Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་ལོ་རྗེས་མའི་ཕྱི་ཟླ་ ༣ པ་བར་ཕར་འགྱངས།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་དེ་དེ་སྔོན་ཕྱི་ཟླ་ ༩ ཚེས་ ༡༦ ཚེས་ ༢༤ བར་ལས་དུས་ཉིན་གྲངས་བརྒྱད་རིང་འཚོགས་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་ཕར་འགྱངས་གནང་ཡོད་པར་ཡོངས་གྲགས་གནང་སོང་།དེ་རིང་ཕྱི་ཟླ་ ༨ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠༌༣༠ ཐོག་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཉེ་ཆར་ཟླ་བ་འདིའི་ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཚོགས་ཐེངས་ ༣༢༧ ཐོག་བཀའ་བསྡུར་ཐག་གཅོད་བྱུང་དོན་ལྟར། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་དེ་སྔོན་ཕྱི་ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ་ནས་ཚེས་ ༢༤ རེས་གཟའ་ཕུར་བུ་བར་ལས་དུས་ཉིན་གྲངས་བརྒྱད་རིང་འཚོགས་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་སོང་བའི་རྐྱེན་གྱིས་འཛམ་གླིང་ཁྱོན་གྱི་གནས་སྟངས་ཛ་དྲག་ཆེས་ཆེར་འགྱུར་བཞིན་པ་དང་། ལྷག་དོན་དྷ་རྨ་ས་ལ་ནི་༸རྒྱལ་བའི་བཞུགས་སྒར་ལ་སོང་ང་ཚོས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་། གྲོས་ཚོགས་ཚོགས་དབང་དུ་བཏང་ཡང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་རྐྱེན་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཇི་ཙམ་ཕེབས་ཀྱི་ཡོད་མེད་རྟོགས་དཀའ་སྟབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་ལོ་རྗེས་མའི་ཕྱི་ཟླ་ ༣ པ་བར་ཕར་འགྱངས་གནང་ཡོད་པར་ཡོངས་གྲགས་གནང་སོང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ད་དུང་འདི་ལོའི་གྲོས་ཚོགས་འཚོགས་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༩༌༢༠ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་རྒྱུན་ལས་ཀྱིས་ཞིབ་འཇུག་དང་དེ་འབྲེལ་ལྷན་ཁང་ཁག་ལ་དྲི་བ་དང་དྲིས་ལན། དེ་བཞིན་ལས་བསྡོམས་སྙིང་བསྡུས་དང་རྒྱུན་ལས་ཀྱི་དྲི་བའི་ལན་འདེབས་བཅས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༠ འགྱངས་མེད་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་གནང་འབྱོར་དགོས་པ། དེ་བཞིན་འཛིན་སྐྱོང་ནས་ལས་བསྡོམས་ཀྱི་དྲིས་ལན་རྣམས་ཕྱི་ཟླ་ ༡༠ ཚེས་ ༣༡ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་ངེས་གནང་ཟིན་དགོས་སྐོར་སོགས་གསུངས་ཡོད། དེ་བཞིན་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་གི་ལོ་འཁོར་ལས་བསྡོམས་རྒྱས་བསྡུས་གཉིས་ཀྱི་དྲི་བ་དང་དྲིས་ལན་རྣམས་བོད་རྒྱ་ཆེ་མང་ཚོགས་ཀྱི་མཁྱེན་རྟོགས་སླད་སྤྱི་འཐུས་ལྷན་ཁང་གི་དྲ་གནས་ཐོག་འགྲེམས་སྤེལ་གནང་རྒྱུ་རེད་འདུགརྩ་བའི་འདི་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཆད་པའི་ COVID19 འམ་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་འོག་འདི་ལོའི་ཕྱི་ཟླ་ ༣ པ་ནང་གི་གྲོས་ཚོགས་ཚོགས་དུས་ ༩ པ་དེ་ཡང་ཉིན་གཅིག་མ་གཏོགས་ཚོགས་ཐུབ་མེད་པ་རེད། གསར་ལྷན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བོད་དུ་བསྐྱོད་པ།

ཉེ་ཆར་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi བོད་དུ་བསྐྱོད་ནས་བོད་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་དུ་ལྟ་སྐོར་བྱས་པ་མ་ཟད་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie དང་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་གཙོ་ཆེ་དགྲ་ལྷ་གཉིས་གཙོས་ས་གནས་ཀྱི་གཞུང་འབྲེལ་ལས་བྱེད་ཁག་ཅིག་དང་ཐུག་འཕྲད་བྱས་འདུགབརྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi གིས་སྐབས་དེར་རྒྱ་ནག་སྲིད་གཞུང་ནས་བོད་ཀྱི་དཔལ་འབྱོར་གནས་བབས་ཡར་རྒྱས་ཆེན་པོ་བཏང་བ་དང་རྒྱུད་ཅིག་ལམ་གཅིག་གི་སྲིད་བྱུས་འོག་བོད་འདི་ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་བ་བཟང་དུ་གཏོང་རྒྱུ་སོགས་བརྗོད་དེ་བོད་ཀྱི་བདེ་འཇགས་དེ་རྒྱ་ནག་རྒྱལ་ཁབ་འཛུགས་སྐྲུན་གྱི་གཞི་རྩ་ཡིན་པར་བཤད་འདུག ཁོ་པས་ཉེ་ཆར་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་སོགས་དང་འབྲེལ་ནས་རྒྱ་གར་དང་བོད་ཀྱི་ས་མཚམས་ས་ཁུལ་ཁག་ཏུ་ཕྱིན་ཏེ་འཛུགས་སྐུན་གྱི་ལས་གཞི་གང་དག་སྤེལ་དགོས་པ་དང་མཐའ་མཚམས་ས་ཁུལ་གྱི་དབུལ་ཕོངས་མི་སེར་རྣམས་ཀྱི་དགོས་མཁོ་གང་ཡིན་སོགས་གནད་དོན་རྒྱུས་ལོན་བྱས་པ་མ་ཟད། རྒྱ་ནག་གཞུང་ནས་བོད་ཀྱི་ས་ཁུལ་དེ་དག་གི་བདེ་འཇགས་ཡོངས་ཐབས་སུ་མི་མང་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡིན་ཞེས་སོགས་བཤད་འདུགགཞི་རྩའི་ད་རེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བོད་དུ་བསྐྱོད་པ་དེ་ནི་ལོ་ལྔའི་ནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་མ་ཟད་ཉེ་ལམ་བོད་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་བའི་རྗེས་སུ་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ས་མཚམས་ཁུལ་དུ་སྐྱོད་མཁན་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཕྱི་སྲིད་བློན་ཆེན་ Wang Yi ནི་རྒྱ་གར་དང་རྒྱ་ནག་དབར་གྱི་ས་འབྲེལ་གནད་དོན་སྐོར་གྲོས་མོལ་བྱེད་སྐབས་རྒྱ་ནག་གི་ངོ་ཚབ་གཙོ་བོ་དེ་ཆགས་ཀྱི་ཡོད་སྟབས། དཔྱད་ཞིབ་པ་ཁག་ནས་ཐེངས་འདིའི་ Wang Yi བོད་དང་ས་མཚམས་ས་ཁུལ་ཁག་ཏུ་སྐྱོད་པ་དེ་གཙོ་བོ་ས་མཚམས་ཀྱི་གནད་དོན་དང་འབྲེལ་བ་བཏགས་པ་དང་། རྒྱ་ནག་གི་ Nanjing གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་པ་ Gu Su ཟེར་པ་དེས་གནད་དོན་གལ་ཆེ་ཞིག་ཡིན་པ་མ་ཏོགས་དུས་རྒྱུན་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བོད་དུ་སྐྱོད་རྒྱུ་དཀོན་པོ་ཡིན་པར་འགྲེལ་བརྗོད་དང་སྦྲགས། ཁོ་པ་བོད་དུ་སྐྱོད་པ་དེས་རྒྱ་ནག་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་རྩོད་གཞི་ཅན་གྱི་ས་མཚམས་ས་ཁུལ་དེ་དག་གི་བདག་དབང་རྒྱ་ནག་རྒྱལ་ཁབ་ལ་ཡོད་པའི་བརྡ་ལན་སྤྲད་པ་རེད་ཅེས་བརྗོད་འདུགརྒྱ་གར་གྱི་གནད་དོན་ཐོག་མཁས་པ་ Wang Dehua ཟེར་བས་རྒྱ་དཀར་གཉིས་ཀྱི་གདོང་ཐུག་གནད་དོན་ཁྲོད་སྲིད་བློན་མོ་དཱི་མཆོག་གིས་དབུ་ཁྲིད་པའི་རྒྱ་གར་སྲིད་གཞུང་ནས་རྒྱ་ནག་གི་གཉེན་ཆས་བཀག་སྡོམ་དང་ཚོང་གི་གྲོས་མཐུན་ཕྱིན་འཐེན་གནང་སྟེ་ཡར་ལན་གནང་ཡོད་སྟབས། བློན་ཆེན་ Wang Yi བོད་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་ལྟ་ཞིབ་ཙམ་མིན་པར་དགོས་མཁོ་བྱུང་ན་དམག་གི་ཐབས་བྱུས་ཁག་ཀྱང་གྲ་སྒྲིག་ཐུབ་ཐབས་སོགས་ལ་ཆེད་དམིགས་ཀྱིས་བསྐྱོད་པ་ཞིག་རེད་ཅེས་དཔྱད་བརྗོད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༤ པ་སྲུང་བརྩི།

ཁ་ཉིན་ཕྱི་ཚེས་ ༡༥ ཉིན་ཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ལས་ཁུངས་ཁག་གི་དྲུང་འཕར་ཡན་གྱི་གཞུང་ཞབས་རྣམས་ལྷན་འཛོམས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༤ པ་དེ་སྲུང་བརྩི་ཞུས་སོང་།སྲིད་སྐྱོང་མཆོག་གིས་སྐབས་དེར་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ་གནས་ཡུལ་རྒྱ་གར་གྱི་གཞུང་མང་གཉིས་ལ་འཚམས་འདྲི་དང་འབྲེལ། ད་བར་རྒྱ་གར་གཞུང་གིས་༸གོང་ས་མཆོག་གིས་དབུས་པའི་བཙན་བྱོལ་བོད་མི་རྣམས་ལ་གཟིགས་རྟོག་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཉེ་ལམ་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་གནད་དོན་དང་འབྲེལ་རྒྱ་དཀར་ནག་གཉིས་ཀྱི་དབར་གདོང་ཐུག་བྱུང་བ་དེས་བོད་ཀྱི་གནད་དེ་རྒྱ་གར་ལ་ཇི་ཙམ་གལ་ཆེན་པོ་ཆགས་ཡོད་པ་ཤེས་རྟོགས་བྱུང་བ་ལྟར་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་རྒྱ་གར་གྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་ཀྱི་དབར་ས་མཚམས་ཤིག་མེད་པ་མཁྱེན་པའི་ཐོག་ནས་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུས་སོང་།  དེ་བཞིན་སྐབས་དེར་ཕྱི་ནང་གི་གསར་འགོད་པ་ཚོས་ད་ལྟའི་དུས་སྐབས་འདིར་བོད་མིའི་འཐབ་རྩོད་ལ་དགོངས་པ་གང་འདྲ་བཞེས་བཞིན་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་གི་ངོས་ནས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་གནང་དགོས་པ་ལྟར། ཁོང་རང་ཉིད་ཀྱིས་སྲིད་སྐྱོང་གི་ལས་ཡུན་རིང་ལ་བོད་ཀྱི་གནད་དོན་དེ་སེལ་རྒྱུའི་རེ་བ་དང་འབད་བརྩོན་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་བོད་མི་ཚོས་ཆིག་སྒྲིལ་གྱི་སྒོ་ནས་འཐབ་རྩོད་གནང་དགོས་གལ་ཡིན་པར་གསུངས་ཡོད། རྩ་བའི་སྒྲིག་འཛུགས་ཀྱི་ངོས་ནས་ཉིན་མོ་དེ་སྲུང་བརྩིས་ཞུས་གྲུབ་མཚམས་སུ་ཀངྒ་ར་རྫོང་ལས་ཁུངས་ཀྱིས་ཇི་ལྟར་མགྲོན་འབོད་གནང་དོན་ལྟར་དྷ་ས་ཉེན་རྟོག་པའི་རྩེད་ཐང་དུ་ཚོགས་པའི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག དེ་བཞིན་བཀའ་བློན་ཁག་ཅིག བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད།

གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བའི་སྒྲ་དེབ་གསར་ཐོན།

ཀིརྟི་བྱིས་པ་གྲྭ་ཚང་གི་རིག་གནས་ཀྱི་སློབ་དཔོན་ཆེན་མོ། རྩོམ་པ་པོ་རེ་མདོ་སེངྒེ་ལགས་ཀྱིས་ལོ་བཞིའི་སྔོན་ནས་ཤེས་རིག་ལས་ཁུངས་ཀྱི་ལས་འཆར་ཞིག་བརྒྱུད་དེ་བོད་མིའི་ཡབ་མེས་གོང་མ་དག་གི་རྣམ་ཐར་དང་ལོ་རྒྱུས་ཚིག་ཉུང་དོན་བསྡུས་ཀྱིས་གཏམ་རྒྱུད་ཟློས་གར་གྱི་འཁྲབ་གཞུང་གི་ངོ་བོར་རྩོམ་སྒྲིག་གིས།   རང་རེའི་མི་རིགས་ལ་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་མཁན་གྱི་མེས་པོ་༣༤ ལྷག་གི་ལོ་རྒྱུས་དང་སྦྱར་བའི་གཏམ་རྒྱུད་བརྒྱ་ལྷག་པར་སྐྲུན་གྱིས་བོད་ཕྱི་ནང་གཉིས་སུ་འགྲེམས་སྤེལ་བྱས་ཡོད་པ་ལྟར། ཉེ་ལམ་རྩོམ་པ་པོ་ཁོང་གིས་གཏམ་རྒྱུད་དེ་དག་སྒྲ་དེབ་ཀྱི་ངོ་བོར་བཟོ་སྐྲུན་གྱིས་སྤྱི་ཚོགས་ཀྱི་སྟེང་དུ་བཀྲམས་ཡོད་པ་དང་། ཁོང་གི་གཏམ་རྒྱུད་དེ་དག་ཉི་མ་ཚེ་རིང་ལགས་ཀྱིས་ལྗགས་ཀློག་གནང་ཡོད་པ་རེད། དེ་རིང་འདི་གའི་རླུང་འཕྲིན་ཁང་གིས།  རེ་མདོ་སེངྒེ་ལགས་ཀྱི་ལས་གཞི་དེ་དང་འབྲེལ་ནས་གཏམ་རྒྱུད་དེ་དག་སྒྲ་དེབ་ཏུ་བཟོ་སྐྲུན་གྱི་དམིགས་ཡུལ་དང་། གཏམ་རྒྱུད་ཀྱི་མི་སྣ་གདམ་གསེས་བྱེད་སྟངས། དེ་བཞིན་གཏམ་རྒྱུད་ཟློས་གར་གྱི་རྩོམ་ཐབས་སོགས་སྤྱད་ནས་རྩོམ་སྒྲིག་གནང་དོན་སོགས་ཀྱི་ཐད་ནས་འཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས། འཛམ་གླིང་གང་སར་ཁ་འཐོར་གྱི་ཚུལ་དུ་ཡོད་པའི་བོད་རིགས་རྒན་གཞོན་མང་ཆེ་བར་དྲ་རྒྱའི་ཆ་རྐྱེན་འཛོམས་པར་བརྟེན། བོད་ཡིག་ཀློག་དེབ་འདི་དག་སྒྲ་དེབ་ཀྱི་ངོ་བོར་སྒྲིག་སྦྱོར་བྱས་ཏེ་དྲ་ལམ་དུ་རིན་མེད་ཀྱིས་འགྲེམས་སྤེལ་ཞུ་ཐུབ་ན། འཛམ་གླིང་གི་ས་ཆ་གང་དུ་ཡོད་མེད་ལ་མ་ལྟོས་པར་སྒྲ་དེབ་འདི་དག་བརྒྱུད་ནས་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་དང་ཡི་གེ་དག་པོ་ཤེས་ཐུབ་པ་དང། བོད་ཀྱི་སྐྱེས་ཆེན་མང་པོའི་རྣམ་ཐར་དང་ལོ་རྒྱུས་ཤེས་པར་ཕན་ནུས་ངེས་ཅན་ཐོན་ཐུབ་པར་དགོངས་པས་སྒྲ་དེབ་ཏུ་བཟོ་སྐྲུན་བྱས་ཡོད་པར་ངོ་སྤྲོད་གནང་སོང་།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་གིས་དེ་རིང་དྲ་ཐོག་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་སྟེ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠༌༣༠ ཐོག་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ་བརྒྱུད་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་རང་ཉིད་སྲིད་སྐྱོང་དུ་བཞེངས་རྒྱུ་ཡིན་པ་དང་། བཞེངས་དོན་གང་ཡིན་དང་ཆབ་སྲིད་ཀྱི་བཞེངས་ཕྱོགས། མ་འོངས་འཆར་སྣང་བཅས་ངོ་སྤྲོད་གནང་སོང་། སྐབས་དེར་ཁོང་གིས་རང་ཉིད་༸གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག་རང་ནུས་གང་ཐུབ་ཀྱིས་ཕྱག་ལས་གནང་མཁན་རྒྱལ་ཞེན་ཅན་གྱི་ནང་མི་ཞིག་ཏུ་སྐྱེས་པ་དང་། བོད་མི་རིགས་ཀྱི་ངོ་བོ་ར་འཕྲོད་པ་དང་མི་རིགས་ཀྱི་ལ་རྒྱ་གསལ་པོ་ཤེས་པའི་ཁོར་ཡུག་ནང་འཚར་ལོངས་བྱུང་སྐོར་གསུངས་པ་དང་སྦྲགས། རང་ཉིད་ཀྱི་བསམ་དོན་བཞིན་སློབ་སྦྱོང་དང་ལྷག་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གྲོས་ཚོགས། བོད་མིའི་སྒྲིག་འཛུགས་བཅས་སུ་ཁྱོན་ལོ་ངོ་ ༣༠ ལྷག་གི་རིང་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་དང་ཉམས་མྱོང་བྱུང་ཡོད་པའི་ཁར་ད་ལྟ་ང་ཚོར་ཕོ་མོ་འདྲ་མཉམ་གྱི་འགན་ཁུར་རྒྱུའི་གོ་སྐབས་དང་ནུས་པ་ཡོད་པ་དེ་ལོངས་སུ་སྤྱད་ནས་མ་འོངས་པར་བེུད་འགོ་ཁྲིད་ཀྱི་དཔེ་བཟང་སྤེལ་རྒྱུ་སོགས་ཀྱི་གོ་སྐབས་དང་ནུས་པ་ཡོད་པར་ཡིད་ཆེས་ཐོག་ནས་སྲིད་སྐྱོང་འོས་གཞིར་བཞེངས་བཞིན་ཡོད་པ་གསུངས་སོང་།ད་རེས་ཀྱི་གོ་སྐབས་དང་བསྟུན་ཁོང་ཉིད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་གྲོས་ཚོགས་ནས་བོད་ཀྱི་བདེན་དོན་སེལ་ཕྱིར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་སྐབས་སྤྱི་འཐུས་ཤིག་ཡིན་པ་ལྟར་ཁོང་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་དེ་དབུ་མའི་ལམ་ཡིན་པར་ཡོངས་གྲགས་གནང་ཡོད། ཁོང་གིས་ད་ལྟའི་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་ཀྱི་འགྱུར་ལྡོག་གི་གོ་སྐབས་དམ་འཛིན་གྱིས་སོ་སོའི་གནས་ཡུལ་རྒྱ་གར་ནས་དབུ་འཛུགས་ཀྱིས་བོད་དོན་རྒྱབ་སྐྱོར་གོང་འཕེལ་གཏོང་ཕྱིར་ལས་གཞི་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་ཁོང་ཉིད་ནས་ཐུགས་ཕན་སོས་པའི་ནུས་པ་ཆེད་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་མ་འོངས་པའི་ལས་འཆར་ངོ་སྤྲོད་དང་འབྲེལ་ཏེ་འཛིན་སྐྱོང་དང་དེང་སྐབས་བཙན་བྱོལ་བོད་མིའི་མི་འབོར་ཕྱེད་ཀ་ཙམ་ཕྱིའི་རྒྱལ་ཁབ་ཁག་ཏུ་བཞུགས་པའི་བོད་མི་དེ་དག་ཆགས་ཀྱི་ཡོད་སྟབས། སྐུ་ཚབ་དོན་གཅོད་ཁག་ནས་ཆབ་སྲིད་ཀྱི་འགན་འཁུར་མུ་མཐུད་བཞེས་པའི་ཐོག་ནས་མང་ཚོགས་ཀྱི་བདེ་དོན་ལྟ་སྐྱོང་ཆེད་ས་གནས་ཁག་ཏུ་བོད་པའི་མི་འབོར་ལ་གཞིགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ངོ་བོ་དེར་ངོས་འཛིན་ཆེ་བ་གནང་རྒྱུ་མ་ཟད་ས་འཐུས་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ངོ་བོར་བསྒྱུར་རྒྱུ་དང་། ཕྱིའི་རྒྱལ་ཁབ་ནས་རྒྱ་གར་ལ་ཕེབས་མཁན་རྣམས་ལ་ PAP སོགས་འགྲུལ་སྐྱོད་དང་འབྲེལ་བའི་ངལ་བ་ཁག་སེལ་ཐབས་འབད་རྒྱུ་ཡིན་པ་སོགས་གསུངས་སོང་།བོད་མིའི་སྒྲིག་འཛུགས་ཀྱི་གཞི་རྟེན་ཏེ་སྲི་ཞུ་བ་རྣམས་ཀྱི་བདེ་སྡུག་ལྟ་སྐྱོང་ཆེད་དུ་སྲི་ཞུ་བ་རྣམ་པར་སྐྱེད་མེད་བུ་གཡར་གནང་རྒྱུ་དང་། ས་གནས་བོད་མིའི་གཞིས་ཆགས་ཁག་ཏུ་སྤྱི་ཚོགས་ཀྱི་འགན་ཁུར་གནང་མཁན་དག་ལ་མཐུན་འགྱུར་དང་ངོས་འཛིན་ཇེ་མཐོར་གཏོང་རྒྱུ་མ་ཟད། གཞིས་ཆགས་ཁག་གི་གནས་བབ་ལ་གཞིགས་ཏེ་སོ་ནམ་ཞིང་ལས་དང་མཉམ་འབྲེལ། བཟོ་གྲྭ་སོགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་ནས་གཞིས་ཆགས་སྲ་བརྟན་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས་སོང་། ས་ཁང་སྒྲིག་གཞི་དང་ཉམ་ཐག་ལྟ་སྐྱོང་སྒྲིག་གཞི་རྣམས་ལ་བསྐྱར་བཅོས་ཀྱིས་ཉམ་ཐག་གི་གནས་བབ་ལས་གྲོལ་ཐབས་དང་། ཁ་འཐོར་བོད་མི་རྣམས་ལ་སྡོད་གནས་ཀྱི་ངལ་བ་སེལ་རྒྱུ། རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཕྱག་ལས་གནང་མཁན་གྱི་བོད་མི་གཞོན་སྐྱེས་རྣམས་ཀྱི་སྡོད་གནས་དང་འབྲེལ་བའི་ངལ་བ་སེལ་རྒྱུ། དགོན་སྡེ་ཁག་ལ་ཡོད་པའི་སློབ་གྲྭའི་གནས་སྟངས་དེ་དག་༸དཔལ་ནཱ་ལེནྡྰའི་ཆོས་བརྒྱུད་འཛིན་མཁན་གྱི་ངོས་འཛིན་ལྡན་པའི་ཤེས་ཡོན་ལམ་ལུགས་ཐོག་ཕེབས་ཐུབ་ཐབས་སུ་བོད་ཡིག་དང་བོད་སྐད་ཡར་རྒྱས་གཏོང་འཆར་ཡོད་པ་མ་ཟད། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ནུས་པ་མཉམ་སྤུངས་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་པ་སོགས་ངོ་སྤྲོད་གནང་སོང་། ད་རེས་ཀྱི་གསར་འགོད་ལྷན་ཚོགས་འདིའི་ཐོག་བཙན་བྱོལ་བོད་མིའི་བོད་དབྱིན་གཉིས་ཀྱི་གསར་ཁང་ཁག་གི་གསར་འགོད་པ་ཁྱོན་ ༡༨ ཙམ་ནས་མཉམ་ཞུགས་གནང་ཡོད་པ་ལྟར་བཀའ་ཟུར་མཆོག་ནས་གསར་འགོད་པ་རྣམས་ཀྱི་བཀའ་འདྲིར་དང་བཞེས་ཀྱིས་དགོངས་ཚུལ་ཁག་གསལ་བཟོ་གནང་ཡོད་པ་རེད།

ཐེ་ཝན་དུ་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་དགུ་པ་དབུ་འཛུགས་གནང་བ།

ཁ་སང་ཕྱི་ཚེས་ ༡༣ ཉིན་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་དྲྭ་ཐོག་བརྒྱུད་ ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་དགུ་པ་ཚོགས་ཡོད་པ་རེད།

ཨ་རིར་ཡོད་པའི་ཁུང་ཙི་སློབ་གླིང་བསྟི་གནས་ཁང་རྒྱ་གཞུང་གི་ལག་ཆར་ངོས་འཛིན་གནང་རྒྱུ།

རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་ཁང་དུ་ཡོད་པའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཁང་དེས་བསྟི་གནས་ཁང་སོ་སོར་དམར་ཤོག་ཚོགས་པའི་བསམ་བློ་སྤེལ་ཐབས་དང་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་མང་དག་ཅིག་ལ་འཁྱོག་བཤད་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དང་སྦྲགས། འདས་པའི་དུས་ཡུན་ནང་བསྟི་གནས་ཁང་མང་པོས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་བཅད་པའི་གནས་ཚུལ་བྱུང་ཡོད་པ་ལྟར། ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ཨ་རིས་རྒྱ་ནག་གི་ཁུང་རྩི་སློབ་གླིང་ཁང་རྒྱ་གཞུང་གི་ཕྱི་ཕྱོགས་སུ་གཉེར་བའི་དམར་ཤོག་སྲིད་གཞུང་གི་ལག་ཆར་ངོས་འཛིན་གནང་རྒྱུའི་བསྒྲགས་གཏམ་སྤེལ་འདུག སྐུ་ཞབས་ Pompeo མཆོག་གི་མཚན་ཐོག་ཏུ་སྤེལ་བའི་བསྒྲགས་གཏམ་ནང་སྤྱིར་ཨ་རིའི་ངོས་ནས་རྒྱ་ནག་གཞུང་ནས་དུས་རྟག་ཏུ་དྲང་བདེན་དང་ཕན་ཚུན་གཅིག་མཚུངས་ཀྱི་ལྟ་ཕྱོགས་འཛིན་རྒྱུར་རེ་བ་གནང་གི་ཡོད་པ་དང་སྒོས་ལོ་ངོ་བཅུ་ཕྲག་བཞི་ལྷག་པེ་ཅིན་ནས་ཨ་རི་ནང་རང་དབང་དང་ཆེས་གུ་ཡངས། དེ་བཞིན་བཀག་སྡོམ་མེད་པར་འགྲོ་སྐྱོད་སོགས་བྱེད་བཞིན་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་ནས་ཨ་རིའི་མི་སེར་གཙོས་ཕྱི་ཕྱོགས་ཀྱི་མི་རྣམས་ལ་དེ་འབྲེལ་ཐད་དམ་དྲག་དང་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད་ལྷག་པར་དུ་རྒྱ་གཞུང་ནས་ཨ་རིའི་གུ་ཡངས་ཀྱི་བྱ་སྤྱོད་དེར་ཁེ་ཕན་ལེན་ནས་དམར་ཤོག་སྲིད་གཞུང་གི་ལྟ་གྲུབ་ཁྱབ་སྤེལ་སླད་ཁུང་ཙི་སློབ་གླིང་ཆེད་འཛུགས་ཐུབ་ཡོད་སྐོར་གསུངས་འདུག ཁུང་ཙིའི་སློབ་གླིང་གིས་དམར་ཤོག་སྲིད་གཞུང་གི་ལྟ་གྲུབ་ཁྱབ་སྤེལ་དང་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་རང་དབང་འཕྲོག་ཐབས་བྱེད་བཞིན་པའི་བྱ་སྤྱོད་དག་ལ་བརྟེན་ནས་དེ་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཁུང་ཙི་སློབ་གླིང་ རྒྱ་གཞུང་གི་ཕྱི་ཕྱོགས་སུ་གཉེར་བའི་དམར་ཤོག་སྲིད་གཞུང་གི་ལག་ཆར་ངོས་འཛིན་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུག་པ་མ་ཟད། སྐབས་དེར་སྐུ་ཞབས་ Pompeo མཆོག་གིས་ད་རེས་ཨ་རིའི་ངོས་ནས་དེ་ལྟར་གནང་དགོས་དོན་ནི་ཨ་རིའི་ཤེས་ཡོན་སློབ་སྟོན་པ་དང་སློབ་གྲྭའི་འཛིན་སྐྱོང་བ་ཚོར་ཁུངས་ཙི་སློབ་གླིང་གི་བྱེད་ཕྱོགས་གོ་རྟོགས་སྤེལ་རྒྱུ་དང་། རྒྱ་གཞུང་གི་རྒྱབ་རྟེན་ཡོད་པའི་ཁུང་ཙི་སློབ་གླིང་དང་འབྲེལ་བ་མུ་མཐུད་གནང་དགོས་མིན་ཐོག་དགོངས་པ་གཉིས་པ་ཞིག་བཞེས་ཆེད་ཡིན་པར་གསུངས་འདུག སྤྱིར་ད་རེས་ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དེ་དམར་ཤོག་སྲིད་གཞུང་གི་ལག་ཆར་ངོས་འཛིན་གནང་བའི་རྐྱེན་གྱིས་ཤེས་ཡོན་བསྟི་གནས་ཁག་ཏུ་ཡོད་པའི་ཁུང་ཙི་སློབ་གླིང་ནས་ཕྱི་སྲིད་ལས་ཁང་ལ་སློབ་གླིང་དེའི་ཆེད་ལས་མི་སྣ་དང་། ལས་བྱེད་གསར་ཞུགས་ཀྱི་བརྒྱུད་རིམ། དེ་བཞིན་མ་དངུལ་ཡོང་ཁུངས། ཨ་རིའི་ནང་ལས་དོན་གཉེར་ཕྱོགས་སོགས་ཀྱི་སྐོར་ཕྱི་གསལ་ནང་གསལ་ཐོག་ནས་གནས་ཚུལ་མཁོ་སྤྲོད་གནང་དགོས་པ་རེད་འདུག གཞི་རྩའི་རྒྱལ་སྤྱིའི་ཁྲོད་གཙུག་ལག་སློབ་གཉེར་ཁང་རྣམས་ནས་རྒྱ་ནག་ཁུང་ཙི་སློབ་གླིང་གིས་གཏན་འབེབས་བྱས་པའི་སློབ་ཚན་དང་། དེ་བཞིན་བསྟི་གནས་ཁང་སོ་སོའི་ཤེས་ཡོན་ལམ་ལུགས་ལ་ཤུགས་རྐྱེན་ཇི་ཐེབས་ཐད་ཞིབ་གཤེར་གནང་གི་ཡོད་པ་དང་། སྐུ་ཞབས་ Pompeo མཆོག་གིས་ཨ་རིའི་ངོས་ནས་ཤེས་ཡོན་བསྟི་གནས་ཁང་སོ་སོར་རྒྱ་སྐད་དང་རྒྱ་ནག་གི་རིག་གཞུང་ཐད་སློབ་སྦྱོང་གནང་འདོད་ཡོད་ཚེ་ཨ་རིའི་སྲིད་གཞུང་ནས་རྒྱ་གཞུང་གི་འཁྱོག་བརྗོད་དྲིལ་བསྒྲགས་དང་བྲལ་བའི་སློབ་སྦྱོང་གནང་རྒྱུའི་རང་དབང་བསྐྲུན་རྒྱུ་ཡིན་པར་གསུངས་ཡོད།རྩ་བའི་འདས་པའི་དུས་ཡུན་ནང་ཨ་རི་ནང་ཁུང་ཙི་སློབ་གླིང་ ༤༥ སྒོ་བརྒྱབ་ཟིན་ཀྱང་འདི་ལོའི་ཟླ་ ༧ ཚེས་ ༣༠ བར་གྱི་གྲངས་ཐོར་གཞིགས་ཚེ་ད་ཆ་བསྟི་གནས་ཁང་ ༧༥ ཡོད་པ་རེད། འོན་ཀྱང་དེའི་ཁོངས་འདི་ལོར་མི་སོ་རི་དང་། ཨེ་རི་ཛོ་ན། དེ་བཞིན་ཀེ་ལི་ཕོར་ནི་ཡ་ཌེ་ཝི་སི་དང་ཨོཀ་ལ་ཧོ་མཱ་བཅས་གཙུག་ལག་སློབ་གཉེར་ཁང་བཞིས་ཁུངས་ཙི་སློབ་གླིང་དང་འབྲེལ་ཐག་གཅད་འཆར་འདུག ད་རེས་ཨ་རིས་ཁུང་ཙི་སློབ་གླིང་དེ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལག་ཆར་ངོས་འཛིན་གྱི་གསལ་བསྒྲགས་སྤེལ་བ་དེ་ཨ་རྒྱ་གཉིས་དབར་ད་ལྟ་འགྲོ་བཞིན་པའི་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་གནད་དོན་ཁྲོད་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད།

རྒྱ་ནག་ལ་བརྡ་ལན་དུ་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་དུ་ཕེབས་རྒྱུའི་རེ་ཞུ།

དེ་རིང་རྒྱ་གར་གྱི་ The week  ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་འབྲས་ལྗོངས་མངའ་སྡེའི་བློན་ཆེན་ Prem Singh Tamang ལགས་ཀྱིས་ཁ་སང་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཏེ་འབྲས་ལྗོངས་མི་མང་གིས་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱིར་རྒྱ་གར་དུ་ཆེད་ཕེབས་ཀྱིས་ས་གནས་ཀྱི་དད་ལྡན་མི་མང་ཚོགས་ལ་ཆོས་ཀྱི་བདུད་རྩི་སྩོལ་རྒྱུའི་རེ་འདུན་ཤུགས་དྲག་ཡོད་པར་བརྟེན་སྲིན་བློན་མཆོག་གིས་༸རྒྱལ་དབང་ཀརྨ་པ་མཆོག་གང་མགྱོགས་ཕྱིར་རྒྱ་གར་དུ་ཕེབས་འཐུས་ཆོག་པའི་ཆོག་མཆན་གནང་རྒྱུའི་རེ་སྐུལ་ཞུས་འདུག

 ལྷོ་ཁ་ཁུལ་དང་ལྷུན་རྩེ་རྫོང་གི་གྲོང་ཚོ་གནས་སྤོར་གྱི་ལས་གཞི་ལག་བསྟར།

ཁ་སང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐད་ཀར་སྟངས་འཛིན་གྱི་འོག་ཡོད་པའི་ Global times ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཀྱི་མཐའ་མཚམས་ཁག་གི་ས་ཁུལ་ལྷོ་ཁ་དང་ལྷུན་རྩེ་སོགས་ཀྱི་གྲོང་ཚོ་གནས་སྤོར་གྱིས་རྒྱ་དཀར་ནག་དང་འབྲུག་བཅས་ཀྱི་མཐའ་མཚམས་སྲུང་གི་ཡོད་པ་དང་།  ད་ཆ་གནས་སྤོར་ཟིན་པའི་བོད་མི་དེ་དག་གི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་གྲལ་དུ་ཐོན་ཡོད་པ་མ་ཟད། མི་འགྱངས་བར་ལྷོ་ཁ་དང་ལྷུན་རྩེ་རྫོང་ཁོངས་ནས་མི་ ༦༠༠༠ ལྷག་ས་མཚམས་སུ་གནས་སྤོར་བྱེད་རྒྱུའི་ལས་འཆར་ཡོད་པར་བསྒྲགས་འདུག

Latest news