Tibetan Royal Year of 2151 | Year of the Wood Dragon

༸པཎ་རིན་པོ་ཆེ།

རྒྱལ་ཚོགས་ནང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཟུར་ཚོགས།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༡ པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢ ཉིན་རྒྱལ་ཚོགས་ཀྱི་ཚོགས་ཁང་ནང་ད་བར་མི་ལོ་ ༢༤ རིང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་ཟུར་ཚོགས་ཤིག་གནང་ཡོད་པ་རེད།ཟུར་ཚོགས་ཐོག་བཀྲིས་ལྷུན་པོ་དགོན་གྱི་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་གི་ཚོགས་གཙོ་གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་ད་བར་མི་ལོ་ ༢༤ རིང་༸པཎ་ཆེན་རིན་པོ་ཆེ་མཆོག་དང་བྱ་བྲལ་རིན་པོ་ཆེ་རྣམ་གཉིས་རྒྱ་གཞུང་གིས་བཙོན་འཇུག་གིས་འགྲོ་བ་མིའི་སྤྱི་ཚོགས་ཧྲིལ་པོ་དང་འབྲེལ་ལམ་ཡོངས་སུ་བཀག་སྡོམ་བྱས་པ་དེ་ནི་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་ཞིག་རྩ་བ་ནས་མིན་པར་མི་གཅིག་གི་མི་ཚེའི་ནང་བསུབ་ཐབས་མེད་པའི་གྱོང་གུད་ཆེན་པོ་ཞིག་དང་། དད་ལྡན་ས་ཡ་མང་པོའི་སེམས་ནང་ལ་ཕོག་ཐུག་བཏང་བ། དེ་བཞིན་བོད་མིའི་ཆོས་ཕྱོགས་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་འཕྲོག་པ་སོགས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཙམ་མ་ཟད། རྒྱ་ནག་གཞུང་གིས་གྲངས་ཉུངས་མི་རིགས་ཐོག་བཞག་པའི་ཁྲིམས་སྒྲིག་ཁག་རྡོག་རོལ་བཏང་བའི་ནག་ཉེས་བསགས་ཡོད་ཅེས་རྒྱ་གཞུང་གི་ནག་ཉེས་ཁག་གླེང་སྟེགས་ཐོག་ཐེར་འདོན་གནང་འདུགསྤྱིར་ཁ་སང་༸པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་ཟུར་ཚོགས་དེ་ནི་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threaten people ཞེས་པས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། སྐབས་དེར་ཚོུད་གཅིག་གི་རིང་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་རྒྱ་གཞུང་གི་དམ་དྲག་ཞེས་པའི་གླེང་བརྗོད་ཐོག་ཟུར་ཚོགས་ལས་རིམ་གནང་ཐོག་གཙོ་བོ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་གླེང་སློང་གནང་ཡོད་པ་དང་། སྐབས་དེར་ཟུར་ཚོགས་དངུས་སུ་མ་ཚོགས་གོང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་གྱུར་སྐོར་བཟོ་སྐྲུན་ཞུས་པའི་དངོས་བྱུང་གློག་བརྙན་ The Stolen Child ཞེས་པ་སྐར་མ་གཉིས་ཅན་ཡོད་པ་ཞིག་ཚོགས་བཅར་བ་ཚོར་ངོ་སྤྲོད་ཞུ་སླད་གཟིགས་འབུལ་ཞུས་ འདུག་པ་དང་ཆབས་ཅིག གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་༸རྒྱལ་བ་ཡབ་སྲིད་རྣམས་ཀྱི་འབྲེལ་བའི་སྐོར་དང་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྗེས། དེ་བཞིན་༸པཎ་ཆེན་སྐུ་གོང་མ་དགོངས་པ་རྫོགས་སྐབས་ཀྱི་གནས་ཚུལ། ཡང་སྲིད་འཚོལ་ཞིབ། རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་མཆོག་སོགས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ད་བར་རྒྱལ་སྤྱིའི་ཐོག་ཞུ་འབོད་རིམ་པ་གནང་བ་བཅས་གནས་ཚུལ་སྙིང་བསྡུས་ཐོག་ནས་ངོ་སྤྲོད་ཀྱང་གནང་འདུག ལྷག་པར་དུ་བློ་བཟང་རྡོ་རྗེ་ལགས་ཀྱིས་ཟུར་ཚོགས་ཐོག་ད་བར་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་བོད་ནང་གི་བོདམིའི་ ༦༠ ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་གསལ་བཏོན་གནང་བ་དང་སྦྲགས། ད་ཆ་བོད་ནང་རྒྱ་ནག་གཞུང་གིས་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག་བོད་མི་རྣམས་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ་དང་རྒྱ་སྐད་མི་ཤེས་མཁན་བོད་མི་ཚོའི་འཚོ་རྟེན་མེད་པ་བཟོས་པ་དང་། བོད་མི་ཚོས་མི་རིགས་ཀྱི་གོམས་སྲོལ་དང་ཐོབ་ཐང་སྲུང་བ། ༸པཎ་ཆེན་ཡབ་སྲས་གཉིས་ལ་དད་མུས་ཞུས་ནས་ཁ་བྲལ་བ་དང་ཁྲིམས་འགལ་ཆགས་པར་ངོས་འཛིན་བྱེད་བཞིན་ཡོད་སོགས་གནད་དོན་དེ་དག་ལས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཆེས་མུན་ནག་དང་། ཆེས་འཇིགས་སྣང་ཅན། དེ་བཞིན་ཆེས་སྡུག་རྩུབ་ཅན་ཤ་སྟག་ཡིན་པ་གསལ་པོ་རེད་ཅེས་གསུངས་འདུགཟུར་ཚོགས་གླེང་སྟེགས་བརྒྱུད་ནས་གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་ད་དུང་རྒྱལ་ཚོགས་དང་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མིར་འགྲོ་སྡོད་སྤྱོད་གསུམ་དང་ཆོས་དད་དང་སྨྲ་བརྗོད་རང་དབང་། དེ་བཞིན་གཞི་རྩའི་འགྲོ་བ་མིའིཐོབ་ཐང་བཅས་སྤྲོད་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འབྲེལ་ཡོད་མི་སྣ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་ནང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་སྐུ་འཁོར་ནང་མི་རྣམས་སྐུ་གཟུགས་གསལ་ཐང་ཡིན་པའི་ཁུངས་སྐྱེལ་ར་འཕྲོད་གཟིགས་ཞིབ་གནང་བར་གཏོང་དགོས། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་རྣམ་གཉིས་མ་ཉེས་ཁག་གཡོག་བྱས་པ་ལྟར་དེ་འབྲེལ་ཉེས་མེད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་བཅས་དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཞུས་འདུག ཟུར་ཚོགས་ཐོག་གཏམ་བཤད་གནང་མཁན་ཁོངས་སུ་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སྲིད་བྱུས་ཚན་པའི་འགན་འཛིན་སྐུ་ཞབས་ Vicent Metten ལགས་ཡིན་ཞིང་། ཁོང་གིས་བོད་ནང་གི་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་བ་དང་འབྲེལ། རྒྱ་ནག་གཞུང་གིས་རྩ་ཁྲིམས་གཞིར་བཞག་ཐོག་གཞུང་གིས་ཐེ་བྱུས་གང་ཡང་མེད་པར་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་བཅུག་དགོས་པ་དང་དེའི་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཡང་སྟོན་ཡོད་པ་རེད།ཟུར་ཚོགས་དེའི་ཐོག་ཇི་ནི་ཝར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས། ས་གནས་བོད་མི་བཅས་ནས་མཉམ་ཞུགས་གནང་འདུགརྩ་བའི་ཕྱི་ལོ་ ༢༠༡༩ ལོ་འདི་ནི་རྒྱ་ནག་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ནས་མི་ལོ་ ༢༤ འཁོར་བ་དང་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་ཁྲིམས་ཡིག་གཏན་འབེབས་གནང་སྟེ་མི་ལོ་ ༣༠ འཁོར་བའི་དུས་ཚིགས་ཁེལ་གྱི་ཡོད་པ་རེད།གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་རྒྱལ་ཚོགས་འཚོགས་བཞིན་པ་དང་བསྟུན་ད་བར་བཀྲིས་ལྷུན་པོ་དགོན་གྱི་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་གིས་ལོ་ཤས་ནང་འཛམ་གླིང་ས་ཕྱོགས་གང་སར་མང་ཚོགས་ཁྲོད་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་བའི་མཚན་རྟགས་བསྡུ་རུབ་གནང་བའི་དེབ་གྲང་གཉིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ཏུ་ཕུལ་བ་དང་ཆབས་ཅིག་ཏུ་དོན་ཚན་བཞི་ཅན་ཡོད་པའི་འབོད་སྐུལ་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་པ་རེད།

༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་པ་ལན་འདེབས་གསལ་པོ་དགོས།

ཁ་སང་ཕྱི་ཚེས་ ༡༧ ཉིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༤ འཁོར་བའི་དུས་ཚིགས་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་བར་རྣམ་པ་འདྲ་མིན་བརྒྱུད་ནས་ལས་འགུལ་སྤེལ་ཡོད་པ་ལྟར། ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་གནས་སྡོད་བོད་མི་ཚོས་ཁ་སང་ཁུལ་དེའི་རྒྱལ་ས་པེ་རིས་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ད་ཆ་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་ཀྱི་ལན་འདེབས་གསལ་པོ་དགོས་ཞེས་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག ཕ་རན་སི་བོད་རིགས་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་གཞོན་ནུ། དེ་བཞིན་ས་གནས་ཆོལ་གསུམ་ཐོུང་གིས་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང་། སྐབས་དེར་བོད་མི་ལས་འགུལ་བ་ཚོས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་ངོས་སུ་འཕྲེད་དར་སྟེང་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་རིན་པོ་ཆེ་མཆོག་གི་༸སྐུ་པར་བཤམ་སྟོན་དང། བོད་ཀྱི་རྒྱལ་དར་དང་རིན་པོ་ཆེ་མཆོག་གི་༸སྐུ་པར་སོགས་བསྣམས་ནས་རྒྱ་གཞུང་ལ་༸པཎ་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་ཀྱི་ལན་འདེབས་གསོལ་པོ་སྤྲོད་དགོས་པ་དང། གང་མགྱོགས་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་འོག་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་མ་ཟད། ས་གནས་ཡུལ་མིར་རིན་པོ་ཆེ་མཆོག་གི་སྐོར་གོ་རྟོགས་སྤེལ་སླད་རིན་པོ་ཆེ་མཆོག་དགུང་གྲངས་ ༦ ལ་ཕེབས་སྐབས་ནས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་བར་མི་ལོ་ ༢༤ རིང་གང་དུ་བཞུགས་ཡོད་མེད་ཀྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མེད་པར་གྱུར་སྐོར་ཤོག་བྱང་འགོད་འགྲེམས་གནང་འདུག  དེ་དང་ཕྱོགས་མཚུངས་ཁ་སང་ spain གྲོང་ཁྱེར་ barcelona ནང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་འོག་ཁུལ་དེའི་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གྲོང་ཁྱེར་དེའི་མང་ཚོགས་འདུ་འཛོམས་ཆེ་བའི་ས་ཚིགས་སུ་འདུ་འཛོམས་ཀྱིས་ལས་འགུལ་བ་རྣམས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུ་པར་བསྣམས་ནས་ཕྱི་ལོ་ ༡༩༩༥ ལོ་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་འོག་གར་ཡོད་ཤེས་རྟོགས་མེད་པ་གྱུར་ཡོད་སྐོར་དང་། རྒྱ་གཞུང་ནས་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་མ་ཟད་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་རིག སྐད་ཡིག ལེགས་བྱང་། དེ་བཞིན་ཁོར་ཡུག་སོགས་ལ་རྒྱ་གཞུང་ནས་གུས་བརྩི་ཞུ་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པ་རེད།དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་སྡེ་ཚན་གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གོ་སྒྲིག་གི་འོག་གངས་སྐྱིད་དུ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གིས་བཙན་ཁྲིད་བྱས་ནས་མི་ལོ་ཉེར་བཞི་འཁོར་བའི་ཉིན་མོ་དང་སྟབས་བསྟུན་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་རེད། CTA,DIIR སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས། དེ་བཞིན་བཀྲ་ཤིས་ལྷུན་པོ་དགོན་གྱི་ཀ་ཆེན་དཀོན་མཆོག་བསྟན་འཛིན་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་བཅས་དབུ་བཞུགས་ཐོག་བགྲོ་གླེང་གནང་ཡོད་པ་རེད། ཀ་ཆེན་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེའི་མཚན་བྱང་གི་གལ་ཆེན་རང་བཞིན་འགྲེལ་བརྗོད་དང་སྦྲགས། ༸རྒྱལ་བ་༸པཎ་ཆེན་རྣམ་གཉིས་ཀྱིས་སྐུ་ཕྲེང་དང་པོ་ནས་བརྒྱུད་ཡོང་བའི་དུས་དེ་རིང་བར་གྱི་དགེ་སློབ་དམ་ཚིག་གི་སྐོར། དེ་བཞིན་༸སྐུའི་ཡང་སྲིད་ངོས་འཛིན་གནང་སྲོལ་གྱི་ལམ་ལུགས་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་དང་། ཚེ་རིང་མཚོ་མོ་ལགས་ཀྱིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་པའི་ཛ་དྲག་གི་གནད་དོན་དང་། དེ་བཞིན་རྒྱ་ནག་གི་བྱེད་བབ་དེས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད། མི་ཆོས་རིང་ལུགས་ཀྱི་ནག་ཉེས་བསགས་ཡོད་ཚུལ་དང་འབྲེལ་ནས་རྒྱ་ན་གིས་བོད་མིའི་སྤྱི་ཚོགས་ལ་ཆུང་སྲིད་རིན་པོ་ཆེ་མཆོག་གལ་འགངས་ཇི་ཙམ་ཆེ་བ་རྟོགས་ཡོད་པར་བརྟེན། དུས་ཡུན་རིང་པོ་ནས་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་ཁྲིད་བྱེད་རྒྱུའི་འཆར་གཞི་ཡོད་པ་ལྟར། ད་ལྟ་བོད་མི་དག་སྡུག་བསྔལ་གྱིས་མནར་བཞིན་ཡོད་པ་སོགས་བརྗོད་དེ་སྤྱི་ཡོངས་ནས་རྒྱ་ནག་གི་ཆོས་ལུགས་ཀྱི་སྲིད་བྱུས་ཀྱི་ཐད་ནས་གཏམ་བཤད་སྤེལ་འདུག གཞན་ཡང་སྐབས་དེར་ཆོས་རིག་བཀའ་བློན་ཀརྨ་གཡུ་ཐོག་དགེ་ལེགས་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸པཎ་ཆེན་ཆུང་སྲིད་མཆོག་གི་གནད་དོན་དེར་འཛིན་པའི་གཞུང་འབྲེལ་གྱི་བཞེངས་ཕྱོགས་སོགས་ཀྱི་ཐོག་གསུ་བཤད་གནང་སྟེ་༸གང་ཉིད་མཆོག་གང་མགྱོགས་གློད་བཀྲོལ་ཡོང་བའི་སྨོན་ལམ་ཡོད་པར་གསུངས་འདུག ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཊི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་འབངས་སྡུག་བསྔལ་ལས་སྐྱོབ་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བཀླགས་ནས་རིན་པོ་ཆེ་མཆོག་དང་མཇལ་ཚུལ་དང་། དེ་བཞིན་ ༡༩༨༥ ལོར་དངོས་སུ་རིན་པོ་ཆེ་མཆོག་དང་མཇལ་བའི་སྐོར་སོགས་ཕྱོགས་གཉིས་ཀྱི་ཐད་ནས་༸པཎ་ཆེན་རིན་པོ་ཆེར་མི་སྒེར་གྱི་གཟིགས་ཚུལ་ཅི་ཡོད་ཐོག་ནས་གསུང་བཤད་གནང་འདུག ཨ་རིའི་གྲོང་ཁྱེར་ San Francisco ནང་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་རྒྱ་ནག་གི་གཞུང་ཚབ་མདུན་དུ་རྔམ་སྟོན་ཁྲོམ་སྐོར་གནང་སྟེ་༸པཎ་ཆེན་རིན་པོ་མཆོག་མྱུར་དུ་གློད་བཀྲོལ་དགོས་པའི་སྐད་འབོད་གནང་བ་མ་ཟད། བོད་ཀྱི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་འདུག

༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཆེད་སྦག་སྦག་སྐོར་སྐྱོད་དང་རྔམ་སྟོན་ཁྲོམ་སྐོར།

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ནི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་གར་ཡོད་གནས་སྟངས་ཤེས་རྟོག་མེད་པར་གྱུར་ནས་ལོ་ངོ་ཧྲིལ་པོ་ ༢༤ འཁོར་བའི་ཉིན་མོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་ནས་མངའ་སྡེའི་གྲོང་ཁྱེར་མེ་སོར་བར་དུ་རྒྱང་ཐག་སྤྱེ་ལོ་ ༧༢ སར་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་མྱུར་གློད་བཀྲོལ་དང་ཁོང་གི་གནས་སྟངས་སོགས་རྒྱལ་སྤྱིའི་ཐོག་གསལ་འདོན་དགོས་པའི་དགོས་འདུན་འོག་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།ལས་འགུལ་དེའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཀོ་ལི་གྷལ་དང་མོན་གྷོ་འདོད་རྒུ་གླིང་། ཧུན་སུར་རབ་རྒྱས་གླིང་། སྦེལ་ཀོབ་གཞིས་ཆགས་གཉིས་བཅས་ཁྱོན་གཞིས་ཆགས་ཁག་ལྔའི་དང་བླངས་ལས་འགུལ་བ་མི་གྲངས་ ༤༤ ནས་མཉམ་ཞུགས་གནང་འདུག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལས་འགུལ་འདིའི་ཐོག་ནས་རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་རྟོག་ཞིབ་ཆེད་གཏོང་དགོས་པ་དང་ཉེ་ལམ་སེར་ཤུལ་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཡོང་བའི་སྨོན་ཚིག་བསྒྲགས་པ་དང་ཕྱི་ཕྱོགས་ལ་གནས་ཚུལ་སྤེལ་བའི་ཉེས་མིང་འོག་བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་མི་གཉིས་ལ་ཉེས་ཆད་བཏང་ཡོད་པ་ཁོང་རྣམས་གང་མྱུར་གློད་བཀྲོལ་དགོས་པའི་དགོས་འདུན་ཡང་ཆེད་བཏོན་གནང་འདུགདེ་དང་ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དང་ཧུན་སུར། སྦེལ་ཀོབ་བཅས་ས་གནས་ཁག་གསུམ་གྱི་བོད་ཀྱི་བེུད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། མེ་སོར་སློབ་ཕྲུག་ཚོགས་པ་བཅས་ནས་ཀྱང་དེ་རིང་མངའ་སྡེའི་གྲོང་ཁྱེར་མེ་སོར་རྒྱལ་ཁང་མདུན་ཐང་ནས་རྫོང་དཔོན་ལས་ཁུངས་བར་མི་གྲངས་ ༢༠༠ བརྒལ་བས་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། རྫོང་དཔོན་བརྒྱུད་རྒྱ་གར་སྲིད་བློན་མཚན་ཐོག་ཏུ་བོད་དོན་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་པ་རེད།དེ་མཚུངས་དེ་རིང་བཞུགས་སྒར་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཐོག་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་མཉམ་ཞུགས་ཐོག་ནས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་ནས་མི་ལོ་ཉེར་བཞི་འཁོར་བའི་མཛད་སྒོ་དང་འབྲེལ། ཆུང་སྲིད་རིན་པོ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་གི་ལས་རིམ་ནང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་དབུ་བཞུགས་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱི་འཐུས་ཚབ་མི་སྣ་ཁག་མཉམ་ཞུགས་གནང་ཡོད་པ་དང། ཁོང་རྣམས་ནས་སྐབས་དེར་གཙོ་བོ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པའི་ཐོག་ལ་གལ་གནད་ཆེན་པོ་ཇི་ཙམ་ཆགས་ཡོད་པའི་ཐོག་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།   རྩ་བའི་བགྲོ་གླེང་ཐོག་གཙོ་བོ་༸པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་གལ་གནད་སྐོར་ལ་བགྲོ་གླེང་གནང་བ་དང་མཉམ་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པར་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་པའི་སྐོར། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་ཐད་ནས་ཀྱང་༸རྒྱལ་བ་ཡབ་སྲས་གཉིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འབྲེལ་ལམ་དེ་གལ་ཆེན་ཡིན་སྐོར་སོགས་ཀྱི་ཐད་ནས་བགྲོ་གླེང་གནང་སོང་། གཞན་ཡང་ཚོགས་པ་གསུམ་པོས་ཕྱི་དྲོ་བཞུགས་སྒར་གྱི་ཉིན་མོ་སློབ་གྲྭར་༸པཎ་ཆེན་ཆུང་སྲིད་དང་འབྲེལ་བའི་དངོས་བྱུང་གི་གློག་བརྙན།  རྐུ་འཁྱེར་བྱས་པའི་བོད་ཀྱི་བྱིས་པ་ཞེས་པའི་གློག་བརྙན་མི་མང་ལ་གཟིགས་འབུལ་ཞུས་ཡོད་པ་རེད།

༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲལ་ཆེད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ།

ཁ་སང་ Portugal སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ PAN ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Silva ལགས་ཀྱིས་སྣེ་ཁྲིད་པའི་འོག་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་རྒྱ་ནག་ལ་སྐྱོན་བརྗོད་དང་འབྲེལ་ཏེ་པོར་ཆུ་གྷལ་སྲིད་གཞུང་ནས་ཆུང་སྲིད་རིན་པོ་ཆེ་གང་མགྱོགས་གློད་བཀྲོལ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བར་ཁ་སང་ Portugal གྲོས་ཚོགས་ཀྱི་ plenary session འམ་གྲོས་ཚོགས་ཚོགས་མི་ཚང་འཛོམས་གནང་སྟེ་ཚོགས་དུས་ཐོག་རྒྱབ་སྐྱོར་གནང་མཁན་ ༢༩ དང་འགག་བྱ་གནང་མཁན་ ༡༩ བཅས་ཀྱིས་གྲོས་ཚོད་གཏན་འབེབས་གནང་འདུག དེའི་ནང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་༸པཎ་ཆེན་རིན་པོ་གར་ཡོད་ཀྱི་སྐོར་ལ་ཤེས་རྟོགས་མེད་པར་བརྟེན།   ཁོང་གི་ལུས་སེམས་གཉིས་ཀྱི་གནས་སྟངས་ལ་སེམས་འཚབ་ཡོད་པར་བརྗོད་དེ་ Portugal སྲིད་གཞུང་གིས་ངེས་པར་དུ་རྒྱ་ནག་སྲིད་གཞུང་ལ་འབོད་སྐུལ་གྱིས་རིན་པོ་ཆེ་མཆོག་གློལ་བཀྲོལ་གཏོང་དགོས་པར་བརྗོད་འདུགགྲོས་ཆོད་དེའི་ནང་རྒྱ་ནག་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པའི་ལོ་རྒྱུས་འཁོད་ཡོད་པ་མ་ཟད། རྒྱ་ནག་གིས་ཁོང་འཛིན་བཟུང་བྱེད་དོན་ནི་ཁ་བྲལ་ཚོགས་པ་ལས་སྲུང་སྐྱོབ་བྱེད་ཆེད་ཡིན་པར་བརྗོད་ཡོད་ཀྱང་། དོན་དངོས་ཐོག་ལོ་ངོ་བཅུ་ཕྲག་གཉིས་ཀྱི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྲིད་གཞུང་འདྲ་མིན་གྱི་ངོས་ནས་རྒྱ་ནག་ལ་རེ་སྐུལ་ཞུས་ཏེ་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཀྱི་འཕྲོད་བསྟེན་གྱི་གནས་བབ་ལ་བརྟག་དཔྱད་བྱེད་དགོས་པར་བརྗོད་ཡོད་ནའང་། རྒྱ་ནག་གིས་རེ་སྐུལ་དེར་དང་ལེན་བྱས་མེད་ཚུལ་སོགས་ཀྱང་བཀོད་འདུག གཞན་ཡང་༸པཎ་ཆབ་སྲིད་ཚོགས་པས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གིས་བཙན་ཁྲིད་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་རྩ་བའི་རང་དབང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པ་དང། དེའང་བཙན་དབང་གི་ཐོག་ནས་གར་སོང་ཆ་མེད་གྱུར་བ་རྣམས་སྲུང་སྐྱོབ་བྱས་པའི་རྒྱལ་ཚོགས་ཀྱི་གྲོས་མཐུན་དང་ཡོངས་སུ་འགལ་ཡོད་པར་བརྗོད་འདུགཡང་དེའི་བར་ན་ཁ་སྔོན་ཚེས་ ༡༣ ནས་འགོ་བཙུགས་ཀྱིས་ཚེས་ ༢༢ བར་ཚོགས་པའི་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང་འབྲེལ་བའི་ཚོགས་ཐུན་ ༡༡༨ ཐོག་ཇི་ནི་ཝ་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ནས་༸པཎ་ཆེན་རིན་པོ་ཆེ་རྒྱ་ནག་གི་འཛིན་བཟུང་བྱས་པ་ནས་བཟུང་ད་བར་མི་ལོ་ཧྲིལ་པོ་ ༢༤ འཁོར་ཡོད་སྟབས་རིན་པོ་ཆེ་དང་ཁོང་གི་ནང་མི་རྣམས་ཀྱི་གནས་བབ་གང་འདྲ་ཞིག་ཆགས་ཡོད་མེད་མཁྱེན་རྟོགས་ཡོད་མཁན་སུ་གང་ཡང་མེད་པར་ངོ་སྤྲོད་གནང་བ་དང་སྦྲགས། དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་དཀོན་མཆོག་སྒྲོལ་མ་ལགས་ཀྱིས་ཀྱང་ཡིག་ངག་གཉིས་ཐོག་ནས་རིན་པོ་ཆེ་ད་བར་གར་སོང་ཆ་མེད་དུ་གྱུར་བ་དེ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བ་སྲུང་སྐྱོབ་ཀྱི་སྒྲིག་གཞི་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་གཞི་རྩའི་སྒེར་གྱི་རང་དབང་རྡོག་རོལ་གཏོང་གི་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་གིས་རིན་པོ་ཆེའི་གནས་བབ་མཁྱེན་རྟོགས་སླད་བོད་མི་ཡོངས་ལ་ཐོབ་ཐང་ཡོད་པ་ཞིག་དང་། རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེ་གནད་དོན་གཞན་དང་མི་འདྲ་བ་ཞིག་ཡིན་པ་མ་ཟད། སྒོས་དེ་སྔ་༸པཎ་ཆེན་སྐུ་ཕྲེང་ ༡༠ པས་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྐོར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་མའོ་ཙེ་ཏུང་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་འབུལ་བ་ལུང་འདྲེན་དང་འབྲེལ་ནས་ལོ་རྒྱུས་ཀྱི་ཆ་ནས་༸པཎ་ཆེན་རིན་པོ་ཆེ་གནད་ཆེ་ཞིག་ཡིན་སྟབས། རྒྱལ་ཚོགས་ཀྱི་ངོས་ནས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་གནད་དོན་གཞན་བཞིན་དེབ་འགོད་ཁོ་ན་ནང་འཁོད་པ་ལྟ་བུ་མི་ཡོང་བར་ཞུ་སྐུལ་གནང་འདུག  རྒྱ་གཞུང་ལ་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་༸སྐུ་འཁོར་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་དགོས་པ་དང་། བོད་ནང་རྒྱལ་ཚོགས་དང་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་གཉེར་མཁན་གྱི་སྐུ་ཚབ་སྐྱོད་ཆོག་པ།  དེ་བཞིན་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་རྒྱུ་བཅས་ཀྱི་དགོས་འདུན་བཏོན་འདུག

༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་བར་སྨོན་ལམ་བརྒྱབ་རྐྱེན་སེར་ཤུལ་ནས་བོད་མི་གསུམ་འཛིན་བཟུང་བཀག་ཉར།

ཁ་སང་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཞོགས་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་། སེར་ཤུལ་ཡུལ་ཚོའི་ས་གནས་བོད་རིགས་མང་ཚོགས་ཀྱིས་སེར་ཤུལ་དགོན་པའི་རྒྱབ་རིར་བསང་གསོལ་དང་རླུང་རྟ་དར་འཛུགས་སོགས་གནང་སྟེ་ཡུལ་ལྷ་གཞི་བདག་གསོལ་བའི་ཆོས་ཕྱོགས་ཀྱི་གནང་སྒོ་སྤེལ་ཡོད་ཅིང་། སྐབས་དེར་རང་ལོ་ ༢༠ ཡིན་པའི་བོད་མི་དབང་ཆེན་ལགས་ཀྱིས་༸ཀུན་ཟིགས་༸པཎ་ཆེ་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་བར་ཤོག ༸ རྒྱལ་བ་༸པཎ་ཆེ་རྣམ་གཉིས་བོད་དུ་ལྷན་འཛོམས་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་འདུགབསང་གསོལ་གནང་རྗེས་ཕྱིར་ལོག་འགྲོ་སྐབས་ལམ་བར་དུ་བོད་ནང་གི་སྔ་དྲོའི་ཚོུད་ ༡༠༌༣༠ ཙམ་ལ་ས་གནས་རྒྱ་ནག་ཉེན་རྟོག་པས་ཁོང་དང་ཁོང་གི་རོགས་པ་བློ་བཟང་ལགས་དང་། ཡོན་ཏན་ལགས། ད་དུང་ལྐུག་པ་ཞིག་བཅས་མི་བཞི་འཛིན་བཟུང་བྱས་འདུག་པ་མ་ཟད། ཁོང་རྣམས་ཀྱི་ལག་ཐོགས་ཁ་པར་ཡང་བཙན་འཕྲོག་བྱས་ཏེ་ད་ལྟ་སེར་ཤུལ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་རེད་འདུགའཛིན་བཟུང་བྱས་པའི་བོད་མི་བཞི་པོ་དེ་དག་ལས་ལྐུག་པ་དེ་རྗེས་སུ་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་དང་རོགས་པ་གཉིས་བཅས་བོད་མི་གསུམ་ད་ལྟ་སེར་ཤུལ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་འདུག དེ་རིང་ཟླ་ ༤ ཚེས་ ༣༠ ཉིན་ཞོགས་པ་གསར་དུ་ཤེས་རྟོགས་བྱུང་བར་རྫོང་ཉེན་རྟོག་པས་ཉིན་གྲངས་ ༡༥ ནང་ཚུད་ཁོང་ཚོར་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བརྗོད་འདུག གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པར་གཞིགས་ན་སྤྱིར་བཏང་ཁ་སང་ས་གནས་ཡུལ་མི་ཚོས་བསང་གསོལ་གནང་བའི་བྱེད་སྒོ་དེ་ནི་ལོ་ཤས་གོང་ནས་བཟུང་ལོ་ལྟར་སེར་ཤུལ་གྲོང་གི་ས་གནས་མང་ཚོགས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་༸སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཅིག་ཙམ་གི་རིང་ཡུལ་ལུང་དེའི་ནང་ཁོར་ཡུག་གཙང་བཟོ་གནང་རྒྱུའི་ལས་འགུལ་ཞིག་སྤེལ་སྲོལ་ཡོད་པ་ལྟར། ད་ལོ་ཡང་བདུན་གཅིག་ཙམ་གི་རིང་ཁོར་ཡུག་གཙང་བཟོ་གནང་གྲུབ་པ་དང་ཆབས་ཅིག་རི་མགོར་བསང་གསོལ་གནང་སྐབས་དོན་རྐྱེན་དེ་བྱུང་ཡོད་པར་འགྲེལ་བརྗོད་གནང་ཡོད། སྤྱིར་གསོལ་བ་སྨོན་ལམ་བཏབ་རྐྱེན་འཛིན་བཟུང་བྱས་པའི་དབང་ཆེན་ལགས་ནི་སེར་ཤུལ་གྲོང་ཚོར་གཏན་སྡོད་གནང་མཁན་ཞིག་ཡིན་པ་དང་། ཁོང་རང་ཉིད་ལོ་ན་གསུམ་སོན་སྐབས་ཕ་འདས་གྲོངས་སུ་གྱུར་འདུག ཨ་མ་ནི་ལམ་བཟོ་བྱེད་མཁན་ཞིག་ཡིན་སྟབས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་རྐྱེན་སློབ་གྲྭར་གཏན་ནས་འགྲོ་ཐུབ་མེད་པ་རེད་འདུག ཁོང་ད་ལྟ་ལོ་ན་ ༢༠ ལ་སོན་འདུག ཁོང་ནི་མགོ་ལོག་དང་སྐྱེ་དགུ་མདོ་བཅས་ས་གནས་གང་སར་རྟ་རྒྱུག་འགྲན་བསྡུར་ཁག་ཏུ་ཞུགས་མཁན་གྱི་རྟ་རྩལ་པ་གྲགས་ཅན་ཞིག་ཡིན་པ་མ་ཟད་ཁོང་གི་རྟ་རྒྱུག་འགྲན་བསྡུར་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་རྟེན་ལ་རོགས་པ་བྱེད་ཀྱི་འདུག ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་རོགས་པ་གཉིས་པོ་ཁོང་དང་གྲོང་སྡེ་གཅིག་པ་ཡིན་པ་མ་ཟད་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་མཁན་གཅིག་པའང་རེད་འདུག མཆན། བོད་ནང་གི་གསར་འགྱུར་འདི་དང་འབྲེལ་བའི་འདྲ་པར་བསྐྱར་བཅོས་ཞུས་ཡོད་པས་དེ་དོན་དགོངས་འཇགས་འཚལ།

༸པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་འབོད་སྐུལ།

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་༸པཎ་ཆེན་༸སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་། རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༤ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། རྒྱ་གར་གྱི་ས་ཕྱོགས་ཁག་ལྔའི་ནང་གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་བ་ཚོས་དེ་རིང་འདི་ག་རྒྱལ་ས་ལྡི་ལིའི་ Samta Sthal ནས་ Jantar Mantar བར་ཀི་ལོ་མི་ཊར་ ༧ ལྷ་གོམ་བགྲོད་གནང་བ་དང་འབྲེལ་ཞི་བའི་སྐད་འབོད་གནང་ཐོག་ས་གནས་གྱི་རྒྱ་གར་མང་ཚོགས་རྣམས་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དྲིལ་བསྒྲགས་དང་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་གནང་དགོས་པའི་འབོད་སྐུལ་སོགས་ཞུས་ཡོད་པ་རེད།  ལས་འགུལ་དེའི་ཐོག་ལྡེ་ར་ལྡུན་ཁུལ་གྱི་ས་གནས་ཁག་དང་ལྡི་ལི་བཅས་ནས་ཁྱོན་ལས་འགུལ་བ་མི་གྲངས་ ༢༠༠ ལྷག་ནས་མཉམ་ཞུགས་གནང་འདུག་པ་དང་། ལས་འགུལ་བ་དེ་དག་གིས་ཀི་ལོ་མི་ཊར་ ༧ ལྷག་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་གནང་ཡོད་པ་མ་ཟད། རྒྱལ་ས་ལྡི་ལིའི་ Jantar Mantar  ཁུལ་དུ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་ལྟར་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibbat Sayog Manch ལ་སོགས་པའི་ཚོགས་པ་ཁག་གཅིག་གི་སྐུ་ཚབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་པའི་ལྡི་ལི་ས་གནས་འགོ་འཛིན། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་སོགས་ཆེད་ཕེབས་ཀྱིས་རྒྱ་ནག་ནས་ལོ་ངོ་ ༢༤ སྔོན་ནས་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ Bharat Tibbat Sayog Manch སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Pankaj Goyal མཆོག་གིས་ཆོས་ལ་དད་པ་དང་ཡིད་ཆེས་རྩ་བ་ནས་མེད་པའི་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མ་བཙན་ཁྲིད་དང་ཡང་སྤྲུལ་རྫུས་མ་བསྐོ་གཞག་བྱས་པ་མ་ཟད་ད་དུང་བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་ཁོང་ཚོར་ཡོད་སྐོར་བརྗོད་པ་དེར་རྒྱ་གར་གཞུང་མང་གཉིས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ལྷག་པར་ཁོང་ཚོའི་ཚོགས་པས་ད་ཆ་རྒྱ་གར་གྱི་ཁྱིམ་ཚང་རེ་རེའི་ནང་སྐྱོད་དེ་རྒྱ་ནག་གིས་རྒྱ་སྐྱེད་རིང་ལུགས་ཀྱི་གཡོ་སྒྱུའི་སྲིད་བྱུས་ཁག་ལ་དོགས་ཟོན་བྱེད་དགོས་པའི་ངོ་སྤྲོད་གསལ་བཤད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་སོགས་ངོ་སྤྲོད་གནང་སོང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ནས་ཧིཾ་དིའི་སྐད་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་ས་གནས་མི་མང་ཚོར་གསལ་བཤད་གནང་བ་མ་ཟད་བོད་ཀྱི་དཀའ་རྙོག་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་རིང་ལ་སེལ་ཐུབ་ཚེ་རྒྱ་ནག་རང་ཉིད་ལའང་ཁེ་ཕན་ཡོད་པ་དང་། བུད་མེད་ཚོར་སྤྱི་ཚོགས་ཆིག་སྒྲིལ་ཡོང་བར་ལས་འགན་ཆེན་པོ་ཡོད་སྐོར་སོགས་གསུང་བཤད་གནང་ཡོད།གཞི་རྩའི་དབུས་བོད་ཀྱི་བེུད་ལྷན་ཚོགས་ནས་ད་རེས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་བཞུགས་སྒར་དྷ་རྨམ་ས་ལ་ནས་ཅན་དྷི་གྷར་བར་དང་ལྡེ་ར་ལྡུན་ནས་ལྡི་ལ་བར། སྒང་ཏོག་ནས་ས་ལུ་གྷ་ར་བར། ནཱག་པུར་ནས་ཆ་ཏྲིས་གྷར་བར། དེ་བཞིན་མེ་སོར་ནས་སྦེང་ལོར་བར་བཅས་རྒྱ་གར་གྱི་ས་གནས་ཁག་ལྔའི་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།སྐབས་དེར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་སྐབས་དང་བསྟུན་ལྡེ་ར་ལྡུན་ནས་ལྡི་ལི་བར་གྱི་ལས་འགུལ་དེ་དངོས་སུ་དབུ་འཛུགས་གནང་རྒྱུའི་ཆོག་མཆན་རག་མེད་པར་བློ་ཕམ་གནང་བ་དང་སྦྲགས། ས་གནས་གཞན་ཁག་ཏུ་ཁོང་རྣམས་ནས་ས་གནས་ཀྱི་གྲོང་ཁྱེར་ཆེ་ཁག་སོ་སོའི་ནང་གསར་འགོད་གསལ་བསྒྲགས་དང་གོམ་བགྲོད་སོགས་གནང་ཐུབ་ཡོད་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཏུ་རྒྱ་གར་གཞུང་གི་དཔོན་རིགས་ཚོས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།

བོད་མི་ལས་འགུལ་བ་དང་རྒྱ་ནག་གཞུང་ཚབ་ལས་བྱེད་དབར་ཁ་རྩོད་ཤོར་བ།

ཁ་སང་ ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་སྐབས་སུ་སུད་སི་གྲོང་ཁྱེར་ཛུ་རིག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་བོད་མི་ལས་འགུལ་བ་དབར་ཁ་རྩོད་ཤོར་འདུག ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། སུད་སི་ས་གནས་བེུད་ཚོགས་པ་དང་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་མཉམ་འབྲེལ་གྱིས་གྲོང་ཁྱེར་ཛུ་རིག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ་འདུ་འཛོམས་ཀྱིས་བོད་མི་ལས་འགུལ་བ་རྣམས་ནས་ལག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུ་པར་དང་ལྷན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་པ་དང་། རིན་པོ་ཆེ་མཆོག་གང་དུ་ཡོད་མེད་རྩད་གཅོད་གནང་རོགས། བོད་མིར་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།ལྷག་པར་དུ་སྐབས་དེར་སྐད་འབོད་ཀྱི་ལས་འགུལ་གྲུབ་མཚམས་སུ་ལས་འགུལ་སྣེ་ཁྲིད་པ་ཁག་གཅིག་གིས་ས་གནས་བོད་མི་ཚོས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་འཚམ་འདྲི་ཞུས་པའི་འཕྲིན་ཡིག་དང་འཚམས་ཤོག་འཁྱེར་ནས་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་ཡིག་སྒམ་ནང་དུ་བླུག་པར་སྐྱོད་སྐབས་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཁག་གཅིག་གཞུང་ཚབ་ལས་ཁུངས་ནས་ཕྱིར་ཐོན་ཐོག་བོད་མི་དེ་དག་ལ་བཀག་འགོག་གིས་ཡིག་སྒམ་ནང་འཚམས་ཤོག་བླུག་མ་འཇུག་སྟབས་བོད་མི་ལས་འགུལ་བ་དང་གཞུང་ཚབ་འབྲེལ་ཡོད་ལས་བྱེད་དབར་ཁ་རྩོད་ཤོར་འདུག དེ་དང་ཕྱོགས་མཚུངས་སུ་ཁ་སང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུང་སྐར་བསྟུན། བྷེལ་འཇམ་ནང་ལ་ཆ་མཚོན་ན་བྷེལ་འཇམ་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་པས་གོ་སྒྲིག་ཞུས་པ་དང་ས་གནས་བོད་པའི་ཚོགས་སྐྱིད་ཁག་ནས་མཐུན་འགྱུར་གནང་ཐོག་དེ་རིང་སྔ་དྲོ་བྷེལ་འཇམ་གྲོང་ཁྱེར་ Antwerp ནས་ཡོ་རོབ་གྲོས་ཚོགས་གནས་ཡུལ་དང་བྷེལ་འཇམ་རྒྱལ་ས་ Brussels བར་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།ས་གནས་ཡུལ་མིའི་ཁྲོད་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་གོ་རྟོགས་སྤེལ་རྒྱུ་དང་རྒྱ་ནག་གཞུང་ནས་རིན་པོ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པ་དང་དེ་བཞིན་རྒྱ་གཞུང་ལ་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་མེད་པར་བརྡ་ལན་སྤྲད་རྒྱུ་བཅས་ཀྱི་ཆེད་དུ་རེད་འདུགདེ་བཞིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར་བོད་མི་ཚོར་རིན་པོ་ཆེ་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་མེད་ཀྱང་། རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ཡོད་པ་ལྟར་ཡོ་རོབ་རྒྱལ་ཁབ་གཞན་འཇར་མ་ནི། ཨོ་སི་ཊོ་རིཡ། སུད་སི། ལེག་ཏེན་སིཊཡན། ཕ་རན་སི། བྷེལ་འཇམ། ནོར་ཝེ། ཨི་ཊ་ལི། ནེ་ཐར་ལན་ཌི། ཅེཀ་སྤྱི་མཐུན་རྒྱལ་ཁབ། དབྱིན་ཡུལ། དེ་བཞིན་ཧྥི་ལན་ཌི་བཅས་ནང་གནས་སྡོད་བོད་མི་ཚོས་རྒྱལ་ཁབ་དེ་དག་གི་གལ་འགངས་ཆེ་བའི་ས་ཚིགས་སུ་འདུ་འཛོམས་ཀྱིས་རང་ལུགས་གཟབ་སྤྲོས་ལེགས་པར་སྤྲས་པ། ལག་ཏུ་དཀར་གཙང་གི་མཇལ་དར་དང་༸པན་ཆེན་རིན་པོ་ཆེའི་༸སྐུ་པར། དེ་བཞིན་བོད་ཀྱི་རྒྱལ་དར་བསྣམས་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་མ་ཟད་མང་ཚོགས་རྣམས་ལ་མངར་ཟས་བགོས་འགྲེམས་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་མི་ཚོས་དགའ་སྐྱོ་འདྲེས་མའི་ཚོར་ཟུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༠ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད། དེ་དང་ཕྱོགས་མཚུངས་ཁ་སང་ཨ་རི་དང་ཨོ་སི་ཊོ་ལི་ཡ་གཙོ་གྱུར་རྒྱལ་སྤྱིའི་ཁྲོད་དུ་ངོ་རྒོལ་དང་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞུ་འབོད། མང་ཚོགས་ལ་མངར་ཟས་བགོས་འགྲེམས་སོགས་རྣམ་པ་འདྲ་མིན་ཐོག་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། ལྷག་དོན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jim McGovern ལགས་དང་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་རྒྱ་གཞུང་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་དང་བོད་ནང་ཆོས་ལུགས་ཀྱི་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་མངོན་གསལ་གནང་བའི་བསྒྲགས་གཏམ་འདོན་སྤེལ་གནང་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།

༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་དང་༸སྐུ་ཕྲེང་ ༡༠ པ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་མོ་འདི་ནི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༠ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་མཆོག་གི་༸སྐུའི་འཁྲུངས་སྐར་དང་༸སྐུ་ཕྲེང་ ༡༠ པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་མཛད་སྒོ་གཟབ་རྒྱས་ངང་ཚོགས་པ་དང་འབྲེལ་རྒྱ་ནག་གཞུང་ནས་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་པ་མ་ཟད། བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་མ་རེད་ཅེས་ནན་པོ་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དབུ་འཛུགས་གནང་བའི་གཞུང་འབྲེལ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སེངྒ་མཆོག་དང་། དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ཉེ་འཁོར་སློབ་གྲྭ་ཁག་གི་སློབ་མ། ས་གནས་མི་མང་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸པཎ་ཆེན་༸སྐུ་ཕྲེང་ ༡༠ པ་མཆོག་གིས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་ནང་ལ་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་པའི་གནས་ཚུལ་རྣམས་ཁ་གསལ་བཀོད་ཡོད་པ་དང་། རིམ་པས་རྒྱ་ནག་གཞུང་ནས་ཁོང་བཙོན་འཇུག་བྱས་པ་སོགས་རིན་པོ་ཆེ་མཆོག་གི་མཛད་རྗེས་ཁག་དྲན་གསོ་དང་སྦྲགས། རྒྱ་གཞུང་གི་དམ་དྲག་དང་དྲག་པོའི་སྲིད་བྱུས་གང་སྤེལ་ལ་ལྟོས་མེད་བོད་ཆོལ་ཁ་གསུམ་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྡེ་ཁག་དང་བོད་ཀྱི་སྐད། རིག་གཞུང་། ལེགས་བྱང་དང་བཅས་པ་བསྐྱར་གསོ་གནང་ཐུབ་པ་དེ་ནི་གཙོ་བོ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཡིན་པ་གསུངས་ཡོད།སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་བཙན་ཁྲིད་བྱས་པའི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངེས་པར་དུ་གློད་བཀྲོལ་བཏང་ནས་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་མཛད་པ་ཁག་རང་དབང་ལྡན་པའི་ཐོག་ནས་བསྐྱང་འཇུག་དགོས་པའི་དགོས་འདུན་ཆེད་བཏོན་དང་འབྲེལ་ཏེ། རྒྱ་ནག་གཞུང་ལ་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེསབྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་མ་རེད་ཅེས་ནན་པོ་གསུངས་ཡོད།དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་༸པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་གིས་བོད་རྒྱལ་ཁབ་དང་མི་རིགས་ཐོག་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ཁག་དྲན་གསོ་དང་འབྲེལ་ནས་༸པཎ་ཆེན་༸སྐུ་གོང་མའི་ཡང་སྲིད་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙན་འོག་ནས་བཙོན་གྲོལ་ཡོང་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག དེ་བཞིན་གང་ཟག་སྒེར་སོགས་ནས་ཐུགས་ཁུར་བཞེས་ཐོག་ལས་འགུལ་མུ་མཐུད་སྤེལ་དགོས་པའི་སྐུལ་མ་གནང་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སེངྒ་མཆོག་གིས་རྒྱ་ནག་དེ་རྒྱལ་སྤྱིའི་ཐོག་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཆགས་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་དང་མང་ཚོགས་ཀྱི་ཆེ་མཐོང་དང་གུས་བརྩི་ཐོབ་པར་ད་བར་གསང་བའི་བཙན་ཁྲིད་བྱེད་བཞིན་པའི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་རང་ཡུལ་དུ་ཕྱིར་ཕེབས་ཐུབ་པ་བཟོ་དགོས་ཞེས་གསུངས་ཡོད།དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་༸པཎ་ཆེན་སྐུ་འཕྲེང་གོང་མའི་མཛད་རྗེས་རྣམས་དྲན་གསོ་དང་སྦྲགས། ད་ལྟ་རྒྱ་གཞུང་གི་བཙན་ཁྲིད་འོག་ཡོད་པའི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གང་ཟག་སྒེར་ཞིག་ནས་གློ་བུར་དུ་ངོས་གནང་བ་ཞིག་མ་ཡིན་པར་བོད་ཀྱི་ཆོས་དང་རིག་གཞུང་། ལྷར་པར་དུ་བོད་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་སྲོལ་རྒྱུན་དང་མཐུན་པའི་ཐོག་ནས་གནང་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་རྒྱ་གཞུང་གི་ངོས་འཛིན་ཞུས་པའི་པཎ་ཆེན་དེ་ཁྲིམས་དང་མཐུན་པ་ཞིག་མིན་པར་གསུངས་ཡོད། རིན་པོ་ཆེ་མཆོག་གིས་ད་དུང་རྒྱ་ནག་གཞུང་གིས་དུས་ནས་དུས་སུ་༸གོང་ས་མཆོག་ཁ་བྲལ་བའི་ཕྱག་ལས་གནང་གི་ཡོད་སྐོར་ཉེས་འཛུགས་བྱེད་བཞིན་ཡོད་ཀྱང་། དོན་ངོ་མའི་ཐོག་ལ་ཁ་བྲལ་བའི་ལས་ཀ་དེ་རྒྱ་ནག་གཞུང་རང་གིས་བྱེད་བཞིན་ཡོད་པར་ནན་པོ་གསུངས་ཡོད།དེ་བཞིན་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག་གིས་རྒྱ་ནག་གཞུང་ནས་ད་བར་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་ཐོག་ཁུངས་ལུང་ལྡན་པའི་ལན་འདེབས་གསལ་བཤད་གང་ཡང་བྱེད་མྱོང་མེད་པ་དང་། ཆུང་སྲིད་རིན་པོ་ཆེའི་གནད་དོན་དེ་བོད་ཀྱི་བླ་ཆེན་གཅིག་གི་གནད་དོན་ཙམ་མིན་པར་རྒྱ་ནག་གཞུང་ནས་བོད་ཀྱི་ནང་ཆོས་དད་རང་དབང་།  འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་ཚད་ལས་འགལ་བའི་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཁུངས་སྐྱེལ་ར་འཕྲོད་གསལ་པོ་བྱེད་ཀྱི་ཡོད་པ་གསུངས་སོང་།  གཞི་རྩའི་དེ་རིང་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུང་སྐར་ཉིན་མོ་ཞིག་ཡིན་པ་དང་། ༸པཎ་ཆེན་སྐུ་ཐོག་གོང་མའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཐོག་ཆུང་སྲིད་རིན་པོ་ཆེ་༸སྐུ་ཁམས་བདེ་ཞིང་རྒྱ་གཞུང་གི་བཙན་འོག་ནས་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་གྱི་འཚམས་འདྲི་དང་སྦྲགས། མང་ཚོགས་རྣམས་ལ་མངར་ཟས་བགོས་འགྲེམས་དང་ཆུང་སྲིད་རིན་པོ་ཆེ་མཆོག་དང་འབྲེལ་བའི་བརྙན་ཐུང་གཟིགས་འབུལ་ཞུས་པ་མ་ཟད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་བཅིུག་པ་མཆོག་རྣམ་གཉིས་ཀྱི་༸སྐུ་པར་འགྲེམས་སྟོན་གནང་ཡོད།

བཞུགས་སྒར་ནས་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས།

དེ་རིང་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་།བོད་ཀྱི་བེུད་ལྷན་ཚོགས་དབུས་ས་གཉིས་ཀྱིས་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཚོུད་ ༨༌༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཆགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ་མཛད་སྒོ་ཞིག་ཚོགས་པའི་ཐོག་ནས་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Ram Swaroop ལགས་རྣམ་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་འགོ་འཛིན། དེ་བཞིན་སེར་སྐྱ་མང་ཚོགས་སོགས་འདུ་འཛོམས་ཐོག་མངར་ཟས་བགོས་འགྲེམས་གནང་སྟེ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།སྐབས་དེར་སྐུ་མགྲོན་རྣམ་གཉིས་ཀྱིས་བོད་ཀྱི་བེུད་ལྷན་ཚོགས་ནས་ད་བར་ལྷག་བསམ་གཡོ་བ་མེད་པར་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སླད་དུ་ལས་འགུལ་གྱི་རྣམ་པ་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་པར་བསྔགས་བརྗོད་གནང་བ་དང་སྦྲགས་ཏེ་དེ་དག་ཆུད་ཟོས་སུ་མི་འགྲོ་བར་ཡིད་ཆེས་དང་ལྷག་དོན་ལས་འགུལ་གང་ཞིག་སྤེལ་བ་དེ་རྒྱུན་སྐྱོང་གནང་ཐུབ་ཚེ་གྲུབ་འབྲས་ངེས་ཅན་ཞིག་སོན་ཐུབ་ངེས་ཡིན་པ་གསུངས་ཡོད།གསར་འགོད་པས་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་སུ་འབོད་སྐུལ་གང་ཡོད་ཐོག་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་སྟོན་གནང་རྒྱུ་དང་འདི་བཞིན་རྒྱ་གར་གཞུང་ནས་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཕྱིར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་དགོས་འདུན་གཉིས་ཆེད་བཏོན་གནང་སོང་།ཐེངས་འདིའི་གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་བཞུགས་སྒར་དྷ་རྨམ་ས་ལ་ནས་ཅན་དྷི་གྷར་བར་དང་ལྡེ་ར་ལྡུན་ནས་ལྡི་ལ་བར། སྒང་ཏོག་ནས་ས་ལུ་གྷ་ར་བར། ནཱག་པུར་ནས་ཆ་ཏྲིས་གྷར་བར། དེ་བཞིན་མེ་སོར་ནས་སྦེང་ལོར་བར་བཅས་རྒྱ་གར་གྱི་ས་གནས་ཁག་ལྔའི་ནང་སྤེལ་རྒྱུ་ཡིན་པ་ལྟར། འདི་ག་བཞུགས་སྒར་ནས་དབུ་འཛུགས་གནང་བའི་གོམ་བགྲོད་འདིའི་ནང་ཁྱོན་བོད་མི་ ༩༡ གིས་མཉམ་ཞུགས་གནང་ཡོད་པ་རེད། ལས་འགུལ་བ་དེ་དག་ལས་ལོ་ན་ཆེ་ཤོས་ ༨༣ དང་ལོ་ན་ཆུང་ཤོས་ ༤ དང་ཕྱེད་ཀ་ཆགས་ཀྱི་འདུག དེ་བཞིན་དེ་རིང་གི་ཉིན་མོ་སྲུང་བརྩི་དང་བསྟུན་ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་ནས་དབུ་འཛུགས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་ལྟར། དེ་རིང་རྒྱལ་ས་ལྡི་ལིར་ལས་འགུལ་དེ་མཇུག་སྒྲིལ་གནང་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་། ༸སྐུ་ཕྲེང་བཅུ་པ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་འདུག རྒྱ་གར་གྱི་ས་གནས་འདྲ་མིན་ཁག་ཏུ་ཞི་བའི་གོམ་བགྲོད་དང་གོ་རྟོགས་ཀྱི་ལས་འགུལ་བཅས་རྣམ་པ་འདྲ་མིན་ཐོག་ནས་དེ་རིང་གི་དུས་ཚིགས་སྲུང་བརྩི་ཞུས་ཡོད་པ་རེད། དེའི་བར་ན་ཡོ་རོབ་རྒྱལ་ཁབ་སུད་སི་དང་བྷེལ་འངམ་ནང་དུ་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་དང་དེ་བཞིན་རྐང་འཁོར་སྐོར་སྐྱོད་བཅས་གནང་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

Latest news