Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཕྱིར་སླར་ཡང་གོ་སྐབས་གཉིས་པ་གནང་བ།

དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་ཉིད་གྲངས་ ༤༥ དང་དེ་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ པའི་དགོངས་དོན་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་འོས་འཕེན་པའི་མིང་ཐོ་སྣོན་འཕྲི་གནང་རྒྱུ་བཅས་ཀྱི་དུས་ཚོད་གནང་དོན་ལྟར་འདས་པའི་དུས་ཡུན་དེའི་རིང་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༢༦ ནས་སྲི་སྤྱི་གཉིས་ཀྱི་འོས་འཕེན་པའི་དེབ་སྐྱེལ་གནང་མཁན་ ༧༩༦༩༧ ལས་བྱུང་མེད་པ་དང་འབྲེལ་ཏེ་སླར་དེབ་འགོད་གནང་རྒྱུའི་གོ་སྐབས་གཉིས་པ་ཞིག་གནང་སོང་།དེ་རིང་ཟླ་ ༡༡ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་ཚོུད་ ༣༌༠༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས་དང་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་གཉིས་དབུ་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། དབུས་འོས་བསྡུ་ལས་ཁང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་རྒྱུའི་དུས་ཚོད་གནང་བ་བཞིན་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྒྱ་གར་གཙོས་ཕྱི་རྒྱལ་ཁག་ ༢༦ ནང་ཡོད་པའི་ས་གནས་འོས་བསྡུ་ལས་ཁང་ ༥༨ ནས་འོས་འཕེན་པའི་མིང་གཞུང་དེབ་འགོད་དང་འབྲེལ་བའི་ལས་གཞི་གཙང་སྒྲིལ་ཟིན་ནས་ད་བར་རྒྱ་གར་ནང་ཁྱོན་བསྡོམས་འོས་འཕེན་པའི་གྲངས་ ༥༥༦༨༣ དང་ཕྱི་རྒྱལ་ཁག་ནང་འོས་འཕེན་པའི་གྲངས་ ༢༤༠༡༤ བཅས་ཁྱོན་བཙན་བྱོལ་ནང་སྲིད་སྤྱི་གཉིས་ཀྱི་འོས་འཕེན་པའི་དེབ་སྐྱེལ་གནང་མཁན་ ༧༩༦༩༧ བྱུང་ཡོད་པ་གསུངས་སོང་། ད་ལྟའི་ཆར་འོས་འཕེན་པའི་དེབ་སྐྱེལ་གནང་མཁན་ ༧༩༦༩༧ བྱུང་བ་དེ་ནི་དེ་སྔ་ ༢༠༡༦ ལོའི་འོས་བསྡུ་ཆེན་མོའི་སྐབས་སུ་དེབ་སྐྱེལ་བྱུང་བ་དང་བསྡུར་ཚེ་ ༡༠༨༨༠ ཉུང་བ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་ཉེ་ལམ་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་འོས་བསྡུའི་ཟབ་སྦྱོང་ཕུལ་སྐབས་ས་གནས་མང་དག་ཅིག་ནས་དགོངས་འཆར་བྱུང་བ་ལྟར་དབུས་འོས་བསྡུ་ལས་ཁང་གིས་དགོངས་པ་ཆེ་བཞེས་ཐོག་སླར་ཡང་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡༢ ཕྱི་ཚེས་ ༢༣ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་མིང་གཞུང་དེབ་འགོད་གནང་རྒྱུའི་གོ་སྐབས་གཉིས་པ་ཞིག་གནང་སོང་བ་དང་། གོང་ཚེས་རྗེས་ཀྱི་འོས་འཕེན་པ་རང་ལོ་ ༡༨ ཧྲིལ་པོ་གསར་དུ་ལོན་རིགས་རྣམས་ ༢༠༢༡ ཕྱི་ཟླ་ ༡ ཚེས་ ༢ བར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཙན་ ༡༨ ནང་གསེས་ ༣ པའི་༼ག༽ པ་གཞིར་བཟུང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཆོག་པ་གསུངས་ཡོད།  རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སྐབས་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་གནང་མཁན་ ༨༣༩༩༠ དང་། ༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སྐབས་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གནང་མཁན་ ༩༠༣༧༧ བྱུང་ཡོད། གསར་འགོད་ལྷན་ཚོགས་ཐོག་ཉེ་ལམ་ཨ་རིར་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་Youtube དྲ་ལམ་བརྒྱུད་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་འདེམས་ཀྱི་སྐོར་ལ་བསམ་གཞིགས་གནང་བ་ཞེས་པའི་བཀའ་མོལ་ནང་དེ་སྔ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་རང་བཙན་འཐབ་རྩོད་པ་རྣམས་བྱུས་གཏོགས་མེད་པ་དང་། དབུ་མའི་ལམ་ཁོ་རང་ཚོ་རང་འཁུར་རང་སིམ་ལྟ་བུར་གནང་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་སྐབས་དེའི་འོས་བསྡུའི་བརྒྱུད་རིམ་སྐབས་ཀྱི་ཐག་གཅོད་ཁག་འགྲེལ་བརྗོད་གནང་བ་དང་སྦྲགས། འཇམ་དབྱངས་ནོར་བུ་ལགས་ཀྱི་བཀའ་མོལ་དེ་ནི་ཧ་ཅང་གི་ཐལ་ཆའི་བཀའ་མོལ་ཞིག་ཡིན་པ་དང་། དབུས་འོས་བསྡུ་ལས་ཁང་འདི་ནི་འོས་བསྡུའི་ལས་རིམ་གནང་རྒྱུ་ལས་ལྟ་བ་དང་ལངས་ཕྱོགས་སོགས་གང་ཡིན་གྱི་གནས་སྟངས་ལ་རྩ་བ་ནས་གཟིགས་ཀྱི་མེད་པར་གསུངས་སོང་། འཇམ་དབྱངས་ནོར་བུ་ལགས་ནས་ཐེངས་འདིའི་འོས་བསྡུའི་སྐབས་བོད་ཀྱི་རྒྱལ་དར་སྤྱོད་མི་ཆོག་པ་བཟོས་པ་དེ་ནི་རྒྱལ་ཁབ་ཅིག་གི་འོས་འདེམས་མིན་པར་བཙན་བྱོལ་གྱི་བདེ་དོན་ཚོགས་པ་ཞིག་གི་འགོ་ཁྲིད་འདེམས་རྒྱུ་ཡིན་ནམ་གང་ཡིན་ཞེས་གསུངས་པར་གསལ་བཤད་གནང་ཡོད། རྩ་བའི་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ ༢༠༢༡ ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་དང་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་ཕྱི་ཟླ་ ༤ ཚེས་ ༡༡ བཅས་སུ་གནང་གཏན་འཁེལ་ཡོད་པ་དང་དབུས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་སུ་རྒྱ་གར་གཙོས་ཕྱི་རྒྱལ་ཁག་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ ནས་དེའི་ཐོག་གྲ་སྒྲིག་གནང་མུས་ཡིན་པ་རེད།

ཨ་རིའི་གཞུང་འཛིན་མ་བརྗེ་སྔོན་ལ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཤུགས་སྣོན་རྒྱག་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་འདིའི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་ཀྱི་ལས་ཡུན་མ་རྫོགས་གོང་དུ་ཨ་རིའི་གྲོས་ཚོགས་གོང་མར་ Tibet Policy Act 2019 ཞེས་ཕྱི་ལོ་ ༢༠༡༩ ལོའི་ཨ་རི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བསྐྱར་བཅོས་ཁྲིམས་ཡིག་གཏན་འབེབས་ཐོག་གྲོས་བསྡུར་གནང་སྟེ་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྲིད་པའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་པ་དང་འབྲེལ། ཨ་རིར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དུས་ཡུན་དེའི་ཁྲོད་རང་ནུས་གང་ཐུབ་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་བཅོས་ཁྲིམས་ཡིག་གཏན་འབེབས་ཐུབ་པར་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་སོང་།དེ་རིང་ཉིན་རྒྱབ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དམིགས་བསལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མ་ནས་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོག་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་བཅོས་ཁྲིམས་འཆར་དེ་གཏན་འབེབས་གནང་རྗེས་ད་ལྟའི་ཆར་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ལུས་ཡོད་པ་དང་། སྐབས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ལས་ཡུན་ཕྱི་ཟླ་ ༡ པོའི་ནང་མ་རྫོགས་གོང་ནས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་དུས་ཐེངས་ཁ་ཤས་གནང་གི་ཡོད་སྟབས། ཁྲིམས་འཆར་དེའི་ཐོག་གྲོས་བསྡུར་དང་མཐར་ཁྲིམས་འཆར་གཏན་འབེབས་གནང་བའི་རེ་བ་ཆེན་པོ་ཡོད་པར་གཟིགས་ཀྱི་ཡོད་པ་དང་། སྲིད་སྐྱོང་མཆོག་གནད་དོན་དེའི་ཆེད་དུ་ཨ་རིར་ཆེད་ཕེབས་གནང་གི་ཡོད་པར་མ་ཟད་ཨ་རིའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཐོག་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་སོང་།གཞི་རྩའི་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེ་ནི་ཕྱི་ལོ་ ༢༠༠༢ ལོའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་ལ་བསྐྱར་བཅོས་ལྟ་བུ་ཞིག་ཡིན་པ་དང་། གལ་ཏེ་ཁྲིམས་འཆར་དེ་དངོས་སུ་གཏན་འབེབས་ཀྱིས་ཁྲིམས་སུ་ལག་བསྟར་ཐུབ་ཚེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ཕྱག་བསྟར་གནང་དགོས་པ་དང་། རྒྱ་ནག་གཞུང་གི་ངོས་ནས་ཐེ་བྱུས་བྱས་ན་ཨ་རི་གཞུང་གིས་སྲིད་དོན་ཉེས་ཆད་འགེལ་རྒྱུ། དེ་བཞིན་ཨ་རི་གཞུང་གི་ངོས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གནང་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གནང་རྒྱུ་མ་ཟད།བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་གནང་རྒྱུ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དཔལ་འབྱོར་རོགས་རམ་གནང་བཞིན་པ་རྒྱུན་སྐྱོང་གནང་རྒྱུ་སོགས་འཁོད་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་ད་དུང་ཨ་རིའི་བདམས་ཐོན་སྲིད་འཛིན་ Joe Biden མཆོག་དང་སྲིད་འཛིན་གཞོན་པ་ Kamala Harris མཆོག་རྣམ་གཉིས་ལ་བསྐྱར་དུ་འཚམས་འདྲི་ཞུས་པ་དང་འབྲེལ། བདམས་ཐོན་སྲིད་འཛིན་མཆོག་ནས་ཉེ་སྔོན་ཁོང་སྲིད་འཛིན་དུ་བདམས་ཚེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་དང་། བོད་མིའི་ཐོག་གདུག་རྩུབ་ཀྱི་སྲིད་བྱུས་སྤེལ་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཉེས་ཆད་འགེལ་རྒྱུ་ཡིན་སྐོར་གསུངས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལས་ཐོག་སྲིད་འཛིན་ Donald Trump མཆོག་ནས་ཀྱང་ཁོང་གི་ལས་ཡུན་སྐབས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ཐོག་མཚན་རྟགས་བསྐྱོན་པ་དང་བོད་མིར་རོགས་དངུལ་སྤར་ཆ་གནང་བ། དེ་བཞིན་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོ་འཛིན་པ་སོགས་ལ་གཞིགས་ཏེ་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་གྱི་སྲིད་འཛིན་གྲས་སུ་ཚུད་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཁོང་ལ་ཐུགས་རྗེ་ཞུས་སོང་།གཞན་ཡང་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་ཉེ་ཆར་ཨ་རི་ནང་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Robert Destro མཆོག་གིས་གདན་ཞུས་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཐེངས་དང་པོ་གཞུང་འབྲེལ་ཐོག་ཕེབས་ཐུབ་པའི་སྔ་རྗེས་ཀྱི་གནད་དོན་སོགས་ངོ་སྤྲོད་གནང་སྟེ་དེ་ནི་ཆབ་སྲིད་ཐད་གནད་འགག་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༡ པའི་ཚེས་ ༩ ཉིན་ནས་་བཟུང་། ཟླ་འདིའི་ཚེས་༡༢ བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་སྤྱི་ལོ་ ༢༠༡༥ ནས་བཟུང་གོ་སྒྲིག་ཞུ་བཞིན་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དེ་དྲྭ་རྒྱ་བརྒྱུད་ནས་དབུ་འཛུགས་གནང་སོང་།

ཛ་དྲག་མ་ཆགས་བར་དུ་མ་བཞུགས་པར་ས་གནས་ས་ཐོག་གི་སྨན་པར་འབྲེལ་བ་གནང་དགོས།

རྒྱ་གར་ནང་ད་བར་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་ས་ཡ་བརྒྱད་ལྷག་བྱུང་བའི་ཁོངས་ནས་ས་ཡ་བདུན་ལྷག་དྲག་སྐྱེད་དུ་བྱུང་ཡོད་ཀྱང་། ད་བར་འདས་གྲོངས་སུ་གྱུར་བའི་གྲངས་འབོར་དེ་ནི་འབུམ་གཅིག་ལྷག་ཆགས་ཀྱི་འདུག ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་ནང་མི་གྲངས་ཁྲི་ལྔ་ལྷག་ལ་གཉན་རིམས་ཕོག་པ་བྱུང་འདུག  དེའི་ཁྲོད་གཟའ་འཁོར་འདིའི་ནང་བཙན་བྱོལ་བོད་མིའི་འདུ་སྡོད་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་བོད་མི་ ༨༧ དང་ ༡ འདས་གྲོངས་སུ་གྱུར་འདུགབོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༢ སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་འདུ་སྡོད་ཀྱི་ས་ཁུལ་ཁྲོད་བོད་མི་ ༨༧ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་རྒྱ་གར་ནས་བོད་མི་ ༨༥ དང་བལ་ཡུལ་ཁུལ་ནས་ ༢ དེ་བཞིན་ནད་ཡམས་དེའི་རྐྱེན་གྱིས་རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་ཅོན་ཏ་རཱ་ནས་ཡིན་པ་སྐྱེས་པ་རང་ལོ་ ༥༧ སོན་པ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་གསུངས་སོང་།སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ལྟའི་ཆར་གནམ་གཤིས་འགྱུར་ལྡོག་འགྲོ་བའི་དུས་སྐབས་འདིར་འཆམ་ཚད་ལྟ་བུ་ནད་གཞི་སོགས་ཕོག་ཉེན་ཡོད་སྟབས་ཚང་མས་གང་གཟབ་གནང་དགོས་པ་དང་ཆབས་ཅིག གཉན་རིམས་ཀྱི་ནད་རྟགས་ཅུང་མངོན་པར་སྣང་མེད་དུ་འཇོག་རྒྱུ་མེད་པ་དང་ལྷག་དོན་ཛ་དྲག་མ་ཆགས་བར་དུ་མ་བཞུགས་པར་ངེས་པར་དུ་ས་གནས་ས་ཐོག་གི་སྨན་པར་འབྲེལ་བ་གནང་སྟེ་སྨན་གཏུག་གནང་དགོས་པར་མ་ཟད། ནད་རྟགས་རིགས་མངོན་ཚེ་མི་གཞན་དང་རྒྱང་བཀྱེད་བསྟེན་རྒྱུ་གཙོས་འདུ་འཛོམས་ཆེ་སར་ཕེབས་རྒྱུ་མེད་པ་སོགས་ཀྱི་གཞེན་སྐུལ་ནན་པོ་གནང་ཡོད། གསར་འགོད་ལྷན་ཚོགས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ད་ལྟ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་མུས་ཁྲོད་འདིར་བོད་མི་ཚོའི་ངོས་ནས་ལྷོད་གཡེང་མེད་པར་སྔོན་འགོག་གི་གནང་སྒོ་ཁག་མུ་མཐུད་གནང་དགོས་པར་མ་ཟད། བོད་མིའི་ཁྲོད་ནས་ནད་རྟགས་ཐོན་པའི་གང་ཟག་ཚོས་ནད་དྲག་ཐབས་ལ་ཐུགས་སྣང་གནང་དགོས་པ་གསུངས་སོང་།   ཁོང་གིས་ད་དུང་རང་ཉིད་དང་དངོས་སུ་འབྲེལ་གཏུག་བྱུང་བའི་གང་ཟག་སུ་དང་སུ་ཡིན་པ་བདེན་བརྗོད་གནང་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་གནང་སོང་བ་དང་ཆབས་ཅིག ས་གནས་ཁག་ཏུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་སྡུག་ལ་མ་འཛེམས་པར་ཕྱག་ལས་མུ་མཐུད་གནང་མཁན་སྨན་པ་དང་སྨན་ཞབས། དེ་བཞིན་འབྲེལ་ཡོད་ལས་བྱེད་རྣམ་པ་གཙོས་པའི་རྒྱབ་སྐྱོར་གནང་མཁན་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་ཡོད། གཞི་རྩའི་ད་བར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ཁྲོད་བོད་མི་ ༡༠༣༡ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་  ༥༤༤  དྲག་སྐྱེད་དང་ ༢༣ འདས་གྲོངས། ད་ཆར་ནད་ཀྱིས་མནར་བཞིན་པ་ ༤༦༤  ཆགས་ཀྱི་ཡོད་པ་རེད།

གསུང་རྩོམ་ཕྱོགས་བསྡུས་ཀྱིས་བཀའ་བློན་ཁྲི་ཟུར་མཆོག་གི་འཁྲུངས་སྐར་སྲུང་བརྩི།

དེ་རིང་་ཕྱི་ལོ་༢༠༢༠ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་ཚོུད་ ༡༠ པའི་ཐོག་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འཚེ་མེད་ཞི་བའི་ཚོགས་ཁང་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གཉིས་ཀྱི་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག  བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་ཁྲུངས་ཚེས་སྲུང་རྩི་དང་འབྲེལ། སློབ་དཔོན་མཆོག་གི་རྩ་ཆེའི་གསུང་བཤད་དང་གསུང་རྩོམ་གལ་ཆེ་ཁག་ཕྱོགས་བསྡུས་ཀྱི་དེབ་ཕྲེང་བརྒྱད་པ་དབུ་འབྱེད་དང་འགྲེམས་སྤེལ་གནང་སོང་།

བཙན་དབང་ཐོག་ནས་ངལ་རྩོལ་བསྒྱུར་བཀོད་ཀྱི་སྲིད་བྱུས་དེ་འབྲས་ནད་ལྟར་བོད་ནང་ཁྱབ་གདལ་འགྲོ་བཞིན་པར་ཨ་རིའི་ངོས་ནས་བློ་འཚབ་ཡོད་པ་གསུངས་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པསྐུ་ཞབས་ Robert A. Destro མཆོག་གིས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་པ་དེ་ད་ཆ་འབྲས་ནད་ནང་བཞིན་བོད་ནང་དུ་ཁྱབ་གདལ་འགྲོ་བཞིན་པར་ཐུགས་འཚབ་ཀྱི་རྣམ་པ་ཆེད་བཏོན་པ་དང་འབྲེལ། ཨ་རི་གཞུང་གི་ངོས་ནས་གནད་དོན་དེར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པ་གསུངས་འདུག India Today བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་ Geeta Mohan ལགས་ལགས་ཀྱིས་ཟླ་བ་སྔོན་མའི་ཚེས་ ༡༤ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་གསར་དུ་བསྐོ་གཞག་བྱུང་བའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Robert A. Destro མཆོག་ལ་དམིགས་བསལ་བཅར་འདྲི་ཞིག་ཞུས་འདུག་པ་དང་། ཁོང་གིས་སྐབས་དེར་ཨ་རིའི་ལོ་རྒྱུས་ཁྲོད་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་ཐོག་མགྲོན་འབོད་གནང་བ་ནི་ཆེས་ཐོག་མ་ཡིན་པར་གསུངས་འདུག་པ་དང་སྦྲགས། ང་ཚོས་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ Harry S. Truman building ནང་མགྲོན་འབོད་གནང་བ་དེས་ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་དེ་དོ་གལ་ཆེན་པོ་ངོས་བཞེས་གནང་གི་ཡོད་པ་མཚོན་པར་མ་ཟད། ང་ཚོས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་བོད་རྒྱ་གཉིས་ཀྱི་དབར་དཀའ་རྙོག་སེལ་བར་ཐབས་ལམ་གསུམ་པ་སྟེ་དབུ་མའི་ལམ་གྱི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དེར་ངོས་བཞེས་དང་། ལྷག་དོན་རྒྱ་ནག་གཞུང་གིས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་༸གང་ཉིད་༸སྐུ་སྒེར་དང་གྲོས་མོལ་གནང་དགོས་གནད་ཡིན་པར་གསུངས་འདུགད་དུང་ཁོང་གི་ངོས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཡོང་རྒྱུའི་ཐོག་ལ་ཐུགས་འགན་གཙོ་བཞེས་གནང་དགོས་པ་དང་། དེ་ལྟར་དོན་འབྲས་སོན་པར་ཞུ་གཏུག་གི་ཕྱག་ལས་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པར་མ་ཟད། ༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་འཐབ་རྩོད་གནང་བཞིན་པ་དེ་ནི་འོས་འཚམས་ཤིག་ལ་གཟིགས་སྐོར་སོགས་གསུངས་འདུག་པ་དང་ཆབས་ཅིག རྩ་བའི་རྒྱ་ནག་གི་ངོས་ནས་གནད་དོན་དེའི་ཐོག་བཟང་ཕྱོགས་ཀྱི་ཡ་ལན་བྱེད་རྒྱུ་དཀའ་ཡང་ང་ཚོའི་ངོས་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་དམ་ཟབ་ཐོག་ཕྱག་ལས་གནང་འདོད་ཡོད་ཅེས་གསུངས་འདུག ཡང་གསར་འགོད་པས་སྐུ་ཞབས་ Robert A. Destro མཆོག་ལ་རྒྱ་ནག་གིས་བོད་ནང་གི་ཞིང་འབྲོག་མང་ཚོགས་ལ་བཙན་དབང་གི་ངལ་རྩོལ་བསྒྱུར་བཀོད་ཀྱིས་ལས་གཞི་སྤེལ་བཞིན་པའི་གནད་དོན་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གི་སྲིད་བྱུས་ངན་པ་དེར་འབྲས་ནད་ལྟ་བུ་ཞིག་ལ་འགྲེལ་བརྗོད་དང་འབྲེལ། ད་ཆ་འབྲས་ནད་དེ་ཤིན་ཅང་ནས་བོད་ལ་ཁྱབ་འདལ་འགྲོ་བཞིན་ཡོད་སྟབས། ཨ་རིའི་ངོས་ནས་དེའི་ཐོག་སེམས་འཚབ་ཤུགས་ཆེ་གནང་བཞིན་པ་དང་། སྤྱིར་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞི་གང་འདྲ་ཞིག་གི་ཐོག་ཨ་རིའི་ངོས་ནས་བཞེངས་ཕྱོགས་མཁྲེགས་པོ་འཛིན་བཞིན་པ་ལྟར། ད་རེས་ཀྱི་གནད་དོན་དེའི་ཐོག་ལའང་བཞེངས་ཕྱོགས་དེ་རང་འཛིན་རྒྱུ་ཡིན་སྐོར་གསུངས་པར་མ་ཟད་བཙན་དབང་གིས་ངལ་རྩོལ་བརྒྱུད་འདོན་སྤེལ་བྱས་པའི་དངོས་ཟོག་ར་འཕྲོད་ན་དེ་དག་ཨ་རིའི་ནང་ངེས་པར་དུ་བཀག་སྡོམ་གནང་ཆོག་གི་རེད་ཅེས་གསུངས་འདུགགཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸གང་ཉིད་གཅིག་པུར་ཡོད་པ་ལས་རྒྱ་ནག་གིས་གཙོས་པའི་གཞན་སྲིད་གཞུང་སོགས་སུ་ལའང་མེད་པར་འགྲེལ་བརྗོད་གནང་འདུག་པར་མ་ཟད། གནད་དོན་འདི་ནི་ཆོས་ལུགས་ཀྱི་རང་དབང་དང་ཆོས་ལུགས་དང་འབྲེལ་བའི་སྒྲིག་འཛུགས་ཁག་གི་དབུ་ཁྲིད་གདམ་རྒྱུའི་གནད་དོན་ཞིག་ཆགས་ཡོད་སྟབས་ཨ་རི་གཞུང་གི་ངོས་ནས་ཀྱང་གནད་དེའི་ཐོག་ལ་བཞེངས་ཕྱོགས་བརྟན་པོ་ཡོད་པ་གསུངས་འདུག ཁྱད་པར་དུ་ཨ་རིའི་གཞུང་མང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བདག་དབང་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་ལ་ཡོད་པ་ལས་རྒྱ་ནག་གཞུང་གིས་ངོས་ནས་དེའི་ཐོག་ཐད་བྱུས་བྱེད་དབང་མེད་པར་མཐའ་གཅིག་ཏུ་མོས་མཐུན་མེད་སྐོར་བསྐྱར་ནན་གསལ་བཟོ་གནང་འདུགགཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ངོས་ནས་ཀྱང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ Robert A. Destro མཆོག་ལ་བཅར་འདྲི་ཁག་ཅིག་ཞུས་ཡོད་པ་ལྟར། སྐབས་དེར་ཁོང་གིས་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་ཁོང་གི་ལས་དོན་ལེགས་གྲུབ་ཡོང་བར་རེ་སྨོན་གནང་གི་ཡོད་པ་དང་། ཨ་རི་གཞུང་དང་ཁོང་སྐུ་སྒེར་གྱི་ངོས་ནས་བོད་ཀྱི་གནད་དོན་ཐད་ལ་སྔར་ལྷག་དོན་འབྲས་སོན་པར་འབད་བརྩོན་གནང་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།

མོན་གྷོ་ནང་གཉན་རིམས་ཕོག་མཁན་རིམ་པར་བྱུང་བར་བོད་མི་རྣམས་ཀྱིས་ཞལ་འདེབས་བསྡུ་རུབ།

འདས་ལོའི་ཟླ་མཇུག་ཙམ་ནས་ཁྱབ་གདལ་བྱུང་བའི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་སྤྱིའི་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སྐུ་ངལ་དུ་མ་འཕྲད་ཡོད་པ་དང་།  དེའི་ཁྲོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་དེ་བཞིན་ཉིན་རེར་འཕར་བཞིན་པའི་གནས་སྟངས་སུ་གྱུར་འདུག  ལྷག་པར་དུ་བོད་མིའི་འདུས་སྡོད་ཁྲོད་མོན་གྷོ་འདོད་རྒུ་གླིང་ལྟ་བུ་ནི་ད་ཆ་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་མང་ཤོས་ཤིག་ཆགས་ཡོད་པ་དང་ཆབས་ཅིག   ནད་ཡམས་ཀྱི་གནས་སྟངས་དེའི་ཁྲོད་ནད་པར་ཞབས་འདེགས་ཞུ་བའི་ཐད་མི་ཆ་དང་།   དེ་བཞིན་ནད་པར་མཐུན་རྐྱེན་སོགས་ཀྱི་ཆ་ནས་དཀའ་ངལ་མི་ཉུང་བ་འཕྲད་སྟབས།   དཀའ་ངལ་དེ་དག་སེལ་ཐབས་སུ་སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་བོད་མི་རྣམས་ནས་ཞལ་འདེབས་བསྡུ་རུབ་སོགས་ཀྱིས་ཁོང་རྣམ་པར་རོགས་འདེགས་གནང་བཞིན་འདུག 

སུད་སིའི་སྐྱབས་བཅོལ་བོད་མིར་ཞིབ་འཇུག་བྱེད་མཁན་འབྲེལ་ཡོད་ལས་ཁུངས་ཀྱི་ལས་དོན་ལ་སྐྱོན་བརྗོད།

སུད་སི་གཞུང་གི་ཕྱི་མི་ཞིབ་བཤེར་དོ་དམ་ལས་ཁུངས་ནང་གི་སྐྱབས་བཅོལ་བོད་མིའི་རྒྱབ་ལྗོངས་ཐོག་ཞིབ་འཇུག་བྱེད་མཁན་སྡེ་ཚན་གྱིས་རྒྱ་གཞུང་གི་འདོད་བློ་དང་མཐུན་པའི་དྲིལ་བསྒྲགས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་ཐེར་འདོན་གྱི་སྐྱོན་བརྗོད་གནང་འདུགསུད་སིའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་ LINGUA Analyses ཞེས་པའི་སུད་སི་ནང་སྐྱབས་བཅོལ་ཞུ་མཁན་ཚོའི་མི་རིགས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་ཀྱི་ཐོག་ཞིབ་འཇུག་དང་འདྲི་རྩད་བྱེད་མཁན་སྡེ་ཚན་གྱི་བོད་མི་སྐྱབས་བཅོལ་དང་འབྲེལ་བའི་གསང་གནད་སྙན་ཐོ་ཕྱིར་འགྱར་བྱུང་བ་ཞིག་དང་འབྲེལ་རེས་གཟའ་ཉི་མའི་ཉིན་སུད་སིར་ས་གནས་ཚགས་ཤོག་ NZZam Sonntag ཞེས་པར་སུད་སིར་རྟེན་གཞི་བྱས་པའི་ Bern གཙུག་ལག་སློབ་ཆེན་གྱི་བོད་རིག་པའི་མཁས་དབང་ Kollmar Paulenz ལགས་ཀྱིས་གཙོས་པའི་འཇར་མན་དང་ཕ་རན་སི་བཅས་ནས་ཡིན་པའི་བོད་རིག་པའི་མཁས་དབང་བཞིས་སྡེ་ཚན་དེའི་ལས་དོན་གནང་ཕྱོགས་ལ་སྐྱོན་བརྗོད་ཀྱི་དཔྱད་རྩོམ་ཞིག་སྤེལ་འདུག དཔྱད་རྩོམ་ནང་གཙོ་བོ་ཁོང་རྣམས་ནས་ LINGUA Analyses སྡེ་ཚན་ནང་གི་བོད་མི་སྐྱབས་བཅོལ་བའི་ཐོག་འདྲི་རྩད་དང་ཞིབ་འཇུག་བྱེད་མཁན་ཆེད་ལས་པ་དེ་དག་ལ་བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་ཆབ་སྲིད། དེ་བཞིན་བོད་མིའི་སྐད་ཡིག་ཐོག་ཤེས་ཚད་འདང་ངེས་ཞིག་མེད་པ་དང། ཞིབ་འཇུག་གི་ལས་དོན་ཁག་སྤུས་ཚད་ལྡན་པ་བྱས་མེད་པར་མངོན་གསལ་གནང་བ་དང་། ལྷག་པར་དུ་ཁོང་རྣམས་ནས་འབྲེལ་ཡོད་སྡེ་ཚན་དེའི་ནང་གི་ཆེད་ལས་མི་སྣ་ཁག་གིས་ད་བར་བོད་མིའི་ཐོག་ཞིབ་འཇུག་དང་འདྲི་རྩད་བྱས་པའི་སྙན་ཐོ་སྤེལ་ཁག་ལ་གཞིགས་ཚེ་རྒྱ་ནག་གཞུང་ཕྱོགས་དང་མཐུན་པའི་དྲིལ་བསྒྲགས་ཀྱི་ཚིག་སྤྱོད་ཡོད་པ་ཐེར་འདོན་གནང་བ་དང་། སྙན་ཐོ་དེ་དག་ཀྱང་རྒྱ་གཞུང་གི་དགའ་ཕྱོགས་དང་མཐུན་པར་བྲིས་འདུག་ཅེས་ཟུར་ཟའི་ཚུལ་དུ་སྐྱོན་བརྗོད་གནང་འདུགཁོང་རྣམས་ཀྱིས་ཆེད་ལས་མི་སྣ་དེ་དག་གིས་ད་བར་སུད་སི་ནང་སྐྱབས་བཅོལ་ཞུ་མཁན་གྱི་བོད་མིའི་ཐོག་འདྲི་རྩད་དང་ཞིབ་འཇུག་བྱས་པའི་སྙན་ཐོ་ཁག་ཚད་དང་ལྡན་པ་ཞིག་བྱུང་མེད་པའི་རྐྱེན་གྱིས་སྐྱབས་བཅོལ་ཞུ་མཁན་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཡོད་སྐོར་གྱི་གནད་དོན་ཆེས་བཀོད་གནང་ཡོད་པ་རེད། རླུང་འཕྲིན་ཁང་གིས་ད་རེས་དཔྱད་རྩོམ་འདི་དང་འབྲེལ་ཐད་ཀར་འབྲེལ་ཡོད་ཚོགས་པ་སུད་སི་བོད་མི་སྐྱབས་བཅོལ་ཚོགས་པའི་ཚོགས་གཙོ་འཕྲིན་ལས་རྒྱལ་མཚན་ལགས་སུ་ད་ལྟའི་ཆར་སུད་སི་ནང་སྐྱབས་བཅོལ་བོད་མི་ཡིག་ཆ་མེད་པ་རྣམས་ཀྱི་དངོས་ཡོད་གནས་བབ་སྐོར་བཅར་འདྲི་ཞུས་པར་ད་བར་གོང་གསལ་སྡེ་ཚན་འདི་བརྒྱུད་ནས་སྐྱབས་བཅོལ་བོད་མི་ཚོར་འདྲི་རྩད་བྱས་པའི་བོད་མི་མང་པོ་ཞིག་ལ་ཡིག་ཆ་མ་རག་པའི་གནས་སྟངས་བྱུང་ཡོད་པར་མ་ཟད། ཁོང་རྣམས་སྔ་རྗེས་སུ་སུད་སི་གཞུང་ལ་ LINGUA Analyses སྡེ་ཚན་གྱི་ཆེད་ལས་མི་སྣ་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྲོལ་ལ་བསྐྱར་ཞིབ་གནང་སྐྱོང་ཡོང་བའི་ ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ད་བར་དོན་འབྲས་གང་ཡང་སོན་མེད་པ་རེད་འདུག སུད་སི་སྐྱབས་བཅོལ་བོད་མི་ཚོགས་པའི་ངོས་ནས་ད་ལན་གྱི་བོད་རིག་པའི་མཁས་དབང་གིས་སྤེལ་བའི་དཔྱད་རྩོམ་ལུང་འདྲེན་དང། དེ་བཞིན་དེ་སྔོན་ ༢༠༡༥ལོར་སུད་སི་ཞིབ་བཤེར་ལས་ཁུངས་དང་རྒྱ་ནག་དབར་གསང་བའི་ཐོག་བཞག་པའི་ཆིག་ཡིག་དེ་འདི་ལོའི་ཕྱི་ཟླ་ ༡༢ ནང་སླར་གསོ་གནང་རྒྱུའི་དུས་ཚིགས་ཁེལ་གྱི་ཡོད་པ་བཅས་གནད་དོན་གཉིས་གཞི་རྩར་འཛིན་འཛིན་ནས་ཁ་སང་ཚོགས་པ་དེའི་ངོས་ནས་ཕྱི་ཚེས་ ༢༦ ཉིན་སུད་སི་གཞུང་དང་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་དོན་ཚན་གསུམ་ཅན་འཁོད་པའི་ཞུ་གཏུག་གི་བསྒྲགས་གཏམ་ཞིག་སྤེལ་འདུག་ཅིང་། སུད་སི་ནང་ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མི་ཚོར་ཁྲིམས་མཐུན་གཏན་སྡོད་ཡིག་ཆ་འཕྲལ་དུ་སྤྲོད་དགོས་པ་དང་བོད་མི་སྐྱབས་བཅོལ་བར་ཞིབ་འཇུག་བྱེད་ཕྱོགས་ཀྱི་ལམ་སྲོལ་ལ་ངེས་པར་དུ་བསྐྱར་ཞིབ་དགོས་པ། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་རྒྱ་ གཞུང་དང་སུད་སི་ཕྱི་མི་ཞིབ་བཤེར་ལས་ཁུངས་དབར་གསང་ཐོག་བཞག་པའི་ཆིག་ཡིག་དེ་སླར་གསོ་གནང་མཚམས་འཇོག་དགོས་པ་བཅས་ཆེད་བཀོད་གནང་ཡོད་པ་རེད། རྩ་བའི་སུད་སི་བོད་མི་སྐྱབས་བཅོལ་ཚོགས་པའི་གྲངས་ཐོ་ལ་གཞིགས་ན། ད་ཆ་སུད་སི་ནང་ཡིག་ཆ་ནག་པོ་ཆགས་པའི་སྐྱབས་བཅོལ་བོད་མི་ ༣༠༠ ཡས་མས་ཤིག་ཡོད་པ་དང། ཕྱི་ལོ་ ༢༠༡༧ ལོར་སུད་སི་ཕྱི་མི་ཞིབ་བཤེར་དོ་དམ་ལས་ཁུངས་ནས་བོད་མི་དེ་དག་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་རྒྱུའི་ཆ་རྐྱེན་ཚང་མེད་པར་བརྟེན་རང་གནས་སུ་ཕྱིར་སློག་དགོས་ཞེས་བརྡ་ལན་སྤྲད་པའི་གནས་ཚུལ་བྱུང་ཡོད་པ་དང། བོད་མི་དེ་དག་མང་ཆེ་བ་ནི་ཉུང་ཐར་ཡིག་ཆ་མ་རག་ནས་ལོ་ངོ་བདུན་དང་བརྒྱད་ཕྱིན་པ་ཤ་སྟག་ཆགས་ཀྱི་འདུག

འོས་བསྡུའི་དེབ་སྐྱེལ་ཞུ་རྒྱུར་ཉིན་གྲངས་གསུམ་ལས་ལྷག་མེད་སྟབས་འཚེམས་ལུས་མེད་པར་འོས་བསྡུའི་དེབ་འགོད་གནང་དགོས།

བོད་མི་ཞིག་ཡིན་པའི་ཆ་ནས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོ་དང་དངོས་གཞིའི་འོས་འསྡུའི་ལས་རིམ་ནང་ཆ་ཤས་བཞེས་སླད་དང་ཐོག་མིང་གཞུང་དེབ་འགོད་གནང་རྒྱུ་ནི་རྩ་བའི་ཆ་རྐྱེན་ཞིག་ཡིན་པ་ལྟར་ཕྱི་ཟླ་ ༨ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས་མིང་གཞུང་དེབ་བཀོད་ཞུ་སླད་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་ཉིན་གྲངས་ ༤༥ དུས་ཚིགས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པར་མ་ཟད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ པའི་དགོངས་དོན་བཞིན་འོས་འཕེན་པའི་མིང་ཐོ་སྣོན་འཕྲི་བྱ་སླད་ཕྱི་ཟླ་ ༡༠ ཚེས་ ༣༠ བར་དུས་འགྱངས་གནང་བ་བཞིན། འོས་བསྡུའི་དེབ་བཀོད་སླད་ཉིན་གྲངས་གསུམ་ལས་ལྷག་མེད་སྟབས། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་འོས་བསྡུའི་ལས་རིམ་ཁྲོད་རྨང་གཞི་ནི་མིང་གཞུང་དེབ་འགོད་བྱ་རྒྱུ་དེ་ཡིན་སྟབས། བོད་མི་ཚོས་འཚེམས་ལུས་མེད་པར་འོས་བསྡུའི་དེབ་འགོད་གནང་རོགས་གནང་ཞེས་སྐུལ་མ་གནང་སོང་།གཞི་རྩའི་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ཁྲོད་མིང་གཞུང་དེབ་འགོད་ཞུ་རྒྱུའི་སླད་ཉིནགྲངས་ ༤༥ དུས་ཚོད་གནང་ཡོད་ཀྱང་། ས་གནས་ཁག་ཁ་ཤས་ནང་དུ་མིང་གཞུང་དེབ་བཀོད་བྱ་རྒྱུ་ལུས་པ་དང་དོགས་བཅོས་བྱ་ཕྱིར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ པའི་དགོངས་དོན་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ཕྱི་ཚེས་ ༣༠ བར་ཉིན་གྲངས་ ༡༤ ཡི་དུས་ཚིགས་འཕར་མ་གནང་དགོས་པའི་དགོས་དམིགས་དང་དེའི་ཕན་ཐོགས་སྐོར་ལ་གསུངས་ཡོད། བཙན་བྱོལ་བོད་མིའི་ཁྲོད་དཔྱ་དེབ་རྙིང་པའི་སྟེང་དེབ་སྐྱེལ་ཆོག་མིན་གྱི་གནད་དོན་དང་འབྲེལ་ནས་དབུས་འོས་བསྡུའི་ལས་ཁང་གིས་ཟླ་ ༡༠ ཚེས་ ༢༠ ཉིན་ཕུལ་བའི་རྩ་འཛིན་བཀོད་ཁྱབ་ཞིག་གི་ནང་དཔྱ་དེབ་རྙིང་པའི་སྟེང་དེབ་སྐྱེལ་མི་ཆོག་པའི་ལམ་སྟོན་དང་སྦྲགས། ལུགས་མཐུན་གྱི་འོས་བསྡུའི་ནང་ཆ་ཤས་བླངས་རྒྱུའི་སླད་དཔྱ་དེབ་རྙིང་པ་ནས་གསར་པ་བསྒྱུར་རྒྱུ་ཁོ་ནའི་ཆེད་དུ་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ བར་དམིགས་བསལ་གོ་སྐབས་གནང་ཡོད་སྐོར་ལ་གསུངས་སོང་། རྩ་བའི་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་བྱེད་མཁན་ ༨༣༩༩༠ བྱུང་ཡོད་པ་དང་དེ་དག་གི་ཁོངས་སུ་དངོས་སུ་འོས་འཕེན་མཁན་མི་གྲངས་ ༤༩༡༨༤ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་སུ་དེབ་སྐྱེལ་གནང་མཁན་ ༩༠༣༧༧ བྱུང་ཡོད་པ་དང་། དེ་དག་གི་ཁོངས་སུ་དངོས་གཞིར་འོས་བླུག་མཁན་མི་གྲངས་ ༥༩༣༥༣ བྱུང་ཡོད་པ་རེད། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་དུ་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ས་གནས་ཁག་གི་འོས་བསྡུ་དེབ་སྐྱེལ་ཞུས་པའི་མིང་གཞུང་འབྱོར་གྱི་ཡོད་སྟབས། ད་ཆར་བོད་མི་ཇི་ཙམ་ནས་མིང་གཞུང་དེབ་བཀོད་གནང་ཡོད་མེད་ཀྱི་ཤེས་རྟོག་ཐུབ་ཀྱི་མེད་པ་གསུངས་སོང་། སྤྱིར་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ ༢༠༢༡ ཕྱི་ཟླ་ ༡ ཚེས་ ༣ ཉིན་གནང་རྒྱུ་ཡིན་པ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་གནང་གཏན་ཁེལ་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་རེད།

Latest news