོང་ལོ་༩༢ ཐོག་རྒྱལ་ས་ལྡི་ལིའི་རང་ཁྱིམ་དུ་སྐུ་ཚེ་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་འདུག

ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་འོས་འགན་དེ་ང་ཚོ་དང་ལྷག་པར་དུ་སྲིད་དོན་པར་ཡོད་ཅེས་བཀའ་སྩལ་བ།

༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་གོ་ལའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གང་སྤེལ་ཡང་དེར་ཐུགས་དོགས་གང་ཡང་མེད་པར་རྒྱབ་སྐྱོར་མཛད་ངེས་ཡིན་ཞེས་བཀའ་སྩལ་བ་དང་སྦྲགས། གནད་དོན་འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞི་གཅིག་པོ་དེའི་ཡུན་གནས་དང་འབྲེལ་བ་ཡོད་ཅེས་བཀའ་སྩལ་འདུགབོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ The Los Angeles Times ཞེས་པའི་ཨ་རིའི་ཉིན་རེའི་གསར་ཤོག་ཐོག་དམིགས་བསལ་དཔྱད་གཏམ་ཞིག་སྤེལ་གནང་མཛད་དེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནི་ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་ལྗོན་ཤིང་ལ་སྙེ་ནས་སྐུ་བལྟམས་ཤིང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཟད། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་མཛད་པ་དེ་དག་ཀྱང་ལྗོན་ཤིང་འོག་ཏུ་བརྟེན་ཡོད་སྐོར་བཀའ་སྩལ་དང་སྦྲགས། ཅི་སྟེ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་སླར་ཕེབས་ཚེ་ཁོང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་ཕྱག་ལས་མཛད་རྒྱུ་ཐུགས་གཏན་ཁེལ་ཡོད་པར་བཀའ་སྩལ་འདུག༸གོང་ས་མཆོག་གིས་དཔྱད་གཏམ་དེའི་ནང་འདས་པའི་ལོ་མང་གོང་ནས་གཞོན་སྐྱེས་ཕོ་མོ་ས་ཡ་མང་པོས་སྲིད་དོན་གྱི་དབུ་ཁྲོད་ཚོའི་ངོས་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་སྨན་པའི་དོན་འབྲས་སོན་པའི་ཕྱག་བསྟར་གནང་དགོས་པའི་ལས་འགུལ་བསྟུད་མར་སྤེལ་བ་མ་ཟད། སྣོད་བཅུད་ཀྱི་འཇིག་རྟེན་ལ་གཏོར་བཤིག་དང་སྐྱེས་ལྡན་སྣ་མང་ཉུང་དུ་གཏོང་བཞིན་ཡོད་པའི་བྱ་སྤྱོད་ལ་རོགས་འདེགས་ཀྱིས་མང་ཚོགས་ཁྲོད་གོ་རྟོགས་ལས་འགུལ་སྤེལ་བ་ཁག་ལུང་འདྲེན་མཛད་པ་དང། ལྷག་དོན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་བུ་མོ་ན་ཆུང་ Greta Thunberg ལགས་ཀྱིས་ད་བར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་འཕེལ་བའི་གནད་དོན་སོགས་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་བར་ཡི་རངས་བསྔགས་བརྗོད་མཛད་དེ་ལོ་ན་ཆུང་ཆུང་ཞིག་ལ་གོ་ལའི་འགན་ཁུར་གྱི་བསམ་བློ་དེ་འདྲ་ཞིག་ཡོད་པ་དེ་ནི་ངོ་མཚར་ཅན་ཞིག་ཡིན་སྐོར་བཀའ་སྩལ་བ་ཆབས་ཅིག  Greta Thunberg ལགས་ཀྱིས་སྣེ་ཁྲིད་པའི་ Friday for future ཞེས་རེས་གཟའ་པ་སངས་ནི་མ་འོངས་པའི་ཆེད་དུ་ཡིན་པའི་འབོད་ཚིག་གི་ལས་འགུལ་ལ་མགོན་པོ་༸གང་ཉིད་མཆོག་ནས་རྒྱབ་སྐྱོར་ཡོད་པར་བཀའ་སྩལ་འདུགདེ་བཞིན་༸གོང་ས་མཆོག་གིས་མི་རེ་ངོ་རེར་གོ་ལའི་ཁྱིམ་ཚང་འདི་བཟང་ཕྱོགས་སུ་སྣེ་ཁྲིད་རྒྱུའི་འོས་འགན་ཡོད་པ་བཀའ་སྩལ་བ་དང་སྦྲགས། བསྔོ་སྨོན་གསུང་འདོན་ཁོ་ན་གནང་བ་དེས་མི་འགྲིག་པར་ང་ཚོས་དོན་དམ་པར་འགན་ཁུར་དགོས་ཞེས་ལམ་སྟོན་མཛད་པ་མ་ཟད། དུས་རབས་ཉེར་གཅིག་གི་གཞོན་སྐྱེས་ཚོར་དུས་རབས་འདི་ཞི་བདེ་དང་གྲོས་མོལ། དེ་བཞིན་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་དང་གོ་སྐབས་ལྡན་ཡོད། གཞོན་སྐྱེས་དེ་རྣམས་ནི་ང་ཚོའི་རེེ་བ་དང་ཁོང་རྣམ་པའི་འབད་བརྩོན་རྣམས་ནི་བདེན་པ་དང་རྒྱུ་མཚན་ལ་གཞིར་བཅོལ་བ་ཞིག་ཆགས་ཡོད་སྟབས་ན་གཞོན་ཚོས་དོན་དམ་གྱི་འགྱུར་ལྡོག་གནང་བའི་ཐུགས་རེ་ཡོད་པར་བཀའ་སྩལ་འདུག ཕྱོགས་མཚུངས་དེང་གི་དུས་འདིར་ང་ཚོའི་ཁོར་ཡུག་གྱི་གནད་དོན་དང་འོས་བསྡུའི་དབར་འབྲེལ་ལམ་དམ་ཟབ་ཆགས་ཡོད་པར་བཀའ་སྩལ་བ་དང་འབྲེལ། ང་ཚོས་གཞོན་སྐྱེས་ཁོ་ནར་རེ་བ་བཅོལ་ནས་མ་བཞུགས་པར་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་དེ་ཛ་དྲག་གི་ངོ་བོར་ཐུགས་ཁུར་བཞེས་མཁན་གྱི་ཆབ་སྲིད་དབུ་འཁྲིད་རྣམས་འོས་འདེམས་གནང་དགོས་པ་བཀའ་སྩལ་འདུག ༸གོང་ས་མཆོག་གིས་གནད་དོན་འདི་དང་འབྲེལ། དེང་སྐབས་འཇར་མ་ནི་དང་སུད་ཛ་ལན་ཌི། ཧྥི་ལན་ཌི། སྦེལ་ཇམ། དེ་བཞིན་ནི་ཐར་ལན་ཌི། ཨོ་རོབ་གྲོས་ཚོགས་སོགས་ཀྱི་ནང་ལ་ལྗང་ཁུ་ཚོགས་པའི་འཐུས་མི་རྣམས་སྲིད་དོན་མི་སྣར་འོས་འདེམས་གནང་གི་ཡོད་པ་དང་། དེ་ནི་མང་ཚོགས་ཀྱི་དགོངས་འཆར་བརྒྱུད་དེ་སྲིད་དོན་མི་སྣའི་བསམ་བློར་འགྱུར་ལྡོག་ཡོང་བར་བཟང་རྟགས་ཤིག་ཡིན་པར་བཀའ་སྩལ་བ་དང་སྦྲགས། སྤྱིར་མགོན་པོ་༸གང་ཉིད་མཆོག་གིས་སྲིད་དོན་པ་ཚོས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་གནད་ཆེར་ངོས་འཛིན་གནང་གི་མེད་པའི་རྣམ་པ་ཞིག་གཟིགས་ཀྱི་ཡོད་སྐོར་བཀའ་སྩལ་ཏེ་མ་རིག་པ་ནི་རང་ཉིད་ཀྱི་དགྲ་བོ་ཨང་དང་པོ་དེ་ཡིན་པར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་དཔྱད་གཏམ་དེ་ནང་ད་དུང་ང་ཚོས་ཚོགས་འདུ་དང་ལྷན་ཚོགས་སྐོང་ཚོགས་གནང་བ་དེ་ཁོ་ནས་མི་འགྲིག་པར་འགྱུར་ལྡོག་ཡོང་བར་འཆར་གཞི་ལྡན་པའི་དུས་བཅད་གཏན་འབེབས་གནང་དགོས་པ་དང་། གལ་ཏེ་སྲིད་དོན་དབུ་ཁྲིད་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་ཚེ་ང་ཚོར་རེ་བ་གནང་རྒྱུའི་རྒྱུ་མཚན་ལྡན་ཡོད། ང་ཚོས་སྲིད་པའི་དཔལ་ཡོན་དེ་མི་ཁག་ཅིག་གི་འདོད་མོས་ལ་བལྟས་ནས་བློས་བཏང་གནང་རྒྱུ་མེད་པར་ལམ་སྟོན་མཛད་འདུག གཞན་ཡང་༸གོང་ས་མཆོག་གིས་ཉེ་ཆར་རྟོག་ཞིབ་པ་ཚོས་འཛམ་གླིང་འདི་དུག་རྫས་ནག་པོ་སྤྱོད་ཚད་ཡོངས་སུ་བརྒལ་ཡོད་པའི་གྲུབ་དོན་ར་འཕྲོད་བྱུང་བ་ལྟར་ད་ལྟའི་ང་ཚོའི་དུས་སྐབས་འདི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་པ་དང་། ལྷག་དོན་སྲིད་དོན་པ་ཚོས་སྔ་རྗེས་སུ་རྒྱུ་མཚན་འདྲ་མིན་ལ་སྙད་བཏགས་ཀྱང་ང་ཚོས་ངེས་པར་དུ་དུས་ཚོད་ཐབས་མཁས་ཀྱི་ཐོག་ནས་སྤྱོད་དགོས་པར་བཀའ་སྩལ་འདུག འཛམ་གླིང་འདིར་གནས་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་རྣམས་ནས་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་ལྟར་གོ་ལ་ཁྱོན་ཡོངས་དང་འབྲེལ་བའི་ཁོར་ཡུག་གི་གནད་དོན་ལ་བསྐྱར་ཞིབ་གནང་གལ་ཡིན་པ་དང་། གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་གདོང་ལེན་གནང་བཞིན་པའི་དུས་སྐབས་འདིར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེ་ནི་ང་ཚོ་ཡུན་གནས་ཐུབ་པར་དོན་དམ་གྱི་གནད་དོན་ཞིག་ཡིན་པར་བཀའ་སྩལ་འདུག ང་ཚོའི་མ་འོངས་པའི་མི་རབས་གཞོན་པ་ཚོ་ཇི་ལྟར་ཆགས་མིན་ང་ཚོའི་ལག་ཏུ་ཡོད་པར་བརྟེན་ང་ཚོས་རྗེས་ཤོར་མ་བྱུང་བའི་སྔོན་དུ་ཆོད་སེམས་བརྟན་པོས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གདོང་ལེན་གྱི་ལས་དོན་གཉེར་དགོས་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་བ་དང་། རྩ་བའི་༸གོང་ས་མཆོག་ལ་བུ་ཕྲུག་གང་ཡང་མེད་ཀྱང་བུ་ཕྲུག་ཡོད་མཁན་ཚོས་ཕྲུ་གུར་རང་ཉིད་སོ་སོ་དང་དེ་དག་གི་བུ་ཚའི་མི་ཚེ་ཇི་ལྟར་སྐྱེལ་དགོས་པའི་ཐོག་ལ་བསམ་བློ་གཏོང་དགོས་པ་དང་། ང་ཚོ་དུས་རབས་ ༢༡ གི་འགོ་སྟོད་འདིར་ཡོད་ཀྱང་ངེས་པར་དུ་དུས་རབས་ ༢༢ དང་ ༢༣ ནང་གནས་སྟངས་ཇི་ཆགས་ཐོག་ལ་དགོངས་བཞེས་གནང་དགོས་ཞེས་ལམ་སྟོན་སྩལ་འདུགགཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་གཙོ་སྐྱོང་གནང་བའི་ཐོག་ G7 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་འདུ་འཛོམས་ཀྱིས་དྲ་ཐོག་བརྒྱུད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་ལྷན་དུ་དཔལ་འབྱོར་དང་ཁོར་ཡུག་གི་དྲང་བདེན་སྤྱི་ཡོངས་ལ་དགོས་ཞེས་པའི་བརྗོད་གཞིའི་ཐོག་ལོ་འཁོར་གྱི་ཚོགས་འདུ་ཐེངས་ ༡༩ ཚོགས་པར་གོ་ལའི་ཚ་དྲོད་ཀྱི་རྐྱེན་གྱིས་ད་ཆ་དངོས་སུ་མི་མང་པོར་ངལ་བ་བཟོད་བརླགས་མེད་པའི་འཕྲད་ཀྱི་ཡོད་སྟབས་ང་ཚོས་གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་ངེས་པར་དུ་ཐུགས་སྣང་མང་ཙམ་གནང་དགོས་ཞེས་ལམ་སྟོན་སྩལ་ཡོད།

ཚོགས་གཙོ་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་བ་གཉིས་ཀྱི་དགོངས་རྫོགས་ལ་ཐུགས་གསོ།

རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་ཁྲིད་རྒན་གྲས་སློབ་དཔོན་ Dr. Raghuvansh Prasad Singh མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༣ ཉིན་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འཕྲལ། ཁ་སང་ཕྱི་ཚེས་ ༡༤ ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་གནང་སྟེ་དམ་པ་ཁོང་གི་ཤུལ་ལུས་ཀྱི་ནང་མི་གཉེན་འབྲེལ་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་ཏེ། སྐུ་ཞབས་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་དང་། ཁོང་གི་ནང་མི། དེ་བཞིན་ང་ཚོ་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་བྱུང་ཡོད་སྟབས་། ཚོགས་གཙོ་མཆོག་གིས་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

ང་ཚོས་གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་ཐུགས་སྣང་མང་ཙམ་གནང་དགོས།

དེ་རིང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་གཙོ་སྐྱོང་གནང་བའི་ཐོག་ G7 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་འདུ་འཛོམས་ཀྱིས་དྲ་ཐོག་བརྒྱུད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་ལྷན་དུ་དཔལ་འབྱོར་དང་ཁོར་ཡུག་གི་དྲང་བདེན་སྤྱི་ཡོངས་ལ་དགོས་ཞེས་པའི་བརྗོད་གཞིའི་ཐོག་ལོ་འཁོར་གྱི་ཚོགས་འདུ་ཐེངས་ ༡༩ ཚོགས་པ་དང་སྦྲགས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་ཐབས་ལ་ང་ཚོས་ཐུགས་སྣང་མང་ཙམ་གནང་དགོས་སྐོར་བཀའ་སྩལ་སོང་། དེ་རིང་ཕྱི་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ངོ་དེབ་བརྒྱུད་ G7 ཞེས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་དྲ་ལམ་གྱི་ཚོགས་འདུར་བཀའ་སློབ་སྩལ་བའི་བརྙན་ཐུང་འདོན་སྤེལ་གནང་བར་༸གོང་ས་མཆོག་གིས་གོ་ལའི་ཚ་དྲོད་ནི་ད་ཆ་དངོས་སུ་འཛམ་གླིང་སྤྱིར་དཀའ་ངལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ད་ཆ་གོ་ལའི་ཚ་དྲོད་ཀྱི་རྐྱེན་གྱིས་ཨེ་ཤ་ཡའི་ཆུ་བོའི་འགོ་ཁུངས་ལྟ་བུར་གྱུར་པའི་བོད་མཐོ་སྒང་གི་འཁྱག་རོམ་བཞུར་ཚད་མྱུར་བ་དང་། ཁ་བ་བབ་ཚད་ཀྱང་ཇེ་ཉུང་དུ་འགྲོ་ཡོད་པ། དེ་བཞིན་དྷ་རམ་ས་ལར་ལྟ་བུར་ཆ་མཚོན་ན་དེ་འབྲེལ་གྱི་གནས་སྟངས་གཅིག་མཚུངས་སུ་གྱུར་ཡོད་པ། ལྷག་པར་དུ་ཨ་ཕི་རི་ཀ་དང་རྒྱ་གར། རྒྱ་ནག་གི་ས་ཁུལ་ཁག་ཅིག་ཏུ་ཆར་པ་རྒྱུན་མི་ཆད་པ་བབས་པ་དང་། ས་གནས་ཁག་ཅིག་ལ་ཆར་པ་མེད་པར་སྐམ་པོ་གྱུར་བའི་གནས་སྟངས་སོགས་ཆགས་ཡོད་པར་བཀའ་སྩལ་དང་སྦྲགས། གང་ལྟར་གོ་ལའི་ཚ་དྲོད་ཀྱི་རྐྱེན་གྱིས་དབུལ་ཕོངས་ལ་ཧ་ཅང་ངལ་བ་འཕྲད་ཀྱི་ཡོད་པ་བཀའ་སྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་ད་རེས་སྟོབས་ཆེན་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམ་པས་འགན་ཁུར་བཞེས་ཏེ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ལ་ཐུགས་སྣང་ཆེ་བཞེས་ཀྱིས་གྲོས་བསྡུར་གནང་བ་དེར་ཡི་རངས་བསྔགས་བརྗོད་མཛད་པ་དང་ཆབས་ཅིག ང་ཚོས་འཛམ་གླིང་གི་མི་ཐེར་འབུམ་བདུན་པོ་རྣམས་འགྲོ་བ་མི་གཅིག་གྱུར་གྱི་སྤྱི་ཚོགས་ཤིག་ཡིན་པའི་འདུ་ཤེས་འཛིན་དགོས་པ་མ་ཟད་ད་ཆ་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གཏོང་དགོས་པའི་དུས་ཚིགས་ཤིག་ཆགས་ཡོད་པ་རེད། གོ་ལའི་ཚ་དྲོད་ཀྱི་རྐྱེན་གྱིས་ད་ཆ་དངོས་སུ་མི་མང་པོར་ངལ་བ་བཟོད་བརླགས་མེད་པའི་འཕྲད་ཀྱི་ཡོད་སྟབས་ང་ཚོས་གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་ངེས་པར་དུ་ཐུགས་སྣང་མང་ཙམ་གནང་དགོས་ཞེས་ལམ་སྟོན་སྩལ་སོང་། གཞི་རྩའི་ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ཨ་མི་རི་ཀས་དབུས་པའི་ཉི་ཧོང་དང་འཇར་མ་ནི། ཨི་ཊ་ལི། ཕ་རན་སི། དབྱིན་ཡུལ། ཁེ་ན་ཌ་བཅས་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམས་ནས་མཉམ་ཞུགས་གནང་ཡོད་པ་རེད།

རོལ་དབྱངས་ལམ་ནས་སེམས་ཅན་ཀུན་ལ་བདེ་སྐྱིད་ཀྱི་ཚོར་བ་སྐྲུན་གྱི་ཡོད་པ་བཀའ་སྩལ་བ།

ཁ་སང་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ཨ་རི་ནང་གྲགས་ཆེ་བའི་ Rolling Stone ཞེས་པའི་དུས་དེབ་ཀྱི་རྩོམ་པ་པོ་རྒན་གྲས་ལྕམ་ Alex Morris ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་དྲྭ་ལམ་བརྒྱུད་འདི་ལོའི་༸སྐུའི་འཁྲུངས་སྐར་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གི་མཚན་སྔགས་དང་ཐུགས་སྨོན་ལས་གྲུབ་པའི་ Inner World འམ་ནང་སེམས་ཀྱི་འཛམ་གླིང་ཞེས་པའི་རོལ་དབྱངས་ཀྱི་འཁོར་ཐག་དང་ཏོག་དབྱིབས་ ༡༩ གནད་དོན་ཐོག་ལ་རྒྱལ་སྤྱིའི་འགན་འཁུར་ཞེས་པ་དང་འབྲེལ་མང་ཚོགས་ནས་གདོང་ལེན་གནང་ཕྱོགས་སྐོར་ལ་སྐར་མ་ ༡༧ ཅན་གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུགབཀའ་འདྲི་དེའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གི་མཚན་སྔགས་དང་ཐུགས་སྨོན་ལས་གྲུབ་པའི་ནང་སེམས་ཀྱི་འཛམ་གླིང་ཞེས་པའི་རོལ་དབྱངས་ཀྱི་འཁོར་ཐག་དང་འབྲེལ་ Alex ལགས་ཀྱིས་རོལ་དབྱངས་ཀྱི་ཐོག་ནས་འགྲོ་བ་མི་ལ་ཕན་ཐོགས་ཇི་ལྟར་ཐུབ་བམ་ཞེས་པའི་བཀའ་འདྲི་བརྒྱུད་དེ་མགོན་པོ་མཆོག་ནས་རོལ་དབྱངས་གང་ཞིག་གསན་གནང་མཛད་ཀྱི་ཡོད་དམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་གནང་སྒོའི་ནང་རོལ་ཆ་དཀྲོལ་སྲོལ་ཡོད་པ་དེ་ཡང་རོལ་དབྱངས་ཀྱི་ཆ་ཤས་ཤིག་ཡིན་པ་ལྟར། འགྲོ་བ་མི་ཙམ་མིན་པར་སེམས་ཅན་གཞན་ལའང་རོལ་དབྱངས་ཀྱི་ལམ་ནས་བདེ་སྐྱི་ཀྱི་ཚོར་བ་དང་ཞི་བདེ་སྐྲུན་གྱི་ཡོད་པར་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་རྟག་ཏུ་དཔྱད་སྒོམ་མཛད་ཀྱི་ཡོད་པར་བཀའ་ལན་སྩལ་བ་དང་ཆབས་ཅིག སྒོམ་སྐྱོན་པ་དེས་ནང་སེམས་ལ་ཞི་བདེ་བསྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པ་དང་བསམ་བློ་རྒྱ་ཆེ་ས་ནས་གཏོང་རྒྱུའི་ནུས་པ་ཆེན་པོ་ཡོད་པ་ལམ་སྟོན་མཛད་འདུག Rolling Stone གསར་ཁང་གི་ལེ་ཚན་དེའི་ནང་རྒྱལ་སྤྱིའི་དཔོན་རིགས་དང་ལྷན་དུ་མཇལ་འཕྲད་དང་འབྲེལ་ Alex ལགས་ཀྱིས་ད་བར་༸གོང་ས་མཆོག་ཨ་རིའི་སྲིད་འཛིན་རིམ་པའི་ཁྲོད་སྐུ་ཞབས་ trump དང་མཇལ་མོལ་མཛད་རྒྱུ་བྱུང་མེད་སྟབས། ཅི་སྟེ་མགོན་པོ་མཆོག་ཁོང་དང་ལྷན་དུ་མཇལ་མོལ་གནང་རྒྱུ་བྱུང་ཚེ་བཀའ་གང་བསྩལ་རྒྱུའི་དགོངས་པ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་གཙོས་ར་ཤི་ཡ་དང་། རྒྱ་ནག རྒྱ་གར་བཅས་ཀྱི་འགོ་ཁྲིད་དང་མཇལ་མོལ་གནང་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་བསྩལ་བ་དང་འབྲེལ། རྒྱལ་སྤྱིའི་འགོ་ཁྲིད་ཚོའི་ངོས་ནས་འགྲོ་བ་རྣམས་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་དགོས་པ་ལས་རང་ཉིད་ཀྱི་རྒྱལ་ཁབ་གཅིག་པོའི་སླད་དུ་དགོངས་པ་བཞེས་རྒྱུ་མེད་པར་བཀའ་སྩལ་ཡོད་པ་རེད།ད་དུང་ Alex Morris ལགས་ཀྱིས་ཏོག་དབྱིབས་རིམས་ནད་ཀྱི་དུས་སྐབས་འདིར་མང་ཚོགས་ནས་གདོང་ལེན་གནང་ཕྱོགས་དང་རིམས་ནད་དེ་ཞི་སླད་ཕྱག་ལས་གནང་མཁན་དག་ལ་ལམ་སྟོན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཚན་རིག་པ་ཚོས་སྐུ་ལས་སྐྱོན་ནས་རིམས་ནད་དེ་བཅོས་ཐབས་ཀྱི་སྨན་བཟོ་བཞིན་པ་ལ་བསྔགས་བརྗོད་མཛད་དེ་མུ་མཐུད་ནས་དེ་ལྟར་གནང་གལ་ཡིན་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོད་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།།ཞེས་པ་ལྟར་རིམས་ནད་དེར་དངངས་སྐྲག་དང་འཇིགས་སྣང་གནང་ན་ཕན་ཐོགས་གང་ཡང་མེད་སྟབས་དེར་གདོང་ལེན་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག Alex Morris ལགས་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་མཐའ་མར་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་དགའ་ལྡན་ཕོ་བྲང་རྒྱུན་གནས་དང་འབྲེལ་བའི་སྐོར་ལ་བཀའ་འདྲི་ཞུས་པར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལས་ད་ལྟའི་སྐུ་ཐོག་འདི་འགྲོ་དོན་རྒྱ་ཆེ་བ་མཛད་ཐུབ་པར་དགོངས་བཞིན་ཡོད་པར་བཀའ་བསྩལ་བ་དང་འབྲེལ། དེ་སྔ་༸རྒྱལ་བ་སྐུ་ཕྲེང་དང་པོ་མཆོག་གིས་སྐུ་ཐོག་རྗེས་མ་དེ་ས་གནས་གང་ཞིག་ཏུ་དཀའ་ངལ་ཆེ་བ་དང་དགོས་མཁོ་ཆེ་བ་ཡོད་པ་དེར་འཁྲུངས་རྒྱུའི་ཐུགས་སྨོན་མཛད་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་ཇི་སྲིད་ནམ་མཁའ་གནས་པ་དང་འགྲོ་བ་ནམ་གནས་ཀྱི་བར་དེ་སྲིད་དུ་འགྲོ་བའི་སྡུག་བསྔལ་སེལ་ཕྱིར་ཕེབས་རྒྱུའི་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག ༸སྐུའི་ཡང་སྲིད་དང་དགའ་ལྡན་ཕོ་བྲང་གི་བླ་བྲང་དེ་དགོས་མིན་ནི་བོད་མི་གཙོས་ཧི་མཱ་ལ་ཡའི་རི་རྒྱུད་དུ་གནས་མཁན་དང་སོག་པོའི་དད་ལྡན་པ་ཡོངས་ལ་རག་ལས་ཡོད་པ་བཀའ་སྩལ་འདུག

དེང་དུས་ཀྱི་བྱིས་པ་རྣམས་ནི་ང་ཚོའི་མ་འོངས་པའི་རེ་བ་ཡིན་པ་བཀའ་སྩལ་བ།

དེ་རིང་ཟླ་ ༩ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་དྲྭ་ཐོག་བརྒྱུད་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དང་རྒྱལ་ཁབ་སོ་སོའི་དབུ་ཁྲིད་འདུ་འཛོམས་ཀྱིས་ Fair Share for Children ཞེས་བྱིས་པར་དྲང་བདེན་གྱི་ཐོབ་སྐལ་དགོས་ཞེས་པའི་ལྷན་ཚོགས་གནང་ཡོད་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ཐུང་བརྒྱུད་དེང་དུས་ཀྱི་བྱིས་པ་རྣམས་ནི་ང་ཚོའི་མ་འོངས་པའི་རེ་བ་ཡིན་ཞེས་བྱིས་པ་ཚོའི་འོས་འགན་སྐོར་དམིགས་བསལ་བཀའ་སློབ་བཀྲིན་ཆེ་བ་སྩལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་དེ་རིང་༸གོང་ས་མཆོག་གིས་ལྷན་ཚོགས་དེ་དང་འབྲེལ་བའི་བཀའ་སློབ་བསྩལ་བའི་བརྙན་ཐུང་ཞིག་ཡོངས་གྲགས་འདོན་སྤེལ་གནང་འདུག་པ་དང་། བརྙན་ཐུང་དེའི་ནང་༸གོང་ས་མཆོག་གིས་མ་འོངས་པར་འཛམ་གླིང་གི་གནས་བབ་གང་འདྲ་ཆགས་མིན་དེ་ང་ཚོའི་ལག་ཏུ་ཡོད་པ་དང་དེའི་ཁྲོད་དེང་དུས་ཀྱི་བྱིས་པ་རྣམས་ནི་ང་ཚོའི་མ་འོངས་པའི་རེ་བ་ཡིན་པར་བཀའ་སྩལ་འདུག༸གོང་ས་མཆོག་གིས་ད་དུང་དེ་སྔ་དུས་རབས་ ༢༠ འི་ནང་དྲག་རྩུབ་ཀྱི་བྱ་སྤྱོད་མང་དག་ཅིག་སྤེལ་ཡོད་ཀྱང་། ད་ཆ་དུས་རབས་ ༢༡ ནང་དེ་སྔ་དང་བསྡུར་ན་དེ་འབྲེལ་གྱི་བྱ་སྤྱོད་སྤེལ་རྒྱུ་ཇེ་ཉུང་དུ་འགྲོ་ཡོད་པ་མ་ཟད། དེང་གི་དུས་ཚོད་ནང་འཛམ་གླིང་ཞི་བདེའི་ཐོག་དམིགས་བསལ་ཐུགས་སྣང་གསར་པ་ཞིག་གནང་གི་ཡོད་སྟབས། དེང་རབས་ཀྱི་བྱིས་པ་རྣམས་ནི་མ་འོངས་པར་འཛམ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་བསྐྲུན་མཁན་གྱི་མི་རབས་གཙོ་བོ་ཆགས་ཡོད་པར་བཀའ་སྩལ་འདུག  ལྷག་པར་དུ་༸གོང་ས་མཆོག་གི་མགོན་པོ་༸གང་ཉིད་མཆོག་ནི་འགྲོ་བ་ཀུན་གྱི་བདེ་དོན་གཙོ་བོར་འཛིན་མཁན་གྱི་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་པར་བཀའ་སྩལ་བ་དང་འབྲེལ། འཛམ་གླིང་གི་མང་ཚོགས་ཁྲོད་དབུལ་ཕྱུག་གཉིས་དབར་བར་ཁྱད་ཧ་ཅང་ཆེན་པོ་ཡོད་པར་བརྟེན་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་དོན་སླད་ད་ལྟའི་བྱིས་པ་རྣམས་ནས་སླད་མར་དབུལ་ཕྱུག་གཉིས་དབར་བར་ཁྱད་མེད་པ་བཟོ་རྒྱུར་དོ་སྣང་བྱེད་དགོས་པར་ལམ་སྟོན་མཛད་ཡོད།གཞི་རྩའི་ Laureates and Leaders for Children ཞེས་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ཚོགས་སྡེ་དེ་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Kailash Satyarthi མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དང་དབུ་ཁྲིད་ཁག་ཅིག་གི་འཆར་སྣང་འོག་ཕྱི་ལོ་ ༢༠༡༦ ལོར་ཆེད་འཛུགས་གནང་ཡོད་པ་རེད། ད་རེས་ཀྱི་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་རྣམས་ཀྱིས་བྱིས་པར་དྲང་བདེན་གྱི་ཐོབ་སྐལ་དགོས་ཞེས་པའི་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་དང་བཀའ་བསྡུར་གནང་རྒྱུ་དང་། ལྷག་པར་དུ་ད་ཆ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ཚེགས་ཆེ་བའི་དུས་སྐབས་ཁྲོད་དངོས་སུ་དཀའ་ངལ་འོག་ལྷུང་བའི་བྱིས་པ་རྣམས་ལ་གཞུང་ནས་རོགས་འདེགས་ཇི་ཙམ་གནང་གི་ཡོད་པ་དང་། ཕྲུ་གུ་དེ་དག་ལ་གྱོང་གུད་ག་ཚོད་ཕོག་ཡོད་པ། དེ་བཞིན་ཕྲུ་གུའི་ངལ་རྩོལ་དང་བྲན་གཡོག་བཀོལ་སྤྱོད། ཕྲུ་གུ་ཚོང་འགྲེམས་དང་སློབ་སྦྱོང་གི་གོ་སྐབས་སོགས་ཀྱི་གནད་དོན་ཐོག་ལའང་བཀའ་བསྡུར་གནང་གི་ཡོད་པ་རེད། ཚོགས་པའི་དྲྭ་གནས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ལོ་ ༢༠༢༡ ལོ་དེ་ཕྲུ་གུའི་ངལ་རྩོལ་རྩ་མེད་ཀྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་དོན་ལྟར་ཏོག་དབྱིབས་ཁྱབ་གདལ་ལ་ཁག་དཀྲིས་ཏེ་ཕྲུ་གུའི་བདེ་དོན་ལ་སྣང་མེད་གཏོང་ཐབས་མེད་སྐོར་གསུངས་པ་དང་འབྲེལ། གཉན་རིམས་ཞི་བའི་རྗེས་སུ་འཛམ་གླིང་གི་ས་ཕྱོགས་གང་སར་ཕྲུ་གུའི་ངལ་རྩོལ་ཇེ་མང་དུ་འགྲོ་ངེས་ཡིན་སྟབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་གནད་དོན་དེར་གདོང་ལེན་གནང་ཕྱིར་དམིགས་བསལ་གྱིས་འབད་བརྩོད་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཛུ་རིག་ནས་གྲོང་ཁྱེར་ཇི་ནེ་ཝ་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས།

དེང་ཆར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་དོན་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པའི་ཁྲོད་འདིར་ཁ་སང་ཕྱི་ཟླ་ ༩ ཚེས་ ༨ ཉིན་ཞོགས་པ་ཚོུད་ ༩ ཐོག་རྒྱ་ནག་གཞུང་ཚབ་ཁང་མདུན་ཐང་དུ་སུད་སི་ཛུ་རིག་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་བསྟན་རྣམ་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་འོག་སྤེན་པ་ཚེ་རིང་ལགས་དང་། བཀྲིས་རྣམ་རྒྱལ་ལགས། དགེ་ལེགས་རྣམ་རྒྱལ་ལགས། དེ་བཞིན་བློ་བཟང་ལགས་བཅས་བོད་མི་ལྔས་མ་སྐུལ་དང་བླངས་ཀྱིས་ངོ་རྒོལ་སྐད་འབོད་སོགས་གནང་སྟེ་སྤྱི་ལེ་ ༣༠༠ ལྷག་ཡོད་པའི་སུད་སི་གྲོང་ཁྱེར་ཛུ་རིག་ནས་ཇི་ནེ་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལས་འགུལ་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཛུ་རིག་བདེ་སྲུང་སྤྱི་ཁྱབ་འགན་འཛིན་ Mario Fehr ལགས་དང་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལྷན་འཛོམས་གནང་ཡོད་པ་དང་། སྐུ་ཞབས་ Mario Fehr ལགས་ཀྱིས་སུད་སི་གཞུང་གིས་བོད་མིའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ལྷག་དོན་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་འབོད་སྒྲ་ནི་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་ཞི་མོལ་གྱི་གྲོས་མོལ་གནང་རྒྱུ་ཡིན་པ་དེ་ནི་ཧ་ཅང་འོས་འཚམས་ཤིག་ཡིན་པ་དང་། སུད་སི་གཞུང་གིས་བོད་དོན་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་པ་ལྟར་མུ་མཐུད་ནས་དེ་ལྟར་གནང་ངེས་ཡིན་པ་མ་ཟད། ཁོང་སྐུ་སྒེར་དང་ཛུ་རིག་ས་གནས་གཞུང་གི་ཚབ་ཞུས་ཏེ་ལས་འགུལ་སྤེལ་དོན་བཞིན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་འདུགརྩ་བའི་ཛུ་རིག་བོད་རིགས་སྤྱི་མཐུན་ཚོགས་པས་རྐང་འགན་བཞེས་ཏེ་གོ་སྒྲིག་གནང་བའི་ལས་འགུལ་དེ་ཁ་སང་ཚེས་ ༨ ཉིན་དབུ་འཛུགས་དང། རྒྱལ་ས་སྦན་བརྒྱུད་རིམ་བཞིན་ཚེས་ ༡༨ ཉིན་སུད་སི་ཇིི་ནི་ཝ་གྲོང་ཁྱེར་དུ་མཇུག་སྒྲིལ་གནང་འཆར་ཡོད་པ་དང་། ལས་འགུལ་བ་རྣམས་ནས་ཐེངས་འདིའི་གོམ་བགྲོད་བརྒྱུད་གཙོ་བོ་སུད་སི་གཞུང་དང་རྒྱལ་ཚོགས་བཅས་ལ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་ཞི་མོལ་ཡོང་ཐབས་དུ་གྲོས་མོལ་དབུ་འཛུགས་གནང་བར་གནོན་ཤུགས་སྤྲོད་དགོས་པ་དང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཀྱི་གནས་སྟངས་གང་ཡིན་མངོན་གསལ་བྱེད་དགོས་པ། དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་མ་ཟད། རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་བཏང་བའི་འགན་འཁྱེར་འཇུག་དགོས་པ། ཨ་རིའི་སྲིད་གཞུང་ནས་བོད་དོན་དང་འབྲེལ་བའི་སྲིད་བྱུས་རྩ་འཛིན་གྱིས་རྒྱ་མིའི་འགོ་ཁྲིད་རྣམས་ཨ་རིར་འགྲོ་སྐྱོད་མཐོང་མཆན་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་བཞག་གནང་བ་བཞིན་སུད་སི་གཞུང་གིས་ཀྱང་དེ་མཚུངས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་སྟེ་རྒྱ་ནག་གི་བྱས་ཉེས་ལ་ཁྲིམས་མཐུན་རྒོལ་ལན་གནང་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་འདོན་གནང་འདུག ལས་འགུལ་སྣེ་ཁྲིད་གནང་མཁན་སྐུ་ཞབས་བསྟན་རྣམ་ཕུན་ཚོགས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ལས་འགུལ་གྱི་དགོས་དམིགས་གང་ཡིན་ངོ་སྤྲོད་གནང་བ་དང་། དེ་བཞིན་ཁོང་གིས་བྱེས་སུ་བཞུགས་པའི་བོད་མི་རྣམས་ལ་བོད་དོན་ལས་འགུལ་རྒྱ་གང་ཆེ་སྤེལ་དགོས་གལ་ཡིན་པའི་གཞེན་སྐུལ་དང་གཞིས་བཞུགས་རྒྱ་ཆེ་མང་ཚོགས་ལ་ཁོང་རྣམ་པའི་མངོན་འདོད་ལྟར་རྒྱལ་ཚོགས་སུ་གང་ཐུབ་ཞུ་ངེས་ཡིན་པར་གསུངས་སོང་། གཞི་རྩའི་ཐེངས་འདིའི་བོད་དོན་གོམ་བགྲོད་དེ་བཞིན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སུད་སི་གྲོང་ཁྱེར་ཇི་ནེ་ཝར་ལས་འགུལ་མཇུག་སྒྲིལ་གནང་གི་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱིས་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་སུད་སི་གཞུང་དང་རྒྱལ་ཚོགས། དེ་བཞིན་རྒྱ་ནག་གི་གཞུང་ཚབ་ཁག་དང་ཡན་ལག་ལས་ཁུངས་བཅས་སུ་ལས་འགུལ་དེའི་དགོས་འདུན་ཐོག་ཞུ་གཏུག་གནང་རྒྱུ་ཡིན་པ་རེད་འདུག

རྒྱ་ནག་གིས་ཨ་རིའི་གསར་འགོད་པའི་ལག་འཁྱེར་འཕར་འགྱངས་ཞུ་རྒྱུར་བཀག་སྡོམ།

དེང་སྐབས་ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྐབས་འདིར། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་འཕར་འགྱངས་བྱེད་རྒྱུར་དམ་དྲག་བྱེད་བཞིན་པ་མངོན་གསལ་གནང་འདུག

Latest news